ཁོག་དབུབ་འབྲིང་པོ་

ཡོང་ཁུངས་Wikipedia

༄༅།།རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྩ་རྒྱུད་དཔལ་གསང་བ་སྙིང་པོའི་ཁོག་དབུབ་འབྲིང་པོ་བཞུགས།། སྤྱིར་རྒྱུད་སྡེ་དང་མདོ་སྡེ་ཐམས་ཅད་ཀྱང་དབང་པོ་རབ་འབྲིང་ཐ་གསུམ་གྱི་དོན་དུ་གནས་པ་དང་མཐུན་པར།དཔལ་གསང་བ་སྙིང་པོ་འདི་ཡང་དེ་དང་མཐུན་པར་བཤད་པར་བྱ་སྟེ།དེ་ལ།དབང་པོ་རབ་མགོ་སྨོས་པས་གོ་བ་རྣམས་ལ་ཏནྟྲའི་མཚན་བཤད་པ་སྟོན་ཏེ།འབྲིང་པོ་རྣམས་ལ་དོན་རྣམ་པར་ཕྱེ་བ་ཙམ་སྟོན་ཏོ།།ཐ་མ་ལ་འབྲུ་རེ་རེ་ནས་བསྟན།དེ་ལ་ཏནྟྲའི་མཚན་ནི།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ།།ཞེས་བྱ་བ་འདི་བརྗོད་པར་བྱ་བ་ནི།གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དཔལ་ཀུན་ཏུ་བཟང་པོའི་བདག་ཉིད་དང་མཛད་པར་བཅས་ཏེ།དེ་ཉིད་རྟོགས་པར་དཀའ་ལ།ཕལ་ལ་བསྟན་པར་བྱ་བ་མ་ཡིན་པས།གབ་པ་དང་།སྦས་པའི་གསང་བའི་མཚན་ཉིད་དེ།དེའི་ཕྱིར་ན་དེ་ཉིད་གསང་བའི་མཚན་ཉིད་ཡིན་ནོ།།གཞན་ཡང་དེ་ཉིད་ནི།ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར།ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་ཆོས་ཀུན་ལ་ཁྱབ་པར་གནས་པའི་ཕྱིར་ན་སྙིང་པོ་ཡིན་ནོ།།གཞན་ཡང་དེ་ཉིད་ནི།ཡོན་ཏན་ཀྱི་ཆོས་ཐམས་ཅད་གདུལ་བྱ་ཆུད་མི་གསོན་པས།མི་བསླུ་བའི་ཕྱིར་དེ་ཁོ་ན་ཉིད་ཡིན་ཏེ།དེ་ཡང་རྒྱུ་དང་འབྲས་བུ་དང་རྒྱུ་འབྲས་རོ་གཅིག་པའི་མཚན་ཉིད་དོ།།གཞན་ཡང་དེ་ཉིད་ནི།དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་ཡིན་པས་དེའི་ཕྱིར་ངེས་པ་ཡིན་ནོ།།དེ་ལྟར་ན་ཚིག་གི་དོན་དེ་དག་ཀྱང་ཐ་དད་དུ་སྟོན་པ་ཡང་མ་ཡིན་ལ།ཡོན་ཏན་གྱི་ཆོས་གཅིག་སྟོན་པ་ཡང་མ་ཡིན་ཏེ།དཔེར་ན་བརྒྱ་བྱིན་དབང་པོ་གྲོང་ཁྱེར་འཇིག་ཅེས་བྱ་བ་ལྟ་བུའོ།།དེ་ནི་དབང་པོ་རབ་ཀྱི་དོན་དུ་བསྟན་པའོ།།འབྲིང་དུ་ནི།གླེང་གཞི་དང་།གླེང་བསླང་བ་དང་།ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རྒྱུད་ཀྱི་གཞུང་བསྟན་པ་དང་།རྒྱུད་ཡོངས་སུ་གཟུང་བ་བསྟན་པའོ།།ཇི