Jump to content

ཁྱུང་ཐར་པ་བསོད་ནམས་རིན་ཆེན་

ཡོང་ཁུངས་Wikipedia

ཁྱུང་ཐར་པ་བསོད་ནམས་རིན་ཆེན་ ཁོང་ནི་རབ་བྱུང་བཅུ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ1585ལོར་སྐུ་འབུམ་མཆོད་གཞིས་ཞིང་སྐྱོང་ཁྱུང་ཐར་སྡེ་བར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་གཞོན་ནུའི་སྐབས་སྐུ་འབུམ་དགོན་གྱི་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་ཚད་མ་རྣམ་འགྲེལ་སོགས་ལ་སྦྱངས་པར་མཛད། དེ་ནས་དབུས་སུ་ཕེབས་ཤིང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་མཚན་ཉིད་ཀྱི་དགོངས་དོན་མཐའ་དག་དཔྱིས་ཕྱིན་པར་སྦྱངས། དེ་དུས་འགགས་ཤིང་རིན་ཆེན་ཞེས་མཁས་པའི་གྲགས་པ་ཕྱོགས་བཅུར་ཁྱབ། དེ་ནས་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་ཆེན་རྒྱུད་སྡེ་ཀུན་ལ་གསན་སྦྱངས་ཚུལ་བཞིན་དུ་གནང་བས་སྔགས་ཀྱི་དམ་བཅའ་དང་དགེ་བསྐོས་ཐོན་ཟིན་ཡང་རང་ཡུལ་དུ་ཕྱིར་ཕེབས། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1652 ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་ལ་ཕེབས་ཤིང་འཆད་ཉན་གྱི་བྱ་བ་ལེགས་པར་བསྒྲུབ་སྟེ་རྒྱུད་པ་གླ་བྲང་ལྷས་སྐོར་གཅིག་གཟིམས་ཁང་དང་བཅས་པར་གསར་བཞེངས་མཛད། རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་བཀའ་ཤོག་གནང་། རབ་བྱུང་བཅུ་གཅིག་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1653 ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ཕེབས་ཤིང་བཞི་པའི་སྨོན་ལམ་སྟེང་དུ་རྣམ་འགྲེལ་དང་བཅས་པའི་གཞུང་གི་ཚོགས་ལངས་བཅུ་གཉིས་དང་། དབྱར་གནས་ཀྱི་སྟེང་དུ་བསྡུས་ཆུང་གི་ཚོགས་ལངས་བཅུ་བཞི་བཅས་ཀྱི་སྲོལ་བཟང་ལེགས་པར་བཙུགས། ཁྲི་ཟུར་ནས་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་ཕེབས་ཤིང་སེང་ཁྲི་ཁང་ཞིག་གསོས་མཛད། ཁོང་ནི་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ཆེན་དགུ་པ་དང་། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ཉི་ཤུ་པ་ཡིན་ནོ།།