Jump to content

ཁྲི་སྲོང་ལྡེ་བཙན་གྱི་སྲས་གསུམ་

ཡོང་ཁུངས་Wikipedia

ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་བསྐོས། མུ་ནེ་བཙན་པོ་ནི་འབངས་ལ་ཤིན་ཏུ་བྱམས་ཤིང་དྲང་བདེན་གྱི་བློ་མིག་ལྡན་པའི་རྒྱལ་བོ་ཞིག་ཡིན་སྟབས། ཡབ་མེས་ཀྱི་མཛད་པ་བཞིན་ནང་བསྟན་རིན་པོ་ཆེ་ལ་གུས་པར་མཛད་ཅིང་། བསམ་ཡས་དང་ལྷ་ས་ཁྲ་འབྲུག་(འདི་ནི་ལྷ་སའི་གཙུག་ལག་ཁང་མ་བཞེང་གོང་དུ་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བཅུ་བདུན་བཞེངས་པ་དེའི་ནང་གི་སྔ་ཤོས་དེ་ཡིན་འདུག དེང་སང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཁོངས་རྩེད་ཐང་གྲོང་ཚོའི་ཤར་ལྷོའི་མཚམས་སུ་ཡོད། )བཅས་སུ་སྡེ་སྣོད་ཆེན་པོ་གསུམ་གྱི་མཆོད་པ་ཆེན་པོ་བཞི་བཙུགས། འབངས་ཀྱི་དབུལ་ཕྱུག་ལན་གསུམ་སྙོམས་ཀྱང་སྔོན་ལས་ཀྱི་དབང་གིས་སྔར་བཞིན་གྱུར། བྱང་ཕྱོགས་སུ་དཔུང་ཆེན་བཤམས་པ་སོགས་མཛད་པ་ཧ་ཅང་རྒྱ་ཆེ། ཁོང་གིས་ཡབ་ཀྱི་བཙུན་མོ་ཆུང་བ་ཕོ་ཡོང་བཟའ་ལ་བྱམས་སྐྱོང་ཆེན་པོ་གནང་བར་ཡུམ་ཁྲོས་ཏེ་སྲས་ལ་དུག་ཟས་དྲངས་ནས་སྐུ་བཀྲོངས་པར་བཤད། བང་སོ་མེས་ཨག་ཚོམ་གྱི་བང་སོའི་གཡོན་ངོས་ཀྱི་མདུན་ན་ཡོད་དོ།།

༈ སྲས་འབྲིང་བོ་མུ་ཏིག་བཙན་པོ་ནི་རྒྱལ་བོ་དང་བློན་བཀའ་བགྲོས་གནང་སར་ཐོན་པས་བློན་པོ་ཞང་སྣ་ནམ་གྱི་བུ་དབུ་རིང་གིས་བཀག་པར། མུ་ཏིག་བཙན་པོས་ཆུ་གྲི་བསྣུན་ཏེ་ཞང་སྣ་ནམ་གྱི་བུ་དབུ་རིང་བསད། དེའི་ཉེས་པའམ་དེ་ལ་རྐྱེན་བྱས་ནས་བློན་པོ་མགོས་ཀྱིས་ཞལ་ལྕེ་དགའ་གསུམ་དང་སྡུག་གསུམ་སྤྱད་དེ་སྲས་མུ་ཏིག་བཙན་པོ་ལྷོ་བྲག་གམ་མོན་ཡུལ་ལ་ལོ་དགུ་ས་མཐར་སྤྱུགས། སྤྱིར་མུ་ནེ་བཙན་པོ་བཀྲོངས་རྗེས་མུ་ཏིག་བཙན་པོ་ཕྱིར་གདན་དྲངས་ནས་རྒྱལ་སར་འདོན་རྒྱུ་བྱས་མོད། བློན་པོ་ཞང་སྣ་ནམ་པས་སྔར་གྱི་ཤ་འཁོན་སེམས་སུ་བཟུང་ནས་ལམ་བར་དུ་ཆིབས་པའམ་རྟ་དཀྲོགས་ནས་བཀྲོངས་སོ།། ༈ དེ་ནས་སྲས་ཆུང་བ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་རྒྱལ་སར་གཏོན། བློན་པོ་བྲན་ཁ་དཔལ་ཡོན་དང་ཉང་ཏིང་འཛིན་བཟང་པོ། ཞང་མདོ་ཁྲི་ཤེར། ངན་ལམ་ཁྲི་རྒྱལ་བཞིས་ནང་བློན་གཙོ་བོ་བྱས་ཏེ་རྒྱལ་སྲིད་བསྐྱངས། བྲན་ཁ་དཔལ་ཡོན་དང་ཉང་ཏིང་འཛིན་བཟང་པོ་གཉིས་རྟེན་རབ་བྱུང་ཡིན་མོད་ཉམས་མྱོང་ཆེ་བས་བློན་དུ་བསྐོས་པ་རེད་ཅེས་གྲགས། སད་ན་ལེགས་ཀྱིས་རྒྱས་ཁམས་ལ་དབང་བསྒྱུར་ཏེ་དགེ་བཅུའི་ཁྲིམས་བཞིན་བསྐྱངས་ཤིང་། པཎྜི་ཏ་དུ་མ་སྤྱན་དྲངས། ལོ་པཎ་དེ་དག་གིས་སྔོན་མ་འགྱུར་བའི་མདོ་དང་བསྟན་བཅོས་མང་པོ་བསྒྱུར། སྐྱིད་ཤོད་དུ་དཀར་ཆུང་རྡོ་རྗེ་དབྱངས་ཀྱི་ལྷ་ཁང་བཞེངས། (འདི་དེང་སྐབས་སངས་རྒྱས་དགོན་ཟེར་བ་དེ་ཡིན་འདུག) བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ཞིག་ཅིང་དཀོན་མཆོག་གསུམ་བླ་མར་བྱ་བའི་ཁྲིམས་བསྒྲགས་ཤིང་། མནའ་བོར། བཀའ་བཙིགས་ཀྱི་ཡི་གེ་མང་པོ་བྲིས་ཏེ་མཛོད་དུ་བཞག རྒྱལ་བོ་འདིའི་རིང་ལ་དཀར་ཆག་འཕང་ཐང་མ་དང་། དཀར་ཆག་ལྡན་དཀར་མ་གཉིས་བཞེངས་པར་གྲགས། དེ་མིན་རྒྱ་ནག་དང་དམག་འདྲེན་རེས་བྱས་པ་དང་། ནུབ་ཕྱོགས་སུ་འབྲེལ་བ་རྒྱ་ཆེན་བྱས། རྒྱལ་བོ་འདི་མེ་བྱ་༨༧༧ལོར་འདས་སོ། ། འགའ་ཞིག་གིས་མུ་ཏིག་བཙན་པོ་དང་སད་ན་ལེགས་གཉིས་གཅིག་ཡིན་མིན་དང་། སད་ན་ལེགས་ལ་སྲས་ལྡིང་ཁྲི་ཟེར་བ་ཞིག་འཁྲུངས་ཤིང་དེ་ལ་སྲས་ལྔ་ཡོད་མེད་སོགས་ཀྱི་གཏམ་རེ་གཉིས་འདུག་མོད། བདེན་པར་མ་མཐོང་བས་རེ་ཞིག་བསྐྱུར་བར་བྱའོ།།