་ལྟར་ཡོངས་སུ་ཤེས་པར་བྱ་བ་དང་།དགོས་འབྲེལ་བསྟན་པ་ནི།རྒྱུད་སྤྱིར་བཏང་བའི་མན་ངག་སྟེ།དཀྱུས་ལས་སྦྱོར་དུ་མ་མཆིས།དེ་ལ་གླེང་གཞི་ནི།གཞི་ཅི་ལས་གླེང་བསླངས་པ་བཅས་རྒྱུད་བརྗོད་པ་སྟེ།ནི་ད་ན་ཞེས་པའི་སྒྲས་ངེས་པ་སྦྱིན་པའི་ཕྱིར་གླེང་གཞི་ཞེས་བྱའོ།།དེ་ཡང་།སྟོན་པ་དང་།གནས་དང་།འཁོར་དང་།དུས་དང་།རྒྱུད་ཀྱི་སྤྱི་རྣམས་བརྗོད་པ་ཡིན་ནོ།།དེ་ཡང་འདིར་ཐུན་མོང་མ་ཡིན་པར་སྟོན་ཏེ།དེ་ལ་སྟོན་པ་ཐུན་མོང་མ་ཡིན་པ་ནི།སངས་རྒྱས་ཐམས་ཅད་ཀྱི་བདག་པོ།ཆོས་ཀུན་གྱི་རང་བཞིན།གདོད་མ་ནས་ལྷུན་གྱིས་གྲུབ་པའི་སངས་རྒྱས་སོ།།གནས་ཐུན་མོང་མ་ཡིན་པ་ནི།འོག་མིན་མཐའ་དང་དབུས་མེད་པའི་མཉམ་པ་ཉིད་དོ།།འཁོར་ཐུན་མོང་མ་ཡིན་པ་ནི།བྱང་ཆུབ་ཆེན་པོའི་རང་བཞིན་གཉིས་སུ་མེད་པའི་འཁོར་རོ།།དུས་ཐུན་མོང་མ་ཡིན་པ་ནི།དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སོ།།རྒྱུད་ཐུན་མོང་མ་ཡིན་པ་ནི།སངས་རྒྱས་ཉིད་ཀྱི་དགོངས་པ་དང་མཐུན་པ་ཆོས་ཐམས་ཅད་ཡེ་ནས་འབྲས་བུའི་ཆོས་སུ་ལྷུན་གྱིས་གྲུབ་པར་སྟོན་པའི་མཚན་ཉིད་དོ།།གླེང་བསླང་བ་ནི།ཀུན་ཏུ་བཟང་པོ་དང་།ཀུན་ཏུ་བཟང་མོས་གླེང་བསླང་བ་སྟེ།དེ་ཡང་།ཕྱག་རྒྱའི་དཀྱིལ་འཁོར་དང་།ཤེས་རབ་ཀྱི་མཚན་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་གླེང་བསླང་བ་སྟེ།དེ་དག་ཀྱང་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་ལ་དམ་པའི་ཚུལ་གྱིས་གླེང་བསླངས་བས།གཉིས་པར་འདོད་པ་ཕལ་དང་ཐུན་མོང་མ་ཡིན་པའོ།།ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི།སྤྱིར་རྒྱུད་ཐམས་ཅད་ཀྱིས་བསྟན་པར་བྱ་བ་དང་།གསང་སྔགས་ཀྱི་སྒོར་སྤྱོད་པ་རྣམས་ཀྱི་བསླབ་པའི་ངོ་བོ་ཡིན་ཏེ།དེ་ཡང་རེ་ཞིག་མདོར་བསྡུ་ན།དཀྱིལ་འཁོར་དང་།དམ་ཚིག་དང་།སྒྲུབ་པ་དང་།དབང་དང་།ཕྲིན་ལས་དང་།སྔགས་དང་།ཕྱག་རྒྱ་དང་།ཏིང་ངེ་འཛིན་དང་།མཆོད་པ་དང་།སྒོམ་པའི་བདག་ཉིད་ཙམ་དུ་འདུས་པར་ཤེས་པར་བྱའི།སྤྲོས་ན་ནི།དེ་ཁོ་ན་ཉིད་བཅུ་དང་།བཅུ་དྲུག་དང་།སུམ་ཅུ་རྩ་བདུན་དང་།རྒྱུད་ཀྱི་དངོས་པོ་ཉི་ཤུ་རྩ་གཅིག་ལ་སོགས་པར་འགྱུར་ཏེ།ཤིན་ཏུ་བསྡུས་ན།དཀྱིལ་འཁོར་ནས་ཕྲིན་ལས་ཀྱི་བར་དུ་རྣམ་པ་ལྔར་ཡང་འདུ་བར་ཤེས་པར་བྱའོ།།དེ་ལ་རེ་ཞིག་དཀྱིལ་འཁོར་ནི།ཆོས་རྣམས་ཀྱི་རྒྱལ་པོ་འཁོར་དང་བཅས་པའི་ཕོ་བྲང་དང་བཅས་པ་སྟེ།དེ་ཡང་རང་བཞིན་དང་།ཏིང་ངེ་འཛིན་དང་།གཟུགས་བརྙན་དང་།ཚོགས་ཀྱི་དཀྱིལ་འཁོར་དང་།དེ་དག་ཐམས་ཅད་དབྱེར་མེད་པར་འདུས་པའི་དོན་ནི་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ།།དེའི་དོན་རྒྱུད་འདིར་བསྟན་པ་ནི།གླེང་གཞིའི་ལེའུ་ལས་ཆོས་ཀྱི་སྐུ་དང་།ལོངས་སྤྱོད་རྫོགས་པའི་སྐུ་དང་།སྟོན་པའི་སྐུའི་དཀྱིལ་འཁོར་རོ།།གཉིས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ཡེ་ཤེས་ལྔ་གསུངས་པ་ནི།ཐུགས་ཀྱི་དཀྱིལ་འཁོར་རོ།།གསུམ་པ་ལས་སྤྲུལ་སྐུར་བསྟན།བཞི་བ་ལས་ཡེ་ཤེས་སྒྱུ་འཕྲུལ་གསུང་བ་ཙམ་ནི།གསུང་གི་དཀྱིལ་འཁོར་རོ།དགུ་བ་ལས་དཀྱིལ་འཁོར་བྲི་བའི་མཚན་ཉིད་གསུངས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རོ།།བཅུ་གཅིག་པ་དང་བཅུ་གཉིས་པ་ལས་ཚོགས་དང་ཚོགས་འབུལ་བར་གསུང་བ་ནི།ཚོགས་ཀྱི་དཀྱིལ་འཁོར་རོ།།བཅུ་གསུམ་པ་ལས་རྫོགས་པ་ཆེན་པོའི་མན་ངག་གསུངས་པ་ནི།གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ།།དེ་དག་གིས་དཀྱིལ་འཁོར་བསྟན་པ་ཡིན་ཏེ།དེ་ལས་ཀྱང་ལེའུ་དྲུག་པའི་སྐབས་སུ་ཀུན་འབྱུང་གི་ཆོས་ཐམས་ཅད་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པར་འདོད་པ་ནི།ལྷུན་གྱིས་གྲུབ་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཤེས་པར་བྱའོ།།ཅིར་སྣང་ཡང་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་རྟོགས་པ་ནས་གོམས་པར་བྱེད་པ་ནི།ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ཏེ།དེ་དག་ཀྱང་བཙལ་དུ་མེད་པར་ལྷུན་གྱིས་གྲུབ་པ་ནི།རང་བཞིན་གྱི་དཀྱིལ་འཁོར་ཡིན་པས།ལེའུ་དྲུག་པ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱི་ཡིན་ཏེ།བཅུ་གསུམ་པ་ཡང་དེ་བཞིན་ནོ།དེ་ལ།དམ་ཚིག་ནི།དམ་ཚིག་གི་བདག་པོའི་བཀའ་བཞིན་བྱེད་པའི་བདག་ཉིད་དེ།རྩ་བ་དང་ཡན་ལག་ཏུ་གཏོགས་པའི་བསྡུ་མཚམས་དག་ཡིན་ཏེ་དེ་ཡང་བཅུ་དགུ་བས་བསྟན་ཏོ།།དབང་ནི།ཆོས་ཀྱི་རྒྱལ་པོའི་བཀའ་ཐོབ་པའི་མཚན་ཉིད།ཡོན་ཏན་གྱི་ཆོས་སློབ་མའི་རྒྱུད་ལ་བགོ་ཞིང་བྱིན་གྱིས་རློབ་པ་ཅན་དུ་བྱེད་པ་སྟེ།ལེའུ་བཅུ་བས་བསྟན་ཏོ།།བསྒྲུབ་པ་ནི།བདེ་བར་གཤེགས་པ་མཉེས་པར་བྱས་པའི་སྒོ་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཐབས་ཀྱི་ཆོ་ག་སྟེ།དངོས་སུ་བསྙེན་སྒྲུབ་ཀྱི་ཡན་ལག་གོ།དེ་ལའང་རྒྱུད་འདིར་ནི།ལེའུ་བཞི་པའི་ཡི་གེ་སྒྱུ་འཕྲུལ་སྒོམ་པའི་ཐབས་དང་།ལེའུ་ལྔ་བའི་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་གྱིས་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཏེ།ཚོགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་ཕལ་ཆེར་མཆོག་གི་དངོས་གྲུབ་སྒྲུབ་པ་རྣམས་སོ།།ཕྲིན་ལས་ནི།བྱང་ཆུབ་སེམས་དང་ལྡན་པའི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་མཚན་ཉིད་དེ།ཞི་བ་ལ་སོགས་པ་རྣམས་སོ།ལྔ་པོ་དེ་དག་ཙམ་དུ་ཡང་རྒྱུད་ཀྱི་དངོས་པོ་འདུས་པར་བལྟའོ།།དེའི་ཡན་ལག་ཏུ་གྱུར་བ་ནི་སྔགས་ལ་སོགས་པ་བཞི་ཡིན་ཏེ།དེ་ལ་སྔགས་ནི།གནས་སྐབས་འདིར་ཐབས་དང་ཤེས་རབ་ཟབ་མོའི་སྒོར་གྱུར་པ་བདེན་པའི་བྱིན་རླབས་དང་ལྡན་པའི་སྔགས་ཅེས་བྱ་སྟེ།ཨོཾ་དང་ཧཱུཾ་ལ་སོགས་པའི་ཡི་གེའི་བདག་ཉིད་རྣམས་སོ།།དེ་ནི་ལེའུ་བདུན་པས་བསྟན་ཏོ།།ཕྱག་རྒྱ་ནི།བདག་ཉིད་ཆེན་པོ་རྣམས་ཀྱི་མཚན་མ་སྟེ།དེ་ནི་འདེབས་ཤིང་བྱིན་གྱིས་རློབས་པ་ལ་སོགས་པའི་ཚུལ་གྱིས་ཕྱག་རྒྱ་ཞེས་བྱ་སྟེ།ལེའུ་བརྒྱད་པ་ལས་བསྟན་ཏོ།།ཏིང་ངེ་འཛིན་ནི།དེ་ཁོ་ན་ཉིད་ཀྱི་དོན་ལ་ཡིད་འབྱོར་ཅིང་རྩེ་གཅིག་པའི་མཚན་ཉིད་དེ།འདིར་ལེའུ་གཅིག་ཏུ་ཡང་མ་ངེས་ཏེ་ཁོང་ཁྲ་རུ་ཤེས་པར་བྱ་སྟེ།ཀུན་ཏུ་བཀྲམ་སྟེ་ཤེས་པར་བྱའོ།།མཆོད་པ་ནི།རྒྱལ་བ་མཉེས་པར་བྱེད་པའི་ཐབས་ཏེ།དེ་ཡང་ལེའུ་དགུ་པ་ལས་གསུངས་པའི་རྫས་དང་། ཏིང་ངེ་འཛིན་དང་།སྦྱིན་སྲེག་དང་།