ཁྱུང་གི་སྡེར་རྗེས་
འཕན་པོ་རྨམ་པ་ཁུལ་དུ་ཕ་བོང་ཆེན་པོ་ཞིག་གི་ཁར་ཁྱུང་གི་སྡེར་རྗེས་ཞེས་པའི་སྡེར་རྗེས་ཆེན་པོ་ཞིག་ཡོད་པ་དེ་ནི། འབྲི་གུང་སྐྱོབ་པ་རིན་པོ་ཆེ་ཞལ་བཞུགས་སྐབས་ཀླུའི་རྒྱལ་པོ་མལ་གྲོ་གཟི་ཅན་རང་གཟུགས་ཀྱིས་ཆོས་ཉན་དུ་ཡོང་བར་མཁྱེན་པས་བུ་སློབ་རྫུ་འཕྲུལ་ཐོབ་པ་རྣམས་ཀྱིས་ཀླུ་རྒྱལ་ལ་ཕར་གནོད་པ་བྱས་ཀྱི་དོགས་པ་དང༌། མ་ཐོབ་པ་རྣམས་ལ་ཀླུ་རྒྱལ་ཆོས་ཉན་པར་གནོད་སེམས་མེད་ཀྱང་ཀླུའི་ཁ་རླངས་ཀྱི་དུག་ཕོག་གི་དགོས་ནས་དོ་ནུབ་འུར་སྡིག་གི་སྒྲ་དྲག་པོ་ཇི་ལྟར་བྱུང་ཡང་མ་བལྟ་ཞིག་ཅེས་ཉེ་གནས་འཕྲིན་སྐྱེལ་དུ་བཏང་བས་གཞན་ཐམས་ཅད་ལ་འཕྲིན་བསྐྱལ་རུང་གྲུབ་ཐོབ་མགར་དམ་པ་གསེར་ཁང་འོག་གི་བླ་གཡེལ་ཕུག་རིང་དུ་བཞུགས་པར་བརྟེན་གསན་མི་ཡོང་སྙམ་ནས་བཏང་སྙོམས་སུ་བཞག་པས་དེ་ནུབ་སྒྲ་ཆེན་པོ་བྱུང་བ་མགར་དམ་པས་གསན་ནས་ཅི་ཡིན་སྙམ་ཕྱིར་བྱོན་ནས་གཟིགས་པས། སྦྲུལ་སྔོ་ནག་འཇིགས་སུ་རུང་བ་ཞིག་གིས་གླིང་ལ་ལན་གསུམ་བསྐོར་ཏེ་མགོ་གཟིམ་ཆུང་གསེར་ཁང་གི་བར་སྣང་གི་ཐད་དུ་འདུག་པར་ཁོས་ངའི་བླ་མར་གནོད་པ་བྱེད་ཡིན་འདུག་པ་དགོངས་ནས་ཁྱུང་ཆེན་པོ་འིག་ཏུ་སྤྲུལ་ཏེ་དེད་པས་རོལ་པ་འཕྲང་གི་མར་ཟུར་ཕ་བོང་ཆེན་པོ་ཞིག་གི་སྟེང་ཁྱུང་བབས་པའི་རྗེས་ཀྱང་ཤིན་ཏུ་གསལ་བ་ཞིག་ཡོད་ཅེས《འབྲི་གུང་གསེར་ཕྲེང》དུ་གསལ་བ་དང༌། ས་གནས་མང་ཚོགས་ཀྱི་བརྗོད་སྲོལ་དང་མཐུན་པའི་རྗེས་ཤུལ་ད་ལྟ་མཐོང་རྒྱུ་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།