ཁྱ་དགེ་འཇམ་དབྱངས་བསྟན་པ་ཆོས་ལྡན་
ཁྱ་དགེ་འཇམ་དབྱངས་བསྟན་པ་ཆོས་ལྡན་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ1760ལོར་མདོ་སྨད་འབྲིང་བའི་རིགས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1797 ལོར་མ་ཕམ་གཡུ་མཚོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ཆས་པ་བློ་བཟང་འཕྲིན་ལས་ལས་ཡི་གེའི་སྦྱོར་ཀློག་བཅས་ལ་བྱང་བར་བསླབས། རྒྱ་མཁར་བླ་མ་བློ་བཟང་བསྟན་པའི་རྒྱལ་མཚན་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ནས་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པར་མཛད། གུར་ཡག་དཀའ་བཅུ་བ་ལས་སུམ་རྟགས་དང་། སྒྲ་རིག་པ། སྙན་ངག་སོགས་སྦྱངས་པས་མཁས་པར་མཁྱེན། མཚན་སྒྲོགས་མཁན་པོ་བློ་བཟང་དར་རྒྱས་ལས་བསྙེན་པར་རྫོགས། དགུང་ལོ་སུམ་ཅུ་པ་རབ་བྱུང་བཅུ་གསུམ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ 1789 ལོར་ཀུན་མཁྱེན་འཇིགས་མེད་དབང་པོས་ཁྱ་དགེ་དཔོན་སློབ་ཀྱི་སྤྲུལ་སྐུར་ཐུགས་ཐག་བཅད་ཅིང་གདན་སར་བཀོད། ཐོ་ཡོན་ཆོས་རྗེ་འཇམ་དབྱངས་དགེ་འདུན་གྱིས་གདན་འདྲེན་ཞུས་པའི་ངོར་མདོ་སྨད་དུ་ལན་གཉིས་བྱོན། བཀའ་འགྱུར་བ་རབ་རྒྱས་ལས་བཀའ་འགྱུར་གྱི་ལུང་གསན། དགུང་ལོ་སོ་བདུན་པར་དབུས་སུ་བྱོན་ཏེ་གྲྭ་ས་ཁག་ལ་མང་འགྱེད་དང་། གཙང་ཁུལ་གྱི་དགོན་སྡེ་ཁག་ལ་མཆོད་འབུལ་མཛད། པཎ་ཆེན་བསྟན་པའི་ཉི་མ་མཇལ་ཞིང་ཆོས་འབྲེལ་ཞུས། དེ་ནས་ས་སྐྱ་གོང་འོག་དང་། གཉའ་ནང་འཕེལ་རྒྱས་གླིང་། མི་ལའི་སྒྲུབ་ཁང་། བལ་ཡུལ་དུ་སློབ་དཔོན་དབྱིག་གཉེན་གྱི་སྐུ་གདུང་། མཆོད་རྟེན་བྱ་རུང་ཁ་ཤོར། བྱ་རྒོད་ཕུང་པོའི་རི། སློབ་དཔོན་ཀླུ་སྒྲུབ་ཀྱི་སྒྲུབ་ཁང་རྣམས་སུ་མཆོད་འབུལ་ཐུགས་སྨོན་ནན་ཏན་དུ་མཛད། དགུང་ལོ་སོ་བརྒྱད་པར་མ་ཕམ་གཡུ་མཚོར་སྐུ་གཤེགས།