ཁྲིམས་ཁང་བསོད་ནམས་རྒྱ་མཚོ་

ཡོང་ཁུངས་Wikipedia

ཁྲིམས་ཁང་བསོད་ནམས་རྒྱ་མཚོ་ ཁོང་ནི་རབ་བྱུང་བདུན་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1424 ལོར་ཡར་ཀླུང་བཙན་ཐང་གི་ཁྱམས་ཁང་གསར་དུ་ཡབ་བསོད་ནམས་འོད་ཟེར་དང་། ཡུམ་དཔལ་ལྡན་འཛོམས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་ནི་རོག་ཡིན། རབ་བྱུང་བརྒྱད་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ 1482 ལོར་སྐུ་གཤེགས། ཁོང་ཆུང་དུས་ཀྱི་མིང་ལ་དཔལ་འབྱོར་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཞི་ལྔ་ལ་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། དགུང་ལོ་བདུན་པར་རོང་སྟོན་སྨྲ་བའི་སེང་གེས་མཁན་པོ་དང་། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་སློབ་དཔོན། བཀའ་བཞི་པ་ཤེས་རབ་དཔལ་ལྡན་གྱིས་དུས་བསྒོ་མཛད་ནས་རབ་ཏུ་བྱུང་ཞིང་མཚན་ལ་ཤཱཀྱ་རིན་ཆེན་ཞེས་གསོལ། སློབ་དཔོན་ངག་དབང་ལས་རྣམ་འགྲེལ་དང་ཕར་ཕྱིན་གསན། དགུང་ལོ་བཅུ་གསུམ་པར་རྩེས་ཐང་གི་ཆོས་གྲྭར་ཕར་ཕྱིན་དང་ཚད་མའི་བཤད་པ་གསར་བའི་དགའ་སྟོན་སྤེལ་བས་འདུས་པ་ཐམས་ཅད་ངོ་མཚར་གྱི་གནས་ལ་བཀོད། ཚུལ་དེས་ཝང་གྲགས་པ་འབྱུང་གནས་ཀྱི་ཐུགས་འཕྲོག་སྟེ་སློབ་གཉེར་གྱི་མཐུན་རྐྱེན་སྦྱར། དགུང་ལོ་ཉེར་གཅིག་པར་རྩེས་ཐང་གི་ཚོགས་སུ་བྱམས་ཆོས་སྡེ་ལྔ་དང་། དབུ་མ་རིགས་ཚོགས། རིན་ཆེན་ཕྲེང་བ། བཤེས་སྤྲིང་། སྤྱོད་འཇུག དབུ་མ་རྩ་འཇུག མངོན་པ་གོང་འོག ཕུང་པོ་ལྔའི་རབ་བྱེད། ཚད་མ་སྡེ་བདུན་རྣམས་གསུངས་པས་མཁས་པ་ཐམས་ཅད་མགུ་བར་བསྐྱེད། ཁོང་གི་ཡབ་ཆེན་ལས་དཔལ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་གྱི་དབང་ཞུས་ཏེ་གསང་མཚན་ལ་མི་བསྐྱོད་རྡོ་རྗེ་ཞེས་གསོལ། རྔོག་བྱང་ཆུབ་དཔལ་བ་ལས་རྔོག་དཀྱིལ་བདུན་སོགས་དང་། དམར་སྟོན་རྒྱལ་མཚན་འོད་ཟེར་ལས་གསང་སྔགས། སྣར་ཐང་མཁན་ཆེན་བསོད་ནམས་མཆོག་གྲུབ་ལས་ས་སྡེ་ལྔའི་ལུང་། མཁན་ཆེན་རྒྱལ་བ་ལས་རྡོ་རྗེ་ཕྲེང་བ་བཅས་གསན། དེ་ནས་མཚུར་ཕུར་ཕེབས་ཏེ་འཇམ་དབྱངས་དོན་གྲུབ་འོད་ཟེར་ལས་ཀརྨ་བཀའ་བརྒྱུད་ཀྱི་ཆོས་དང་། འགོས་ལོ་གཞོན་ནུ་དཔལ་ལས་ཕར་ཕྱིན་དང་བཀའ་གདམས་གཞུང་དྲུག སྒྲ་ས་རིས། དུས་འཁོར་བཅས་གསན། དགུང་ལོ་ཉེར་གཉིས་པ་མཁན་ཆེན་དོན་གྲུབ་དཔལ་བས་མཁན་པོ་དང་། ལས་ཀྱི་སློབ་དཔོན་འགོས་ལོ་གཞོན་ནུ་དཔལ། གསང་སྟོན་ཆེན་པོ་དཔལ་འབྱོར་བས་མཛད་ཅིང་དགེ་འདུན་ཉི་ཤུའི་ཚོགས་ཀྱི་དབུས་སུ་བསྙེན་པར་རྫོགས། དེ་ནས་རྩེས་ཐང་དང་། བསམ་གཏན་གླིང་། ཕོ་བྲང་འུམ་བུ་བླ་མཁར། རྒྱལ་བཟང་། བསམ་ཡས་མཆིམས་ཕུ། ཁྲིམས་ཁང་གླིང་། བྲག་ལྷ་ཀླུ་ཕུག་སོགས་ལ་ཕེབས་ནས་སྐུ་མཚམས་བཞུགས་ཤིང་སྒྲུབ་པར་མཛད། རྟོགས་པའི་ཡོན་ཏན་བརྙེས་ཤིང་ཡི་དམ་ཆེན་པོའི་ཞལ་གཟིགས། རྩེས་ཐང་གི་གཙུག་ལག་ཁང་དུ་རི་མོ་ཤིང་རྩི་དང་བསམ་ཡས་ཁྲིམས་ཁང་གླིང་གི་ཞིག་གསོས་བཅས་མཛད། བླ་མ་རྣམས་ལ་དུས་ལྟར་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ནས་དགུང་ལོ་ལྔ་བཅུ་རྩ་དགུ་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་གིས་སློབ་མ་གྲངས་ཀྱིས་མི་ལངས་པ་བསྐྱངས་ཤིང་གསུང་རྩོམ་ཡང་པོ་ཏི་བཅུ་གཉིས་བཞུགས་སོ། བསྒྱུར་རྩོམ་ནི་བསྟན་འགྱུར་ལས《སངས་རྒྱས་ཀྱི་བསྟོད་པ་བཅུ་བ》དང་། 《སྙིང་པོ་རྡོ་རྗེའི་ཚིག》། 《འཕགས་མ་སྒྲོལ་མ་དྲག་མོའི་སྒྲུབ་ཐབས》། 《ལྷ་མོ་རེ་མ་ཏི་དམག་ཟོར་གྱི་མན་ངག》། 《དཔལ་ལྡན་ལྷ་མོ་དུད་སོལ་མའི་རྗེས་གནང་བའི་ཆོ་ག》བཅས་ཆོས་ཚན་ཉེར་བཞི་བཞུགས་སོ།།