སྦྱོར་བའི་མཆོད་པ་ཇི་ལྟར་གསུངས་པ་དང་།ཚོགས་ཀྱི་དཀྱིལ་འཁོར་ལ་སྦྱོར་བ་དང་། ཞར་ལ་བདུད་རྩི་གསུངས་བ་དང་།སྒྲོལ་བ་རྣམས་ཇི་སྐད་གསུངས་པ་དང་།མཆོད་སྦྱིན་དམ་པའི་ལེའུ་ལས།ཤིན་ཏུ་རྣམ་པ་གསུམ་གསུངས་པ་དང་།གླུའི་ལེའུ་རྣམས་ལས་ཤེས་པར་བྱའོ།།ཁྲོ་བོའི་དཀྱིལ་འཁོར་དུ།རང་བཞིན་དང་།ཏིང་ངེ་འཛིན་དང་།གསང་སྔགས་གསུངས་པ་དང་།ཁྲོ་བོའི་གཟུགས་བརྙན་ནི།དཀྱིལ་འཁོར་ལེའུ་དགུ་པ་ལས་ཞི་བ་བཞིན་དུ་བྱ་བར་གསུངས་པ་དང་།ཁྲོ་བོའི་ཚོགས་ཀྱི་ལེའུ་ལས་གསུངས་པ་རྣམས་ཞི་བ་དང་མཐུན་པར་སྦྱར་བར་བྱའོ།།ཁྲོ་བོའི་ཕྱག་རྒྱ་མ་གསུངས་པ་ནི།ལེའུ་ལྷག་མས་འབྱུང་བ་ལྟར་ཤེས་པར་བྱ་བའམ།ཡང་ན་ཁྲོ་བོ་ཆེན་པོ་རྣམས་ཀྱི་རང་རང་གི་མཚན་མ་འཛིན་པའི་རྣམ་པའི་སྟང་སྟབས་ཉིད་ཕྱག་རྒྱ་ཡིན་པས།སོར་མོའི་ཕྱག་རྒྱ་བཅའ་མི་དགོས་ཏེ།དྲག་ཤུལ་གྱི་སྤྱོད་པས་འདུལ་བ་ཉིད་ཀྱི་ཕྱིར་རོ།།ཐ་མ་རྒྱུད་ཡོངས་སུ་གཟུང་བ་ནི།མ་འོངས་པའི་རྣལ་འབྱོར་པ་རྒྱུད་ཀྱི་དོན་རྟོགས་པའི་སྐལ་བ་དང་ལྡན་པ་གང་སུ་ཡང་རུང་བ་དག་ལ་གཏད་པ་སྟེ།དེའི་ཡང་འཁོར་གྱི་གཙོ་བོ་ལ་གཏད་པ་ལྟ་བུ་དང་ཐུན་མོང་མ་ཡིན་ནོ།།དེ་ཇི་ལྟར་ཡོངས་སུ་ཤེས་པ་ནི།གསང་སྔགས་ཀྱི་སྤྱིར་བཏང་བའི་མན་ངག་སྟེ།བདེན་པ་རྣམ་པ་གཉིས་དབྱེར་མེད་ཅིང་།ཆོས་ཐམས་ཅད་མཉམ་པ་ཆེན་པོའི་ངང་དུ་སྟོན་པར་ཤེས་པར་བྱའོ།།དགོས་འབྲེལ་ནི།ཀུན་ཏུ་བཟང་པོའི་རང་བཞིན་ནི།བརྗོད་པར་བྱ་བའོ།།ཚིག་དང་ཡི་གེ་ནི།རྗོད་བྱེད་དོ།།དེའི་སྒོ་ནས་དོན་ཁོང་དུ་ཆུད་པ་ནི།དགོས་པའོ།།དེ་ལྟར་ན་རྟོགས་པ་དང་རྒྱུད།རྒྱུ་དང་འབྲས་བུའི་ཚུལ་གྱིས་འབྲེལ་བའམ།རྒྱུད་དང་དགོས་པ།ཐབས་དང་ཐབས་ལས་བྱུང་བའི་ཚུལ་གྱིས་འབྲེལ་བས།འབྲེལ་བའོ།།སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་གྱུར་པ་ནི།དགོས་པའི་ཡང་དགོས་པའོ།།འདི་ཙམ་ནི་དབང་པོ་འབྲིང་གི་དོན་ཡིན་ཏེ།ཐ་མ་རྣམས་ལ་ནི།འབྲུ་རེ་རེ་ནས་བཤད་པར་གསུངས་སོ།།ཞེས་ཕལ་ཆེར་གྲགས་སོ།།།།ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོའི་གསུང་ཡིན་ནོ།།སརྦ་མངྒ་ལཾ།།།།