Jump to content

ཁྱིམ་བདག་མེ་སྐྱེས་ཀྱི་རྟོགས་བརྗོད་

ཡོང་ཁུངས་Wikipedia

དེ་སྔོན་སངས་རྒྱས་སྐུ་འཚོ་བཞུགས་སྐབས་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་ཁྱིམ་བདག་རབ་བཟང་ཞེས་བྱ་བ། མུ་སྟེགས་འི་ཆོས་ལ་དད་པ་ཆེ་བ་ཞིག་བྱུང་བ་དེའི་ཆུང་མ་བདེ་ལྡན་མ་ནི་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་ཀྱི་ཡོད། ཆུང་མ་དེ༌ལ་ཕྲུ་གུ་འཁོར་ནས་ཟླ་བ་གཅིག་ཙམ་སོང་སྐབས་སངས་རྒྱས་དགེ་འདུན་དང་བཅས་དེའི་ཁྱིམ་དུ་བསོད་སྙོམས་ལ་ཕེབས། ཆུང་མ་དེས་བསོད་སྙོམས་ཕུལ་རྗེས་ངའི་ལུས་ལ༌ཡོད་པའི་ཕྲུ་གུ་འདི་བུ་དང་བུ་མོ་གང་ཡིན་ཞེས་ཞུས་པར་སངས་རྒྱས་ཀྱིས་ཁྱོད་ཀྱི་ལུས་ལ་ཡོད་པའི་ཕྲུ་གུ་དེ་བུ་ཡིན་པ་དང་ངའི་བསྟན་པ་ལ་ཞུགས་ནས་རབ་ཏུ་བྱུང་བར་འགྱུར་ཞེས་ལུང་བསྟན། དེ་ཡི་གནས་ཚུལ་ཆུང་མས་རང༌གི་ཁྱོ་བོ་ལ་སྨྲས་པས་དེས་ཀྱང་མུ་སྟེགས་ཀྱི་སྟོན་པ་བྷ་རི་ཀ༌ལ་བཤད་པས། དེས་དེ་འདྲ་ཕྱེད་བདེན་ཕྱེད་མི་བདེན། ཕྲུ་གུ་དེ་སྐྱེས་ན་བུ་ཡིན་ཀྱང་སྐྱེས་ནས་ཁྱིམ་ཚང་རྩ་སྟོངས་སུ་འགྲོ་རྒྱུ་དང༌། བུ་དེ་ཡང་བཟའ་རྒྱུ་མེད་ནས་ནང་པའི་རབ་བྱུང་བྱེད་རྒྱུ་རེད་ཅེས་སྨྲས་པས། ཁྱིམ་བདག་དེས་བདེན་པར་བསམས་ནས་རང་གི་ཆུང་མ་ལ་མངལ་གྱི་ཕྲུ་གུ་ཤི་བའི་སྨན་སྟེར་ཡང་ཕྲུ་གུ་དེ་ཤི་མ་ཐུབ་པར་བརྟེན། ཆུང་མའི་ལྟོ་བར་འཛོག་བརྡུང་བརྒྱབ་ནས་ཆུང་མ་བསད། ཆུང་མའི་རོ་དུར་ཁྲོད་དུ་བསྐྱལ་ནས་མེར་སྲེག་གཏོང་སྐབས་ཆུང་མའི་ལྟོ་བ་ན་ཡོད་པའི་ཕྲུ་གུ་མེས་མ་ཚིག་པར་སྐྱོན་མེད་དུ་ཐོན་ཞིང༌། ཕྲུ་གུ་དེ་ཡི་ཕས་བདག་པོ་མ་བྱས་པར་བརྟེན་རྒྱལ་པོ་གཟུགས་ཅན་སྙིང་པོས་གསོས། ཕྲུ་གུ་དེ་ཆེར་སྐྱེས་ནས་རྒྱལ་པོས་བུ་དེ་ལ་མནའ་མ་ཞིག་བླངས་ནས་ཁྱིམ་བཟུང་སྟེ་འཚོ་བ་ཕུན་སུམ་ཚོགས་པར་གྱུར་ཀྱང༌། མནའ་མ་དང་གྲོས་བྱས་ཏེ་གཉིས་ཀའི་ནོར་ལོངས་སྤྱོད་ཡོད་ཚད་སྦྱིན་པར་བཏང་ནས་རབ་ཏུ་བྱུང་སྟེ་བུ་དེ་གནས་བརྟན་བཅུ་དྲུག་གི་ནང་ཚན་ཡན་ལག་འབྱུང་ཞེས་བྱ་བར་གྱུར་པའི་གཏམ་རྒྱུད་དེ་ཡིན། ཞིབ་པར《འདུལ་བ་ལུང་རྣམ་འབྱེད》ལས་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།