ཁོ་ཚེ་དཀོན་མཆོག་བསོད་ནམས་
ཁོ་ཚེ་དཀོན་མཆོག་བསོད་ནམས་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ 1770 ལོར་མདོ་སྨད་ཨ་རིག་ཡུལ་དུ་ཡབ་ཆོས་གྲགས་དང་། ཡུམ་ཀ་མེ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1844 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཉིས་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཆོས་གྲྭ་ལ་ཞུགས། ཡི་གེའི་སྦྱོར་ཀློག་ནས་བཟུང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ཕུལ་དུ་ཕྱིན་པར་མཛད་པས་རྡོ་རམས་པའི་མཚན་བཏགས་བཞེས། བྱང་རྒྱུད་ཀྱི་དགོན་སྡེ་རྣམས་ལ་འགྲིམས་ནས་མཚན་ཉིད་ཀྱི་དམ་བཅའ་བཞག་པས་རྣམ་དཔྱོད་ཕུལ་དུ་ཕྱིན་པའི་སྙན་གྲགས་ཐོབ། གྲྭ་ཚང་གི་དགེ་བསྐོས་དང་། བླ་མ་དབུ་མཛད། རྒྱུད་པའི་ཁྲི་བ་བཅས་ཀྱི་འགན་ཁུར་བཞེས། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 1834 ལོར་བླ་བྲང་དགོན་པའི་གདན་སའི་ཁྲི་ལ་ཕེབས་ནས་ལོ་ལྔའི་རིང་དུ་གདན་ས་བསྐྱངས་ཤིང་ཆོས་འཆད་ཉན་དང་རྒྱུ་གཏོང་སྒོ་གང་གི་ཐད་ནས་ཀྱང་ཡར་ལྡན་དུ་མཛད། སྐུ་གསུང་ཐུགས་རྟེན་ཡང་མང་དུ་བཞེངས། ཁྲི་ཟུར་ནས་ཨ་མཆོག་དང་དགོན་གསར་རབ་རྒྱས་གླིང་གི་ཁྲི་བ་མཛད་ཅིང་ཆོས་འཆད་ཉན་ཁོ་ནས་དུས་འདའ་བའོ། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་སོ་དྲུག་པ་ཡིན་ནོ།།