ཁྲི་ཆེན་བློ་བཟང་རྒྱལ་མཚན་
ཁྲི་ཆེན་བློ་བཟང་རྒྱལ་མཚན་ ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ1840ལོར་གཙང་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་མཛད་དེ་བསྡུས་གཞུང་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་ཅིང་ལྷ་རམས་པའི་མཚན་བཏགས་བཞེས། དེ་ནས་རྒྱུད་གྲྭར་ཞུགས་ཤིང་གསང་ཆེན་རྒྱུད་སྡེ་བཞི་ལ་སྦྱངས་པ་རྨད་དུ་བྱུང་བ་མཛད་དེ་སྔགས་རམས་པའི་མཚན་བཏགས་བཞེས། དགོན་པའི་ལས་སྣེ་ཐམས་ཅད་རིམ་གྱིས་གྲུབ་སྟེ་དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ 1900 ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བདུན་གྱི་རིང་དུ་ཆོས་ཀྱི་འཁོར་ལོ་བསྐོར། རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1904 ལོར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བཀའ་ཤག་སྲིད་གཞུང་གི་སྲིད་སྐྱོང་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་པས་ཁྲི་པ་དང་། སྲིད་སྐྱོང་། རྒྱལ་ཚབ་གསུམ་གྱི་གོ་གནས་གཅིག་ཅར་དུ་ཐུགས་འགན་བཞེས། ལོ་དེའི་ཧོར་ཟླ་དྲུག་པར་དབྱིན་ཇི་བཙན་འཛུལ་དམག་ལྷ་སར་འབྱོར་ཏེ་དམག་དཔོན་རུང་ཧའོ་ཧྥང་གིས་དབྱིན་བོད་ཆིངས་ཡིག་བཞག་རྒྱུའི་རེ་འདུན་བཏོན་པ་ལྟར་བོད་སྡོད་ཨམ་བན་ཡུའུ་ཐད་དང་སྲིད་སྐྱོང་རྒྱལ་ཚབ་གཉིས་ཀྱང་བྱ་ཐབས་བྲལ་ཏེ་སྤྱི་ལོ1904ལོའི་ཧོར་ཟླ་བདུན་པར་ “ལྷ་སའི་ཆིངས་ཡིག” ཅེས་པའི་དོན་ཚན་བཅུ་དེར་མོས་མཐུན་མིང་རྟགས་འགོད་དགོས་བྱུང་། རབ་བྱུང་བཅོ་ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ 1909 ལོར་སྲིད་སྐྱོང་རྒྱལ་ཚབ་ཀྱི་ཐུགས་འགན་དེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོར་གུས་འབུལ་ཞུས། དེ་ལྟར་ལོ་ངོ་དྲུག་གི་རིང་དུ་བོད་ཀྱི་ཆབ་སྲིད་བསྐྱངས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བརྒྱད་ཅུ་གྱ་དྲུག་པ་ཡིན་ནོ།།