ཁྲི་བཀྲ་ཤིས་བརྩེགས་པ་དཔལ་
མཐོང་རིས་
ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མགོ་ཙམ་དུ་གཙང་གི་གྲོམ་པ་ལྷ་རྩེའི་བྲག་དམར་ཕོ་བྲང་དུ་ཡབ་མངའ་བདག་དཔལ་འཁོར་བཙན་དང་ཡུམ་མཆིམས་བཟའ་བཙུན་ནེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 992 ལོར་སྐུ་གཤེགས། ཁོང་གི་ཡབ་མངའ་བདག་དཔལ་འཁོར་བཙན་བཀྲོངས་རྗེས་མངའ་བདག་ཡུམ་བརྟན་ཕྱོགས་ཀྱིས་གཡོ་རུ་ལ་སོགས་པའི་མངའ་ཁོངས་རྣམས་འཕྲོགས་པས་ཁོང་ཉང་སྟོད་དུ་ཕེབས་ཏེ་རྒྱལ་མཁར་རྩེ་བཟུང་ནས་ཆབ་སྲིད་བསྐྱངས། བཙུན་མོ་ཅོག་རོ་བཟའ་མགོན་དཔལ་ཁབ་ཏུ་བཞེས་ཏེ་རིགས་སྲས་དཔལ་ལྡེ་དང་། འོད་ལྡེ། སྐྱིད་ལྡེ་བཅས་སྨད་ཀྱི་ལྡེ་གསུམ་དུ་གྲགས་པ་རིམ་བཞིན་སྐུ་འཁྲུངས། དགུང་གྲངས་བདུན་ཅུ་ལྷག་ཙམ་བཞུགས་པ་དང་། ཁོང་གི་འདས་ལོ་ནི་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་《བསྟན་རྩིས་གསལ་བའི་ཉིན་བྱེད་》ལྟར་བཀོད་པ་ཡིན་ནོ༎