Jump to content

ཁྲི་རྒྱལ་འབུམ་ལྡེ་མགོན་

ཡོང་ཁུངས་Wikipedia

ཁྲི་རྒྱལ་འབུམ་ལྡེ་མགོན་ ཁོང་ནི་རབ་བྱུང་བཞི་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ 1253 ལོར་གུང་ཐང་དུ་ཡབ་བཙུན་པ་ལྡེ་དང་། ཡུམ་ཉི་མ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1280 ལོར་སྐུ་གཤེགས། ཁོང་དགུང་ལོ་དགུ་པར་ཞང་པོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལས་སྐབས་སུ་བབས་པའི་དབང་ལུང་མན་ངག་མང་དུ་ཞུས། དགུང་ལོ་བཅོ་བརྒྱད་པར་མེ་རྡོ་ཐང་དུ་རྒྱལ་པོའི་ཁབ་བཀྲ་ཤིས་ཁྱུང་རྫོང་དཀར་པོ་བཙུན་མོའི་སླས་ཁང་ལྕགས་རི་དང་བཅས་པ། བཀྲ་ཤིས་སྒོ་མང་གི་གཙུག་ལག་ཁང་སོགས་བཞེངས་པ་དང་། ལྷག་པར་དུ་བཙན་རྫོང་བཅུ་ཕྲག་ཁ་ཤས་བསྐྲུན་དེ《གུང་ཐང་བཙན་པོའི་གདུང་རབས》བྲིས་མ་ལས་ “གུ་གེ་པུ་རོང་ཁ་གནོན་དུ། དཀར་དུམ་གནམ་གྱི་ཁྱུང་རྫོང་བརྩིགས། ཕྱི་འབྲོག་མེན་ཞང་ཁ་གནོན་དུ། བྱ་རྩི་རྣམ་རྒྱལ་ཐར་པོ་དང་། མཚོ་དབར་ཉེ་བའི་གློ་སྟོད་དུ། ནི་རི་གཡའ་རྫོང་དཀར་པོ་བརྩིགས། གློ་བོ་མཚོ་བཞིའི་ཁ་གནོན་དུ། གཙང་རོང་བྱ་ཕོའི་ཟེ་བ་བརྩིགས། ཏ་མང་སེ་མོན་ཁ་གནོན་དུ། གློ་སྨད་མུ་ཁུན་སྲིན་རྫོང་བརྩིགས། དོལ་པོ་མོན་གྱི་ཁ་གནོན་དུ། དོལ་པོའི་ཡི་གེ་དྲུག་མ་བརྩིགས། ལ་སྟོད་བྱང་གི་ཁ་གནོན་དུ། ལ་རུའི་གད་རྫོང་དཀར་པོ་བརྩིགས། ལ་སྟོད་ལྷོ་ཡི་ཁ་གནོན་དུ། ཁུན་ཚོ་གད་རྫོང་དཀར་པོ་བརྩིགས། སྐྱིད་རོང་སྒོ་བཞི་གནས་འཇིམ་ཁར། རག་མར་གྱད་ནོན་ཐར་པོ་དང་། སྐྱིད་རོང་མཐིལ་དུ་སེང་གེ་རྫོང་། གླང་མཁར་གསལ་བའི་ཡང་རྩེ་བརྩིགས། རྒྱ་བལ་གཉིས་ཀྱི་ཁ་གནོན་དུ། བལ་པོ་རྫོང་གི་རྫོང་དམར་བརྩིགས། སྙི་ཤོང་རོང་གི་ཁ་གནོན་ལ། བོང་ཚེགས་གནམ་གྱི་ཀ་བ་བརྩིགས། ནུབ་རི་མཐའ་འཁོབ་ཁ་གནོན་དུ། དྲོད་ཀྱི་བྲག་རྫོང་ནག་པོ་བརྩིགས། ཕྱག་པ་ཡ་བཞིའི་བཙན་ས་རུ། ཆུ་དཀར་རྫོང་ཆུང་འཛུམ་ཤོར་བརྩིགས།” ཞེས་གསུངས། ཁོང་ནི་མང་ཡུལ་གུང་ཐང་གི་རྒྱལ་རབས་བྱུང་བའི་ཚུན་དུ་ཆབ་སྲིད་དང་མངའ་ཐང་གང་གི་ཐད་ནས་ཀྱང་འགྲན་ཟླ་བྲལ་བ་ཞིག་ཡིན། དགུང་ལོ་ཉེར་བརྒྱད་པར་ནང་འཁོར་མི་སྲུན་པ་ཞིག་གིས་གསོལ་ངན་ཕུལ་ནས་བཀྲོངས་སོ།