ཁེར་གད་འཁོར་ལོ་གྲགས་པ་
ཁེར་གད་འཁོར་ལོ་གྲགས་པ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་བཅས་ལ་བྱང་བར་མཛད་ཅིང་། རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ལེགས་པར་སྦྱངས། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་གཉིས་ཀའི་གཞུང་ལ་ཐོས་བསམ་ཕུལ་དུ་ཕྱིན་པ་མཛད་ཅིང་། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་[153]ཞིང་ཆུབ་པར་བསླབས་ཏེ་རྒྱ་གཞུང་དུ་མ་བོད་ཡིག་ཏུ་བསྒྱུར་བར་མཛད། ཁོང་གི་བསྒྱུར་རྩོམ་ནི《བཀའ་འགྱུར》ལས《དཔལ་རྡོ་རྗེ་ནག་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད》ལེའུ་ཉི་ཤུ་རྩ་ལྔ་པ་དང་། 《བསྟན་འགྱུར》ལས《རྡོ་རྗེ་ཐེག་པའི་དུས་ཀྱི་འཁོར་ལོའི་རྩ་བའི་ལྟུང་བ》། 《དཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག》། 《དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ》བཅས་བཞུགས་སོ།།