ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་

ཡོང་ཁུངས་Wikipedia

ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་ ཁོང་ནི་བོད་ལུགས་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 698 ལོར་ཕོ་བྲང་ཚལ་དུ་ཡབ་རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་དང་། ཡུམ་མཆིམས་བཟའ་བཙན་མོ་རྟོག་གེ་གཉིས་ཀྱི་སྲས་སུ་འཁྲུངས། བོད་ལུགས་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ 755 ལོར་འབལ་ལྡོང་ཙབ་སོགས་ཀྱིས་བཀྲོངས། ཁོང་དགུང་ལོ་ཆུང་ངུའི་དུས་སུ་ཨ་ཡེས་འབྲོ་བཟའ་ཁྲི་མ་ལོད་ཀྱིས་རྒྱལ་སྲིད་རོགས་སྐྱོར་མཛད་ནས་བསྐྱངས་པར་གྲགས། དེ་ནས་ནར་སོན་ཏེ་ཆབ་སྲིད་བཟུང་ཞིང་ཡུལ་ཁམས་བདེ་བར་མཛད་དམ་པའི་ལྷ་ཆོས་སྤེལ་ནས་བྲག་དམར་མགྲིན་བཟང་ལ་སོགས་པའི་ལྷ་ཁང་ལྔ་བཞེངས། ལྡེག་རེན་པ་མནོན་སྣང་གྲགས་དང་། ཁེ་རྒད་མདོ་སྣང་ལ་སོགས་པས་དུས་ཟིང་བསླངས་བ་རྣམས་མྱུར་དུ་ཚར་བཅད་ནས་ཞི་བདེར་བཀོད། ཁུ་མང་པོ་རྗེ་ལྷ་ཟུང་དང་། དབས་ཁྲི་གཟིགས་ཞང་ཉེན་སོགས་ཀྱིས་བློན་པོ་མཛད། འཇང་མོ་ཁྲི་བཙུན་དང་། སྣ་ནམ་བཟའ་མང་མོ་རྗེ་བཞི་སྟེང་། གྱིམ་ཤིང་ཀོང་ཇོ་བཅས་ཁབ་ཏུ་བཞེས་ཏེ་རིགས་སྲས་འཇང་ཚ་ལྷ་དབོན་དང་ཁྲི་སྲོང་ལྡེའུ་བཙན་སྤུན་མཆེད་རྣམས་སྐུ་འཁྲུངས། ཐང་བོད་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་ཁྲི་ལིན་ཞེས་པའི་ས་ཆར་རྡོ་རིང་བཙུགས་ནས་བཀའ་གཙིགས་ཀྱི་མདོ་ཡི་གེར་བཀོད་དོ། དགུང་ལོ་ལྔ་བཅུ་ང་གཉིས་པར་བློན་པོ་འབལ་ལྡོང་ཙབ་སོགས་ཀྱིས་བཀྲོངས་སོ། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་ “དེ་ཡི་བང་སོ་མུ་ར་རི་ལ་བརྩིགས། གྲལ་ནི་འཕྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། མིང་ནི་ལྷ་རི་གཙུག་ནམ་བྱ་བ་ལགས” ཞེས་འཁོད་འདུག ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་དང་ནང་དོན་གནད་བསྡུས་རྣམས་ཏུན་ཧོང་ནས་ཐོན་པའི་གཏེར་ཡིག་གཞིར་བཟུང་ནས་བཀོད་པ་ཡིན་ནོ།།