ཁྱུང་ཚང་པ་ཡེ་ཤེས་བླ་མ་
རྗེ་བཙུན་རས་ཆུང་པའི་སློབ་མའི་གཙོ་བོ་གྲགས་ཅན་གྲས་ཡིན། རབ་བྱུང་གཉིས་པའི་ཤིང་ལུག(༡༡༡༥)ལོར་སྟོད་ལུང་དུ་ཡབ་མགར་བ་རྩེ་རྒྱལ་དང་ཡུམ་འབུམ་མོ་བཙུན་མ་འབར་གྱི་སྲས་སུ་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང་བའི་མཚན་ལ་ཡེ་ཤེས་བླ་མ་ཞེས་གྲགས། དགེ་བཤེས་རྒྱ་དམར་བའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ཞོ་འཕྲང་བ་ལས་འདུལ་བ། དར་ཡོན་ཏན་གྲགས་ལས་དབུ་མ་རིགས་ཚོགས། བཟད་པ་དབང་རྡོར་ལས་སྤྱོད་ཕྱོགས། དགེ་བཤེས་རྒྱ་དམར་བ་ལས་དབུ་མ་དང་ཚད་མ་བཅས་གསན། རྔོག་གི་དྲུང་ནས་བདེ་མཆོག་དང་ཀྲི་ཡ་གསན། འབྲི་སྒོམ་གླིང་ཁ་བའི་དྲུང་དུ་གདམས་པ་ཞུས་པས་རས་ཆུང་པའི་དྲུང་དུ་སོང་གསུངས་པ་ལྟར་རས་ཆུང་པ་དང་མཇལ། དེ་དུས་རས་ཆུང་པ་དབུ་དཀར་པོར་གྱུར་ཡོད་ཀྱང༌། གདམས་ངག་ཆ་ཚང་བར་སྟོན་པའི་སློབ་མ་སྣོད་ལྡན་མ་བྱུང་སྟབས། སློབ་མ་ཚོར་མན་ངག་སྤྱིར་བཏང་ཡོངས་སུ་གྲགས་པ་རྣམས་མ་གཏོགས་སྙན་བརྒྱུད་ཀྱི་མན་ངག་ཆ་ཚང་བར་འཛིན་ནུས་པའི་སློབ་མ་ཞིག་སྒུག་ནས་བཞུགས་པ་དང་སྟབས་ཁེལ་ནས་མན་ངག་ཡོངས་སུ་རྫོགས་པ་ཁོང་ལ་གནང་སྟེ་ང་མ་ཤིའི་བར་དུ་གཞན་ལ་མ་སྟོན་པར་གསང་ནས་ཉམས་སུ་ལོངས། དེ་ནས་སློབ་མ་འབྱོར་པ་ཆེ་ཆུང་དང་རིགས་བཟང་ངན་ལ་མ་ལྟོས་པར་གདམས་པ་ཁྱད་མེད་དུ་སྦྱིན་གསུངས། དེ་ནས་གནས་ངེས་མེད་དུ་བྱོན་ནས་སྒྲུབ་པ་ཉམས་བཞེས་གཙོ་བོར་མཛད་དེ་རླུང་སེམས་ལ་རང་དབང་ཐོབ་ནས་གྲོང་འཇུག་མཛད་ཐུབ་པ་བྱུང༌། རས་ཆུང་པ་སྐུ་གཤེགས་ནས་གཙོ་བོར་བྲག་དཀར་ཁྱུང་ཚང་ལ་བཞུགས་ནས་སྒོམ་སྒྲུབ་གཙོ་བོར་མཛད་པའི་ཞོར་ལ་སློབ་མ་འགའ་ཤས་ལ་གདམས་པ་གནང་བས་བརྒྱུད་པ་འཛིན་ནུས་པ་ཡང་མི་ཉུང་བ་བྱུང༌། དགུང་ལོ་དྲུག་ཅུ་རེ་གཉིས་པ་རབ་བྱུང་གསུམ་པའི་མེ་སྤྲེལ(༡༡༧༦)ལོར་སྐུ་གཤེགས། ལོ་རྒྱུས་སྐོར《དེབ་སྔོན》ལྕགས་དཔར་མའི་སྟོད་ཆ་ཤོག་གྲངས༥༢༨ནས༥༣༠བར་དང༌། 《ལྷོ་རོང་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༡༡༥ནས༡༡༩བར་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།