ཁྱད་པར་ཆེ་བར་འདོད་པ་རྙིང་མའི་ཆེ་བ་དབྱུང་བ་
རོག་གི་མཁས་པ་ཆེན་པོ་ཤེས་རབ་འོད་ཀྱིས་མཛད་པའི《གྲུབ་མཐའ་ཆེན་མོ》ནང་དུ་གསང་སྔཀས་གསར་རྙིང་ལ་ཁྱད་ཡོད་མེད་གསུམ་གསུངས་པ་འདིར་ལུང་འདྲེན་མཛད་པ་སྟེ། མདོར་བསྡུས་ན་གསང་སྔགས་གསར་མ་ལས་རྙིང་མ་ཁྱད་པར་དུ་འཕགས་པའི་ཆེ་བ་ལྔ(༡སྟོན་བྱེད་པཎྜི་ཏའི་ཁྱད་པར། ༢སྒྱུར་བྱེད་ལོ་ཙཱ་བའི་ཁྱད་པར། ༣སྤྱན་འདྲེན་ཡོན་བདག་གི་ཁྱད་པར། ༤ཆོས་གཞི་བཞུགས་གནས་ཀྱི་ཁྱད་པར། ༥ཞུ་རྟེན་གསེར་ཕྱེའི་ཁྱད་པར)ཞེས་གསང་སྔགས་སྔ་འགྱུར་གྱི་ཆོས་འབྱུང་མི་ཉུང་བ་ཞིག་གི་ནང་གསུངས་ཡོད་པ་དེ་ལ་གསང་སྔགས་གསར་མའི་གྲུབ་མཐའ་གཞན་ཕྱོགས་ནས་ཐུགས་མ་དགྱེས་པའི་གསུང་ཚུལ་སྣ་ཚོགས་ཤིག་བྱུང་ཡོད་ཀྱང༌། བོད་ལྗོངས་འདིར་གྲུབ་མཐའ་རང་རང་སོ་སོའི་དམིགས་བསལ་གྱི་ཁྱད་ཆོས་དང་ཆེ་བ་གཞན་དང་མི་འདྲ་བ་རེ་མི་གསུང་མཁན་མེད་པ་བཞིན་གསང་སྔགས་སྔ་འགྱུར་གྱི་ཆེ་བ་ལྔ་གསུངས་པ་ཡང་དེ་ལྟར་ཡིན་པ་སྟེ། དང་པོ། སྟོན་བྱེད་པཎྜི་ཏའི་ཁྱད་པར་ནི་བསྟན་པ་སྔ་དར་གྱི་སྐབས་སུ་སློབ་དཔོན་ཆེན་པོ་པདྨ་ལ་སོགས་པས་གསང་སྔགས་ཀྱི་ཆོས་གསུངས་པ་དང་དེའི་རྗེས་ཀྱི་པཎྜིཏ་གསེར་འཚོལ་བའི་ཆེད་དུ་བོད་ལ་གང་བྲིས་པའི་ཆོས་སྣ་རེ་རེ་ལ་ཆོས་ཡོན་གསེར་ལེན་པ་དང་མི་འདྲ། གཉིས་པ། སྒྱུར་བྱེད་ལོ་ཙཱ་བའི་ཁྱད་པར་ནི་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་སོགས་རྒྱ་དཔེ་ལས་བོད་སྐད་དང་བོད་དཔེ་ལས་རྒྱ་སྐད་དུ་བཀླག་ནུས་པ་རྣམས་ཀྱིས་བསྒྱུར་ཅིང་ཞུས་པ་དང་ཕྱིས་ཀྱི་ལོ་ཙཱ་བ་དབྱར་མང་ཡུལ་དུ་བསྡད། དགུན་བལ་པོར་ཕྱིན་ནས་སྔོན་བསྒྱུར་བ་རྣམས་ལ་འགྱུར་བཅོས་སུ་མིང་བཏགས་ནས་བཅོས་བསླད་རེ་བྱེད་པ་དེ་དང་མི་འདྲ། གསུམ་པ། སྤྱན་འདྲེན་ཡོན་བདག་གི་ཁྱད་པར་ནི། བསྟན་པ་སྔ་དར་སྐབས་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱ་གར་ནས་པཎྜིཏ་སྤྱན་དྲངས་པ་དང་ཕྱིས་ཀྱི་ལོ་ཙཱ་བ་རེ་ཙམ་གྱིས་བོད་དུ་ཁྲིད་ནས་འོངས་པ་དང་མི་འདྲ། བཞི་པ། ཆོས་གཞི་བཞུགས་གནས་ཀྱི་ཁྱད་པར། བསྟན་པ་སྔ་དར་གྱི་སྐབས་བསམ་ཡས་ལ་སོགས་པར་གདན་ཕབ་ནས་བཞུགས་པ་དང༌། ཕྱིས་སུ་དགོན་པ་ཆུང་ངུ་རེར་སྡོད་པ་གཉིས་མི་འདྲ། ལྔ་པ། ཞུ་རྟེན་གསེར་ཕྱེའི་ཁྱད་པར་ནི། བསྟན་པ་སྔ་དར་གྱི་སྐབས་ཆོས་ཞུ་བའི་ཡོན་གསེར་ཤ་བའི་རླུད་བུ་བཀང་ནས་འབུལ་བ་དང་། ཕྱིས་ཀྱི་ཆོས་ཡོན་གསེར་ཞོ་གང་ཙམ་རེ་འབུལ་བ་གཉིས་མི་འདྲ་བ་བཅས་གསུངས་པ་རྣམས་ཡིན། དེ་ལ་ཆོས་འབྱུང་འདི་ཉིད(གྲུབ་མཐའ་ཆེན་མོ)རྩོམ་པ་པོས་མཇུག་བསྡོམས་ཀྱི་དཔྱད་བརྗོད་གནང་འདུག་པ་འདིར་མ་བྲིས་ཤིང༌། གཟིགས་པར་འདོད་ན《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་དཔར་མ་ཤོག་གྲངས༥༥༠ནས་༥༥༡བར་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།