ཁྱུང་ཐར་རྒྱལ

ཡོང་ཁུངས་Wikipedia

ན་གཞོན་སྙན་ངག་པ་ཁྱུང་ཐར་རྒྱལ་ལ་བཅར་འདྲི་བྱས་པ།[རྩོམ་སྒྲིག]

ཁྲི་སེམས་དཔའ། སྐུ་ཞབས་ཁྱུང་ཐར་རྒྱལ་ལགས། སྐུ་ཁམས་བཟང་། ཁྱེད་རང་སྙན་ངག་གསར་རྩོམ་གྱི་ལས་སུ་ཞུགས་ནས་ལོ་ངོ་ག་ཙམ་འགོར་སོང་།དེའི་རིང་ལ་སྙན་ངག་གསར་རྩོམ་ཞེས་པར་རྣམ་འགྱུར་ག་འདྲ་ཞིག་བཟུང་བ་ཡིན། ཡང་ན་ལས་དེ་བསྐྱུར་འདོད་ཀྱི་བློ་འདྲ་སྐྱེས་ཨེ་མྱོང་།

ཁྱུང་ཐར་རྒྱལ། ང་རང་གསར་རྩོམ་གྱི་ལམ་དུ་ཞུགས་ཏེ་ཕལ་ཆེར་ལོ་ངོ་ཉི་ཤུ་ལྷག་འགོར་སོང་།དེའི་རིང་ལ་ངས་སྙན་ངག་གསར་རྩོམ་ཞེས་པར་སློབ་སྦྱོང་ཞིག་དང་འགན་ཁུར་ཞིག་གི་རྣམ་འགྱུར་བཟུང་ཡོད། སྙན་ངག་འབྲི་བའི་ལས་དེ་སྐྱུར་འདོད་ཀྱི་བསམ་བློ་ཞིག་མིག་སྔའི་བར་དུ་སྐྱེས་མ་མྱོང་། ཕྱིན་ཆད་ཅི་འདྲ་ཞིག་དུ་འགྱུར་མིན་དེ་ང་ཚོས་ཕྱིན་ཆད་མཐོང་གི་རེད།སྙན་ངག་སྐྱུར་བ་དེ་རང་ཉིད་སྐྱུར་བ་མ་རེད་དམ།ཡིན་ནའང་། ངས་རང་ཉིད་སྙན་ངག་པ་ཅི་འདྲ་ཞིག་ཡིན་མིན་དང་རང་ཉིད་ཀྱི་སྙན་ངག་གི་ཚད་ཐིག་ཇི་འདྲ་ཞིག་ཡིན་མིན་དེ་དངོས་གནས་ཤེས་ཀྱི་མེད།

ཁྲི་སེམས་དཔའ། ཁྱེད་ཀྱིས་བྲིས་པའི《འདི་ལྟར་བཤད་ན་ཨེ་རུང》ཞེས་པའི་རྩོམ་དེར“སྐོར་ཞིག་གིས་སྙན་ངག་འབྲི་བ་དེ་ཇ་ཁ་ཆང་ཁ་ན་ཡོད་པའི་རྩེད་མཚར་ཞིག་ཏུ་བསམ་ཡོད།ངས་བལྟས་ན་སྙན་ངག་འབྲི་བ་དེ་ལས་སླ་མོ་ཞིག་གཏན་ནས་མིན”ཞེས་འཁོད་འདུག ཁོ་བོས་བསམ་ནའང་སྙན་ངག་འབྲི་བ་དེ་ལས་སླ་མོ་ཞིག་གཏན་ནས་ཡིན་མི་སྲིད།དེས་ན་ཁྱེད་ཀྱིས་རང་གི་ཉམས་མྱོང་དང་སྦྱར་ནས་ལས་སླ་མོ་ཞིག་མིན་པའི་རྒྱུ་མཚན་གསལ་བོ་ཞིག་བཤད་ན་ཆོག་གམ།

