ཁྲི་ཐོག་ཉེར་དྲུག་པ་ཆོས་རྗེ་དམ་ཆོས་དཔལ་འབར་

ཡོང་ཁུངས་Wikipedia

ཁྲི་ཐོག་ཉེར་དྲུག་པ་ཆོས་རྗེ་དམ་ཆོས་དཔལ་འབར་ནི། གཙང་སྟོད་གནས་ཀྱི་ཁང་དམར་ཤར་དུ། རབ་བྱུང་དགུ་པའི་ཆུ་ལུག་ ༡༥༢༣ ལོར་འཁྲུངས། གནས་ཀྱི་ཆོས་སྡེར་རབ་ཏུ་བྱུང༌། པཎ་ཆེན་གནས་པའི་དྲུང་དུ་འདུལ་བ་མདོ་རྩ་བ་དང༌། ལས་བརྒྱ་བ། སུམ་བརྒྱ་པ། མངོན་པ་གོང་འོག ལྷག་པར་ཕར་ཕྱིན་དང་དབུ་མ་རྩ་འཇུག་བཞི་གསུམ་རྗེ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱི་ལེགས་བཤད་བཀའ་འགྲེལ་རྣམས་ལ་སློབ་གཉེར་མཛད་པས་མཁས་པའི་སྙན་གྲགས་དབྱར་རྔ་ལྟར་འབར། དེ་ནས་དབུས་སུ་བྲག་དབར་གྱི་གདན་སར་གདན་དྲངས་པ་ལྟར་དེར་ཕེབས་ནས་མདོ་སྔགས་སྤྱི་དང་ལྷག་པར་རྗེ་ཙོང་ཁ་པ་ཆེན་པོའི་བཞེད་སྲོལ་གཙང་མ་རྩལ་དུ་བཏོན་ནས་འཆད་ཉན་མཛད་པས་འཕྲིན་ལས་རྒྱ་ཆེར་འཕེལ། དེ་ལ་བརྟེན་ནས་ཕྱོགས་ཀྱི་ཚོང་འགྲིམས་པ་དང་ཡུལ་གྱི་འབྱོར་ལྡན་མང་པོས་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྦྱོར་ནས་གདན་ས་དེར་རྒྱལ་བ་མ་ཕམ་པའི་སྐུ་ཐོགས་བརྩེགས་མ་དང༌། འཕགས་པ་གནས་བརྟན་བཅུ་དྲུག་གི་གོས་སྐུ། ཡི་དམ་མགོན་པོ། རང་བྱུང་རྒྱལ་མོའི་སྐུ་འདྲ། མགོན་ཁང་གསར་མ་བཅས་གསར་བཞེངས་དང༌། རིགས་གྲྭ་ལྔ་མཆོད་དང༌། བྱམས་སྨོན་གསར་འཛུགས་ཀྱང་གནང༌། གནས་དེར་འཕྲིན་ལས་ཤིན་ཏུ་རྒྱས་པ་བྱུང་བས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གདན་ས་རྭ་སྒྲེང་ནས་གདན་འདྲེན་པ་བྱུང་བས་བསྟན་པ་ཁོ་ནའི་དོན་དུ་གནས་མཆོག་ཁྱོད་པར་ཅན་དེར་ཕེབས་ཏེ་སྤྱི་བླ་མཛད། བཀའ་གདམས་ཕ་ཆོས་བུ་ཆོས་དང༌། གྲོ་ལུང་པའི་བསྟན་རིམ། རྗེའི་ལམ་རིམ་ཆེ་ཆུང་སོགས་ཀྱི་བཀའ་ཆོས་རྒྱ་ཆེར་གསུངས། འདིའི་སྐུ་བསོད་ལ་བརྟེན་ནས་ཕྱོགས་ཀྱི་འབྱོར་ལྡན་མང་པོས་མཐུན་རྐྱེན་འབད་མེད་དུ་འཇོ་བ་ལ་བརྟེན་ནས་ཞིག་གསོ་དང༌། གཉི་གཉིར་ཉི་ཤུ་རྩ་བཞི་བཞེངས། དགེན་འདུན་གྱི་འདུལ་ཁྲིམས་ལ་དག་ཐེར་ནན་པོར་མཛད། ཆོས་སྡེ་གཙང་དགོན་ལ་བསྒྱུར་བ་སོགས་བསྟན་པའི་བྱ་བ་ཆེན་པོ་མཛད། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་གདན་ཞུས་པ་ལྟར་བྱང་རྩེར་ཕེབས་ཏེ་སྔར་བཞིན་འགྲོ་དོན་རྒྱ་ཆེར་སྐྱོང༌། དགེ་ལྡན་པའི་གནས་བརྟན་བགྲོས་གྲས་ཡོངས་ཀྱི་ཆེ་མགོར་བཀུར་ཞིང་འཕྲིན་ལས་བཟང་པོས་ཕྱོགས་རྣམས་ཀུན་ཏུ་ཁྱབ་པ་དང༌། དགེ་ལྡན་སྟོན་པའི་ཆེ་མགོ་ཀུན་གྲོས་མཐུན་པར། དགུང་ལོ་རེ་བདུན་པ་རབ་བྱུང་བཅུ་པའི་ས་གླང་ ༡༥༨༩ ལོར་ལ་དགའ་ལྡན་གྱི་ཁྲིར་འཁོད། ལྷ་ས་སྨོན་ལམ་གྱི་གྲལ་དབུ་མཛད། བཤད་སྒྲུབ་ལས་གསུམ་གྱིས་རྒྱལ་བ་གཉིས་པའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་དེ། དགུང་ལོ་དོན་བཞི་པ་མེ་སྤྲེལ་ ༡༥༩༦ ལོ་ཟུར་དུ་བཞུགས། དོན་བདུན་པ་ས་ཕག་ ༡༥༩༩ ལོ་ཟླ་བ་དགུ་པའི་ཚེས་བཅུ་གཅིག་ལ་ཞི་བར་གཤེགས་པའི་དུས་མཆོད་ཀྱང་བཟང་བར་ཡོད་དོ། །