ཁྱ་དགེ་དཀོན་མཆོག་ཐུབ་བསྟན་རྒྱ་མཚོ་
ཁྱ་དགེ་དཀོན་མཆོག་ཐུབ་བསྟན་རྒྱ་མཚོ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1798 ལོར་མདོ་སྨད་མཛོད་དགེ་སྨད་བསེ་ཚང་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་མ་ཁྱ་དགེ་འཇམ་དབྱངས་བསྟན་པ་ཆོས་ལྡན་གྱི་སྤྲུལ་སྐུར་ངོས་འཛིན་གནང་ནས་གདན་ས་བཀོད། རྩེ་དབུས་འཇམ་དབྱངས་བཤེས་གཉེན་ལས་རབ་ཏུ་བྱུང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་བསྡུས་གྲྭ་དང་། ཚད་མ་རྣམ་འགྲེལ། དབུ་མ་རིགས་ཚོགས། ཕར་ཕྱིན་དོན་བདུན་ཅུ། འདུལ་བ་མདོ་རྩ། མཛོད་འགྲེལ་ཆེན་མོ་བཅས་ལ་ཐོས་བསམ་ནན་ཏན་དུ་མཛད་ཅིང་མཁས་པའི་སྙན་གྲགས་རྒྱས། གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས་ཤིང་དབང་ལུང་ཁྲིད་གསུམ་མང་དུ་ཞུས། ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་ལམ་རིམ་ཆེན་མོ་དང་། སྔགས་རིམ་ཆེན་མོ། ལེགས་བཤད་གསེར་ཕྲེང་། རིམ་ལྔ་གསལ་སྒྲོན་སོགས་ཟབ་རྒྱས་ཆོས་ཀྱི་མན་ངག་མང་དུ་གསན། སྨད་ཕྱོགས་སུ་སྔ་ཕྱིར་ལན་དུ་མར་བྱོན་ནས་གདུལ་བྱ་རྣམས་ཀྱི་འདོད་མོས་ལྟར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། གཞི་བྱེས་ཀུན་ཏུ་དབང་ལུང་ཁྲིད་གསུམ་གྱི་ཆོས་རྒྱུན་མང་དུ་སྤེལ། རང་དགོན་ཆས་པ་ཀོང་བུ་ནང་དགའ་ལྡན་བཀྲ་ཤིས་བསམ་འགྲུབ་གླིང་དུ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་སོ། དེ་ལྟར་བསྟན་འགྲོའི་དོན་ཆེན་ཡར་ལྡན་དུ་བསྐྱངས་ནས་དགུང་ལོ་བདུན་ཅུའི་ནང་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།།