ཁྱུང་ཐར་རྒྱལ། བདག་གིས་འདི་ལྟར་བཤད་དོན་ནི་ང་རང་ཉིད་ལ་མཚོན་ན་སྙན་ངག་འབྲི་བ་དེ་ཇ་ཁ་ཆང་ཁ་ན་ཡོད་པའི་རྩེད་མཚར་ཙམ་ཞིག་མ་ཡིན་པའི་རྐྱེན་གྱིས་ཡིན། སྙན་ངག་པ་ཞིག་ཡིན་ན་ངེས་པར་དུ་རིག་གནས་ཀྱི་རྨང་གཞི་ཞིག་དང་འཚོ་བའི་རྨང་གཞི་ཞིག ཚོར་བའི་རྨང་གཞི་ཞིག་བཅས་ངེས་པར་དུ་འཛོམས་དགོས་པར་འདོད་ལ།རང་ཉིད་ཀྱིས་དེ་ལྟར་སྦྱོང་བརྡར་བྱས་པའང་ཡིན། རང་ཉིད་སྙན་ངག་པ་ཞིག་ཏུ་འགྱུར་དགོས་ན་ཐོག་མར་གཞན་གྱི་སྙན་ངག་ལ་ལྟ་ཀློག་དང་སློབ་སྦྱོང་བྱེད་དགོས་ལ་རང་ཉིད་ཀྱིས་ཀྱང་སྙན་ངག་མང་པོ་བྲིས་ཏེ་སྦྱོང་བརྡར་བྱས་པའི་རྨང་གཞིའི་སྟེང་ནས་རང་ཉིད་ཀྱི་ཁྱད་ཆོས་དང་རྩོམ་གཤིས་གྲུབ་ཐུབ་འདོད། སྙན་ངག་བྲི་རྒྱུ་འགོ་བརྩམས་པ་དང་མཉམ་དུ་ཇ་ཁ་ཆང་ཁ་ནས་རྩེད་མཚར་དུ་འཛིན་པའི་སྙན་ངག་པ་དེ་འདྲ་མ་མཐའ་ཡང་རེ་གཉིས་ཡོད་སྲིད་ཀྱང་སྤྱི་ཡོངས་ནས་བལྟས་ན་དེ་འདྲ་མིན་པར་མ་ཟད། ང་རང་ཉིད་ལ་མཚོན་ན་དེ་འདྲ་ཞིག་དེ་བས་ཀྱང་ག་ལ་ཡིན།

ཁྲི་སེམས་དཔའ། ཁྱེད་ཀྱི་སྙན་དེབ་ཐོག་མ《ཁ་བ་དཀར་པོ》ཞེས་པར་སྐུ་ཞབས་དགེ་གཉེན་ལགས་དང་རེབ་གོང་རྡོ་རྗེ་མཁར་སོགས་ཀྱིས་གདེང་འཇོག་མཐོན་པོ་གནང་འདུག ད་ལྟ་སྙན་དེབ་དེར་ཕྱིར་ལྟ་བྱེད་དུས་སྐྱོན་དུ་མཐོང་བའམ་མི་འདང་ས་ཨེ་ཡོད།སྙན་དེབ་དེས་ཁྱེད་ཀྱི་ཕྱིས་ཀྱི་གསར་རྩོམ་ཐད་ཤུགས་རྐྱེན་ག་འདྲ་ཐེབས་ཡོད་དམ།

