ཁྱབ་བངག་དབང་ཕྱུག་རབ་བརྟན་
འ་ཞའི་གདུང་རྒྱུད་ལས་བྱུང་བའི་ཡབ་ཞབས་དྲུང་བརྟན་པ་དང༌། ཡུམ་བསོད་ནམས་འབོ་ལེ་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ས་རྟ(༡༥༥༨)ལོར་ཉུག་བཀྲ་ཤིས་རྒྱལ་གྱི་ཕོ་བྲང་དུ་འཁྲུངས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་སྐུ་ཚ་ཡིན། སྐུ་འཁྲུངས་ནས་ཞག་བདུན་སོང་སྐབས་ཚར་ཆེན་བློ་གསལ་རྒྱ་མཚོ་ཕེབས་ནས་མཚན་ལ་ནམ་མཁའ་དོན་གྲུབ་ཅེས་གསོལ། དགུང་ལོ་བདུན་བརྒྱད་ཙམ་ལ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་དྲུང་ནས་དུས་འཁོར་གྱི་དབང་གསན་ཅིང༌། སྐུ་གཞོན་ནུ་ནས་རབ་བྱུང་གནང་འདོད་ཡོད་ཀྱང་ཡབ་ཡུམ་གཉིས་ཀྱི་གནང་བ་མ་ཐོབ་པར་བརྟེན། དགུང་ལོ་སོ་གཅིག་ལ་མ་ཕེབས་བར་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་སྡེ་པ་རིན་སྤུངས་པའི་དྲུང་འཁོར་མཛད་ནས་བཞུགས་དགོས་བྱུང་ཞིང༌། ཕག་རི་རྫོང་གི་རྫོང་དཔོན་མཛད་ནས་བཞུགས་སྐབས་སྡེ་པ་གཙང་པའི་དམག་གིས་ཕག་རི་རྫོང་འཕྲོག་པར་ཡོང་བ་ལ། ཕྱག་སྦྲེལ་རྫོང་དཔོན་པ་རྣམ་ཤར་པས་ཕྱི་མ་ནང་བྱས་ཏེ་ཕག་རི་རྫོང་གཙང་པར་རྩིས་སྤྲད་ནས་མགོ་བཏགས། དམ་པ་ཉིད་གཙང་པས་འཛིན་བཟུང་བྱས་ཏེ་བཙོན་ལ་བཅུག་ཅིང༌། ཡབ་ཡུམ་གྱི་གཟིམས་ཁང་ནས་གཙང་པར་གསེར་དངུལ་མང་པོ་ཕུལ་ཏེ་བཙོན་ནས་གློད་བཀྲོལ་བྱུང༌། དགུང་ལོ་སོ་གཅིག་པ་རབ་བྱུང་དགུ་པའི་ས་བྱི(༡༥༨༨)ལོར་ཐུབ་བསྟན་མཁན་ཆེན་བྱམས་པ་རབ་བརྟན་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་ཞུས་པའི་མཚན་ལ་དབང་ཕྱུག་རབ་བརྟན་ཞེས་གསོལ་ཞིང༌། མི་རིང་བར་མཁན་ཆེན་དེ་ཉིད་ཀྱི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཞེ་གསུམ་པ་ལྕགས་བྱི(༡༥༤༨༨)ལོར་དབུས་སུ་ཕེབས་ནས་ལྷོ་ཁ་ཡར་ལུང་བཀྲ་ཤིས་ཆོས་སྡེའི་མཁན་པོ་མཛད། དགུང་ལོ་ཞེ་ལྔ་པ་ཆུ་སྟག(༡༥༤༢)ལོར་ཞྭ་ལུ་རི་ཕུག་བྱང་གླིང་གི་མཁན་པོ་ཡང་ཉིས་འཛིན་མཛད་ནས་ལོ་གསུམ་སོང་རྗེས་རི་ཕུག་གི་གདན་ས་མ་མཛད་པར་ཡར་ལུང་ཕྱོགས་ཤེལ་བྲག་སོགས་སུ་རྒྱུན་རིང་བར་སྐུ་མཚམས་མཛད། དགུང་ལོ་ལྔ་བཅུ་ང་དགུ་པ་མེ་འབྲུག(༡༥༥༦)ལོར་ཡར་ལུང་བཀྲ་ཤིས་ཆོས་སྡེའི་གདན་ས་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་ལ་བསྐོ་གཞག་མཛད་དེ། ཞྭ་ལུ་རི་ཕུག༌ཏུ་གཙོ་ཆེར་སྐུ་མཚམས་ཐོག ཞོར་ལ་དད་འདུས་སློབ་མ༌རྣམས་ཀྱི་སྐལ་བ་དང་འཚམས་པའི་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གནང༌། དགུང་ལོ་དྲུག་ཅུ་རེ་གསུམ་པ་ལྕགས་སྤྲེལ(༡༥༦༠)ལོར་སླར་ཡང་ཞྭ་ལུ་རི་ཕུག་གི་མཁན་པོ་དང༌། དགུང་ལོ་དྲུག་ཅུ་རེ་ལྔ་པ་ཆུ་ཁྱི་(༡༥༦༢)ལོར་འདར་གྲང་མོ་ཆེའི་གདན་སར་ཕེབས། །སྔ་རྗེས་སུ་རྗེ་ཉིད་ལ་གཡོ་ཐབས་དུ་མའི་སྒོ་ནས་གནོད་པ་སྐྱེལ་མཁན་བྱུང་བ་རྣམས་ལ་ཕན་འདོགས་གང་ཐུབ་མཛད༌པ་ལས་གནོད་ལན་འཇལ་བ་སོགས་གཏན་ནས་མི་མཛད་པ་སོགས་མཛད་སྤྱོད་ངོ་མཚར་ཆེ་བ་བཞུགས། དགུང་ལོ་དོན་དགུ་པ་རབ་བྱུང་བཅུ་པའི་མེ་བྱི(༡༥༧༦)ལོར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པ་ལས་རྟེན་ངོ་མཚར་ཅན་མང་དུ་ཕེབས་པ་རྣམས་འདྲ་སྐུ་བཞེངས་པའི་ནང་གཟུངས་སུ་ཕུལ་བ་ཡར་ལུང་བཀྲ་ཤིས་ཆོས་སྡེ་དགོན་པར་བཞུགས། དམ་པ་འདིའི་རྣམ་ཐར་སྐོར། ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་ལྔ་པས་མཛད་པའི《རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན་གྱི་རྟོགས་བརྗོད་བདུད་རྩིའི་ཟ་མ་ཏོག》ཤིང་དཔར་ལ་ཤོག་གྲངས༥༥ཡོད་པ་ཞིགགསུང་འབུམ་པོད[ཀ]པའི་ནང་བཞུགས། རྣམ་ཐར་དེ་ལས་བསྡུས་པ་ཞྭ་ལུ་བློ་གསལ་བསྟན་སྐྱོང་གིས་མཛད་པའི《ཞྭ་ལུའི་ཆོས་འབྱུང་ངོ་མཚར་དད་པའི་འཇུག་ངོགས》ཤིང་དཔར་མའི་ཤོག་གྲངས༡༥༩ནས༡༦་༤བར་གསལ་བ་དེར་གཟིགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།