ཁྭ་
ཁྭ། ༡དད་འབུལ་ཞུས་པའི་འབྲུ་རིགས་ཀྱི་སྤྱི་མིང༌། ༢འབྲུ་རིགས་སྤྱིའི་མིང༌། དཔེར་ན་མཚུར་ཕུའི་དགོན་པའི་ནང་གི་རྡོ་རིང་ཡི་གེའི་ཡིག་ཕྲེང༢༨པ་ནས༣༡པ་ལས། ལྷ་རོས་ཀྱི་འབངས་དང༌། དཀོར་ལ། ཁྲལ་མྱོ་དབབ་པ་དང༌། ཁྭ་དང༌། ཆད་ཀ:མྱྀ་བཞེས་པ་ལས་སྩོགས་པ་ཡང༌། ལྷ་རྀས་ཆེན་པོའི་ཐང་དུ་བཀའས་གནང་ངོ༌། །ཞེས་དང༌། ༡༠༧༧པའི་ཡིག་ཕྲེང༦༠པ་ལས། ཁྭ་མངན་ལྟ་བུ་གཉེར་ཆེན་གྱི་སུག་ལས་གྱང་རྔོ་ཐོག་ན། ཞེས་དང༌། ༡༡༡༡པའི་ཡིག་ཕྲེང་དང་པོར། རྒོད་སྩང་ཆོགས་པའི་སྩང་དང༌། ཁྭ་སྩང་པ་རྣཾ་གཉིས་ཀྱི་སྩང་རྩིས། ཞེས་དང༌། ཡིག་ཕྲེང༡༠པ་ལས་ཤ་ཅུ་ཁྭ་མངན་ཀྱི་རྟའི་ལོའི་དཔྱིད་རྩིས་བགྱིས་པའི་གཞི་ལུས་གྲོ་ནས་ཁལ་ཉིས་སྟོང་དྲུག་བརྒྱའ་དགུ་བཅུ་རྩ་ཕྱེ་དང་དགུ་དང་བྲེ་དགུ་ཞེས་དང༌། ཡིག་ཕྲེང༡༢ལས། རྟའི་ལོའི་སྟོན་རྒྱ་ཤ་ཅུ་པ་སྟོང་སྡེ་གསུམ་ལ་རྐྱ་དྲུག་བརྒྱའ་བརྒྱད་ཅུ་རྩ་བཞི་མཆིས་པ། རྐྱ་གཆིག་ཀྱང་ཁྭ་ཁལ་གཉིས་གཉིས་འབུལ་བ་བསྡོམས་ན་ནས་ཁལ་སྟོང་སུམ་བརྒྱའ་དྲུག་ཅུ་རྩ་བརྒྱད་བྱུང་བ་ཞེས་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།