ཁྱུང་ཐར་རྒྱལ། བདག་གི་སྙན་དེབ《ཁ་བ་དཀར་པོ》ལ་ད་ལྟ་ཕྱིར་བལྟ་ཞིག་བྱས་ན་རང་ཉིད་ཀྱི་མི་འདང་ས་མང་པོ་ཞིག་སྙན་དེབ་དེ་ལས་མཐོང་གིན་འདུག གཅིག་ན་བརྗོད་བྱ་ལ་གཏམ་རྒྱུད་ཀྱི་ཤུགས་ཆེ་བ་ལས་ཚོར་བའི་ཆ་ཞན་པའམ་མེད་པ།སྒྲིག་གཞི་དོ་མཉམ་མིན་པ་དང་གཞན་གྱི་སྙན་ངག་གི་ཤན་ཤུགས་ཐེབས་དྲགས་པ་སོགས་ཀྱི་སྐྱོན་ཆ་དེ་འདྲ་མང་པོ་འདུག ཡིན་ནའང་སྙན་དེབ《ཁ་བ་དཀར་པོ》ནི་བདག་གི་སྙན་དེབ་ཐོག་མ་དེ་ཡིན་ལ་རང་རེའི་བོད་ཀྱི་རྩོམ་སྟེགས་ལ་མཚོན་ནའང་རང་མོས་སྙན་ངག་གི་སྙན་དེབ་ཐོག་མའི་གྲས་ཡིན་པས་གྲུབ་འབྲས་ནི་སྔར་བཞིན་དང་པོར་བརྩི་འོས།དེའི་རྐྱེན་གྱིས་སྙན་དེབ་འདིས་བདག་གི་ཕྱིས་ཀྱི་གསར་རྩོམ་ཐད་ལའང་སྐུལ་འདེད་དང་སྤོབས་པ་གནང་བ་སྨོས་མ་དགོས།

ཁྲི་སེམས་དཔའ། བལྟོས་བཅས་ཀྱིས་ལོ་རབས་དགུ་བཅུ་པའི་ནང་དང་བསྡུར་ན་དུས་དེབ་སོགས་སུ་ཉིད་ཀྱི་བརྩམས་ཆོས་བཀོད་པ་ཤིན་ཏུ་ཉུང་།དེ་ནི་དུས་ཚོད་མེད་པས་ཡིན་ནམ། ཡང་ན་ན་ཚོད་ཅིག་ལ་རག་ལས་པ་ཡིན་ནམ། རྐྱེན་ཅི་ཡིས་བཟོས་པ་གསལ་བཤད་ཅིག་བྱས་ཆོག་གམ།

ཁྱུང་ཐར་རྒྱལ། ལོ་རབས་དགུ་བཅུ་བའི་ནང་དང་བསྡུར་ན་དུས་དེབ་སོགས་སུ་བདག་གི་བརྩམས་ཆོས་བཀོད་པ་ཤིན་ཏུ་ཉུང་། དེ་ནི་དུས་ཚོད་མེད་པས་མ་ཡིན་ལ་ན་ཚོད་ཅིག་ལ་རག་ལས་པར་ཡང་འདོད་ཀྱི་མེད། བར་སྐབས་ཤིག་ནས་བཟུང་ཚང་མ་དྲ་ཐོག་ལ་འཇུས་ནས་རང་རང་གི་དྲ་ཐོག་ཟིན་བྲིས་གཉེར་བར་འབྲེལ་བ་ཅུང་ཙམ་ཡོད་ལས་ཆེ།ཡིན་ནའང་《གངས་རྒྱན་མེ་ཏོག་》དང《སྦྲང་ཆར》གྱི་སྟེང་རྒྱུན་དུ་སྙན་ངག་རེ་བསྐུར་བ་ཡིན་མོད་དེ་ཙམ་མཐོང་རྒྱུ་མ་བྱུང་། རྩོམ་སྒྲིག་པའི་ལག་ཏུ་འཕྲོད་མ་འཕྲོད་ཀྱི་གནད་དོན་ཡོད་སྲིད་ལ་བདག་གི་སྙན་ངག་ལའང་མི་འདང་ས་མང་པོ་ཡོད་ངེས་རེད། ཡིན་ནའང་། མི་འགྱངས་པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བདག་གི་སྙན་དེབ་གསུམ་པ《བརྩེ་བ་ཀོ་ཤུན་མ》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱེད་རྩིས་ཡོད། དུས་དེབ་སྟེང་མཐོང་མ་ཐུབ་པའི་སྙན་ངག་དེ་ཚོ་ཚང་མས་སྙན་དེབ་དེ་ལས་མཐོང་གི་རེད།

