ཁྱུང་བོ་སྤུང་སད་ཟུ་ཙེ་
ཁྱུང་བོ་སྤུང་སད་ཟུ་ཙེ་ ཁོང་ནི་སྤྱི་ལོའི་དུས་རབས་དྲུག་པའི་དུས་མགོ་ཙམ་དུ་སྐུ་འཁྲུངས་ཤིང་། སྐུ་ཚེའི་སྟོད་དུ་གཙང་རྗེ་མར་མུན་གྱི་བློན་པོ་ཡིན། རྗེས་སུ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ཆབ་སྲིད་དར་རྒྱས་སུ་འགྲོ་བ་དང་བསྟུན་ནས་གཙང་རྗེ་མར་མུན་བཀྲོངས་ཤིང་། གཙང་བོད་ཀྱི་འབངས་མི་ཁྱིམ་ཚང་ཁྲི་ཕྲག་གཉིས་ཙམ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ཕྱག་ཏུ་ཕུལ། རྒྱལ་པོ་གནམ་རི་སྲོང་བཙན་གྱིས་ཀྱང་གཙང་བོད་ཀྱི་འབངས་མི་ཁྱིམ་ཚང་ཉིས་ཁྲི་ཙམ་ཁྱུང་པོ་སྤུང་སད་ཟུ་ཙེ་ལ་བྱ་དགའ་གནང་ཞིང་བློན་པོའི་གོ་སར་མངའ་གསོལ། དཔའ་མཛངས་གཉིས་ལྡན་གྱི་བློན་ཆེན་ཞིག་ཡིན། དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་མཛད་ཅིང་མཐའ་བཞི་རྒྱལ་ཕྲན་དབང་དུ་བསྡུ་བ་དང་། རྒྱལ་ཁྲིམས་གཏན་དུ་ཕབ་བ་བཅས་མཛད་རྗེས་ཆེའོ། རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་ “བློན་པོའི་ནང་ན། ཁྱུང་པོ་སྤུང་སད་ཟུ་ཙེ་ལས་གློ་བ་ཉེ་བ་སྔོན་ཆད་མ་བྱུང་ངོ་། ཟུ་ཙེ་འཛངས་ཤེ་ན་འཛངས། དཔའ་ཞེ་ན་དཔའ་འོ། ཆུ་གང་ཆེ་ཞེ་ན་ཆེ། ཡང་བ་རིང་ཞེ་ན་རིང་ངོ་། མྱི་ཆིག་ལ་ཚོགས་དགུའ་ཚོགས་ན། སྤུང་སད་ཟུ་ཙེའོ།” ཞེས་གསུངས་སོ། །འོན་ཀྱང་སྐུ་ཚེའི་མཇུག་ཏུ་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་བློ་ལོག་སྟེ་བཀྲོང་རྒྱུའི་ལྐོག་གཡོ་བཤམས་པ་མགར་སྟོང་བཙན་ཡུལ་ཟུང་གིས་མཁྱེན་ནས་རྒྱལ་པོ་ལ་ཞུས་ཀྱང་ཁྲིམས་ཀྱིས་ཚར་གཅོད་ལོང་མ་བྱུང་བར་རང་ཉིད་ལྕེབས་སོ།།