ཁྲི་སེམས་དཔའ། ཁྱེད་ཀྱིས་རང་གིས་བྲིས་པའི་སྙན་ངག་ལས་རང་ཉིད་བློ་ཡིད་ཚིམས་པའི་སྙན་ངག་ཅིག་དམིགས་སུ་བཀར་ཏེ།དེ་གནས་བབ་ཇི་ལྟ་བུ་ཞིག་གི་འོག་ནས་བྲིས་ཤིང་། དེས་རང་ཉིད་ལ་བྱིན་པའི་ཚོར་བ་ངོ་མ་བོ་ཀློག་པ་པོ་དང་མཉམ་དུ་མྱོང་རོལ་ཞིག་བྱས་ན་ཅི་འདྲ།

ཁྱུང་ཐར་རྒྱལ། རང་ཉིད་ཀྱི་འདོད་བློ་ཚིམས་པའི་སྙན་ངག་ཅེས་པ་དེ་ངས་གང་ཞིག་ལ་ངོས་བཟུང་ན་འགྲིག་མིན་དེ་ད་དུང་ཤེས་ཀྱི་མེད། ཚང་མའི་བློ་ཁ་དང་འཚམས་པ་ལྟར་བཤད་ན་《ཉི་མ་གསུམ་གྱི་འགྲོན་པོ》ཞེས་པ་དེ་ལ་སྔར་བཞིན་གླེང་རིན་ཅུང་ཙམ་འདུག་སྙམ།རྒྱུ་མཚན་ནི་ང་རང་གསར་འགོད་པ་ཞིག་ཡིན་པའི་ཆ་ནས་རྫོང་རིམ་པའི་མགོ་ཁྲིད་ལ་འགྲོགས་ཏེ་གཞི་རིམ་དུ་ཟབ་ཞུགས་བྱས་པའམ། ཁའོ་རིམ་པའི་མགོ་ཁྲིད་ལ་འགྲོགས་ཏེ་གཞི་རིམ་དུ་ཟབ་ཞུགས་བྱས་པ། ཡང་ན་སྤྱིར་བཏང་གི་ལས་བྱེད་པར་འགྲོགས་ཏེ་གཞི་རིམ་ཏུ་ཟབ་ཞུགས་བྱས་པ་གང་ཡིན་རུང་ཚང་མ་གཞི་རིམ་དུ་ཟབ་ཞུགས་བྱས་པ་རང་རེད། ཡིན་ནའང་། མང་ཚོགས་ཀྱིས་གོ་བ་ལེན་སྟངས་མི་འདྲ་ལ། མགྲོན་བསུ་བྱས་པའི་རྣམ་འགྱུར་ཀྱང་མི་འདྲ། ཁོ་བོས་བརྗོད་བྱ་དེ་དང་ཚོར་བ་དེ་བཟུང་ནས་སྙན་ངག་འདི་བྲིས་པ་ཡིན། སྙན་ངག་འདིས་གཙོ་བོ་“དབང་དང་གོ་ས”ཞེས་པ་དེ་བཤད་ཀྱིན་ཡོད་ལ་དབང་དང་གོ་ས་དེས་མི་རྣམས་ཀྱི་སེམས་ལ་བཞག་པའི་ཚོར་བ་དེའང་བཤད་ཀྱིན་ཡོད། སྒྲིག་གཞིའི་ཐད་ནས་ཀྱང་གོ་ས་རིམ་པ་དེ་གསུམ་པོའམ། མགྲོན་པོ་མཐོ་དམའ་དེ་གསུམ་པོས་ཉི་མ་གསུམ་བརྒྱུད་པའི་སྤྱི་ཚོགས་ཀྱི་རྙོག་འཛིང་གི་འབྲེལ་བ་ཞིག་ཐད་བརྗོད་བྱས་ཡོད། ཀློག་པ་པོ་མང་ཆེ་བས་འགྲིག་འདུག་ཟེར་གྱིན་འདུག་ལ། རང་ཉིད་ཀྱིས་བལྟས་ནའང་མི་འགྲིག་ས་ཆེན་པོ་མི་འདུག་སྙམ།

ཁྲི་སེམས་དཔའ། ཁྱེད་ཀྱི་སྙན་ངག《རྐྱང་ཐང》དེར་ཀློག་པ་པོ་དང་དཔྱད་བརྗོད་པའི་སྡེ་ན་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་དགའ་བསུ་བྱེད་ཀྱིན་འདུག ཁྱེད་ཀྱིས་བལྟས་ན་དེར་དགའ་བསུ་ཐོབ་པའི་རྒྱུ་མཚན་གང་ལ་ཐུག་འདུག་སྙམ།

ཁྱུང་ཐར་རྒྱལ། སྙན་ངག《རྐྱང་ཐང》ལ་ཀློག་པ་པོ་དང་དཔྱད་བརྗོད་པའི་སྡེ་ན་ཅུང་དགའ་བསུ་བྱེད་མཁན་མང་པོ་འདུག དེ་ལ་དགའ་བསུ་དེ་འདྲ་ཐོབ་པའི་རྒྱུ་མཚན་ནི་གཙོ་བོ་སྙན་ངག་དེ་ངས་ཇ་ཁ་ཆང་ཁ་ཡི་རྩེད་མཚར་ཙམ་དུ་ངོས་མ་བཟུང་བས་ཡིན།ངས་སྙན་ངག་《རྐྱང་ཐང》ཞེས་པ་འདི་ལོ་ངོ་གསུམ་གྱི་རིང་ལ་བྲིས་པ་ཡིན། གནད་དོན་དེ་ཁོ་བོས་དེ་སྔོན་མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི“ཁ་བའི་ཞབས་རྗེས”ཞེས་པའི་ལེ་ཚན་དུ་མཚམས་སྦྱོར་བྱས་པ་དེ་འདྲ་རང་ཡིན།

ཁྲི་སེམས་དཔའ། ཁྱེད་ཀྱིས་བལྟས་ན། སྙན་ངག་པ་ཞིག་དང་ལྷག་ཏུ་བོད་ཀྱི་སྙན་ངག་པ་ཞིག་ལ་མཚོན་ན།སྙན་ངག་དེ་འགན་ཁུར་ཞིག་རེད་དམ་ཡང་ན་རོལ་རྩེད་ཅིག་རེད་འདོད། རྒྱུ་མཚན་ཅིའི་ཕྱིར།

ཁྱུང་ཐར་རྒྱལ། བོད་ཀྱི་སྙན་ངག་པ་ཞིག་ལ་མཚོན་ན་སྙན་ངག་དེ་ངེས་པར་ཏུ་འགན་ཁུར་ཅིག་ཏུ་ངོས་བཟུང་ན་འགྲིག་གི་རེད། མིག་སྔའི་བོད་ཀྱི་རིག་གནས་དང་སྐད་ཡིག་གི་ཉམས་ཉེས་ལ་བལྟས་ན་ལྷག་པར་དེ་འདྲ་མ་རེད་དམ།

ཁྲི་སེམས་དཔའ། ན་ནིང་དོ་ཚིགས་བོད་ཀྱི་རྩོམ་སྟེགས་སུ་སྙན་ངག་ནི་ཅུང་བས་མཐའ་ཅན་དུ་འགྱུར་བཞིན་འདུག དེ་གཙོ་བོ་སྙན་ངག་པར་རག་ལས་སམ།ཡང་ན་ཀློག་པ་པོར་རག་ལས།

ཁྱུང་ཐར་རྒྱལ། སྙན་ངག་བས་མཐའ་ཅན་དུ་འགྱུར་བཞིན་པ་དེ་གཙོ་བོ་སྙན་ངག་པར་རག་ལས་ཨེ་ཡོད་དམ། འདིའི་སྐོར་ལ་བསམ་བློ་བཏང་མ་མྱོང་།

ཁྲི་སེམས་དཔའ། ཁྱེད་ནི་སྙན་ངག་གསར་རྩོམ་གྱི་ཞོར་དུ་སྒྲུང་གཏམ་དང་ལྷུག་རྩོམ།གླུ་ཚིག དཔྱད་བརྗོད་སོགས་རྩོམ་ལུས་མང་པོར་འཇུག་མཁན་ཞིག་རེད།ལ་ཤས་ཀྱིས་རྩོམ་ལུས་སྣ་གཅིག་ལ་འཇུས་ན་གྲུབ་འབྲས་ལོན་ཚུལ་བརྗོད། ཁྱེད་ཀྱིས་བལྟས་ན་དེ་འདྲ་རེད་དམ།

ཁྱུང་ཐར་རྒྱལ། རྩོམ་ལུས་སྣ་གཅིག་ལ་འཇུས་ན་གྲུབ་འབྲས་ལོན་ཚུལ་བརྗོད་མཁན་ཡང་མང་པོ་འདུག ཁོ་རང་ལ་མཚོན་ན་དེ་འདྲ་ཡིན་ཀྱང་སྲིད་མོད། མི་ཚང་མ“པར་ཤིང“གཅིག་ཡིན་པའི་ངེས་པ་ག་ལ་ཡོད།མི་རེ་རེ་ནི་འཇིག་རྟེན་རེ་རེ་ཡིན་པས་དེ་ཚང་མར་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་ན་འགྲིག་འདུག་སྙམ། ཡིན་ནའང་། གྲུབ་འབྲས་ཞེས་པ་དེ་ང་རང་ལ་མཚོན་ན་ད་དུང་བར་ཐག་ཧ་ཅང་རིང་པོ་འདུག

ཁྲི་སེམས་དཔའ། ཁྱེད་ཉིད་སྙན་ངག་པ་ཞིག་ཡིན་པའི་ཆ་ནས། རང་གི་ཀློག་པ་པོར་ཅི་ཞིག་བརྗོད་འདོད།

ལན། ངས་རང་གི་ཀློག་པ་པོ་ཚོར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་གི་ཡོད། ཁྱོད་ཚོ་ཡོད་པའི་རྐྱེན་གྱིས་ང་རང་ད་དུང་རྒས་རྒྱུ་མ་བྱུང་། ངའི་སྙན་ངག་གི་འགན་ཁུར་འདི་དང་རེ་བ་འདི། ད་དུང་འབྱུང་འགྱུར་གྱི་བཞུད་ལམ་རིང་མོ་འདི་སྔར་བཞིན་་ཁྱེད་ཚོའི་ལག་ན་ཡོད། ཁྱོད་ཚོ་ནི་ད་གཟོད་ངེས་པ་དོན་གྱི་སྙན་ངག་པ་ཡིན།

ཁྲི་སེམས་དཔའ། ཁྱེད་ཀྱིས་བདག་གི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ།

ཁྱུང་ཐར་རྒྱལ། ཁྱེད་ལའང་ཐུགས་རྗེ་ཆེ་ཞུ།

༢༠༡༠.༡༡.༣༠ཉིན།

http://www.tibetology.ac.cn/za/2009-07-03-11-34-15/197/5250-2011-03-31-13-15-37?view=article&id=5250%3A2011-03-31-13-15-37&catid=194%3Agjzj-2༽