ཁེངས་རློམ་དང་ཕྱོགས་རེས།
བརྩམས་ཆོས་མྱོང་རོལ།
[རྩོམ་སྒྲིག]༼ཁེངས་རློམ་དང་ཕྱོགས་རེས༽བྱ་བ་ནི་ཨོ་སི་ཊིན་གྱི་འཐུབ་ཚབ་བརྩམས་ཆོས་ཡིན་ལ། སྒྲུང་རྩོམ་འདི་རུ་རྒྱུན་ལྡན་གྱི་འཚོ་བའི་སྣང་ཚུལ་མང་པོ་བརྗོད་བྱར་བྱས་ནས་དེ་དུས་སུ་རྩོམ་སྟེགས་དུ་དར་བའི་སྐྱོ་གར་གྱི་ནང་དོན་བརྠོད་བྱ་འགོད་པ་དང་རྣམ་པ་ཙམ་བཟུང་བའི་རྩོམ་འབྲི་དང་ལྡོག་ནས། གསོན་ཉམས་ལྡན་པའི་སྒོ་ནས་དུས་རབས་ཅོ་བརྒྱད་ཀྱི་མཇུག་དང་དུས་རབས་བཅུ་དགུ་བའི་མགོའི་རྙིང་ཞེན་དང་བརྡ་འཕྲིན་མི་འཕྲོད་པའི་དབྱིན་ཇིའི་གྲོང་གསེབ་གྱི་འཚོ་བ་དང་མི་དང་མའི་བར་གྱི་བརྩེ་བ་མངོན་ཡོད། སྤྱི་ཚོགས་འཚོ་བའི་མེ་ལོང་ལྟ་བུར་གྱུར་ཡོད་པའི་བརྩམས་སྒྲུང་འདིའི་དུས་བ་དེ་ལ་མི་རྣམས་ཀྱི་ཡིད་དབང་འཕྲོག་ཡོད་པ་མ་ཟད། དུས་ད་ལྟའི་བར་དུའང་ཀློག་པ་པོ་གང་མང་ལ་ཁྱད་མཚར་བའི་སྒྱུ་རྩལ་གྱི་མྱོང་རོལ་བྱ་ཡུལ་དུ་གྱུར་ཡོད།
རྩོམ་པ་པོས་སྒྲུང་རྩོམ་འདིའི་ནང་གི་པན་ནཱ་ཊི་ཚང་གི་བུ་མོ་ལྔའི་རང་རང་གི་གཉེན་དོན་ལ་ལྟ་སྟངས་མི་འདྲ་བ་བཟུང་ཡོད་པ་དེ་འབྲི་བཞེང་བྱས་པ་བརྒྱུད་ནས་འབྲིང་རིམ་ཁྱིམ་ཚང་ནས་སྐྱེས་པའི་གྲོང་གེསབ་བུད་མེད་དག་གིས་གཉེན་དོན་དང་བརྩེ་དུང་སོགས་ཀྱི་གནད་དོན་ལ་བཟུང་ཡོད་པའི་རྣམ་འགྱུར་མཚོན་ཡོད། ཟུར་གཞན་ཞིག་ནས་རྩོམ་པ་རང་ཉིད་ཀྱི་རྒྱུ་ནོར་དང་གོ་གནས་གཅིག་པུར་ཐོབ་པའི་ཕྱིར་གཉེན་སྒྲིག་པ་ནི་གཞི་ནས་ནོར་འཁྲུལ་ཡིན་པ་དང་རྒྱུ་ནོར་དང་གོ་གནས་སོགས་ལ་གཞི་ནས་དོ་སྣང་མ་བྱེད་ན་འང་ནོར་འཁྲུལ་ཡིན་པའི་གཉེན་དོན་གྱི་ལྟ་ཚུལ་བརྗོད་ཡོད།དེ་བས་རྩོམ་པ་པོས་རྒྱུ་ནོར་གྱི་ཆེད་དུ་གཉེན་སྒྲིག་པར་དགག་པ་དང་གཉེན་དོན་ལ་སྣང་ཆུང་བྱས་པའི་སྤྱོད་ལམ་ལའང་ངོ་རྒོལ་གཏོང་བཞིན་ཡོད། མོས་གཉེན་སྒྲིག་གི་གལ་ཆེན་རང་བཞིན་ལ་ནན་བཤད་བྱས་པ་དང་ཕོ་མོ་ཕན་ཚུན་བར་གྱི་བརྩེ་བ་ནི་ཡིད་བཞིན་དུ་འགྲུབ་པའི་གཉེན་དོན་གྱི་རྨང་གཞི་ཡིན་པར་འདོད།སྒྲུང་རྩོམ་གྱི་མི་སྣ་གཙོ་བོ་ཡེ་རེ་སི་པཱ་ནི་ཞིང་བདག་ཆུང་ཆུང་ཞིག་གི་ཁྱིམ་ནས་སྐྱེས་ཤིང་། ཕྱུག་བདག་གི་བུ་དཱ་སེ་ཡིས་བརྩེ་བ་ཆགས་ཡོད། དཱ་སེ་ཡིས་ཁོ་གཉིས་བར་གྱི་གྲལ་རིམ་དང་འབྱོར་ཕྱུག་ལ་སོགས་ལ་གནམ་ས་ལྟ་བུའི་ཁྱད་པར་ཤོར་ཡོད་པར་མི་འཛེམ་པར་ཡེ་རེ་སི་པཱལ་གཉེན་སློང་རུང་མོས་དང་ལེན་མ་བྱས་པ་རེད།ཡེ་རེ་སི་པཱ་ཡིས་སྐུ་ཞབས་དཱ་སེ་ལ་གོ་བ་ལོག་ཡོད་པ་དང་ཕྱོགས་རིས་ཀྱི་དབང་དུ་སོང་ཡོད་པ་ནི་གཉེན་སློང་པ་དང་ལེན་མ་བྱས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ལ། དེ་ལས་གཟོད་ཐབས་བྲལ་བ་ནི་དཱ་སེ་ཡི་ཁེངས་རློམ་གྱི་གཤིས་ཀ་དེ་རེད། ་སྐུ་ཞབས་དཱ་སེ་ཡི་ཁེངས་རློམ་དེ་ནི་ཁོང་གཉིས་སྤྱི་ཚོགས་ཀྱི་གོ་གནས་མི་གཅིག་པའི་སྣང་ཚུལ་དེ་ཉིད་བསམ་བཞིན་དུ་བསྟན་པ་དང་གཞི་ནས་མཚུངས་པས། གཏན་དུ་ཡལ་མི་སྲིད་པའི་ཁེངས་རློམ་དེས་ཁོ་དང་ཡེ་རེ་སི་པཱ་གཉིས་ཀྱི་བར་ལ་ཐུན་མོང་གི་བསམ་བློ་དང་བརྩེ་བ་ཆགས་རྒྱུ་དཔེ་མི་སྲིད། དེ་ལས་ལྷག་པར་བསམ་ཐོག་དུ་གནས་པའི་གཉེན་སྒྲིག་རྒྱུ་གཞི་ནས་ཡོད་ས་མ་རེད།འབྱུང་འགྱུར་གྱི་འཚོ་བའི་ཁྲོད་དུ་ཡེ་རེ་སི་པཱ་ཡིས་སྐུ་ཞབས་དཱ་སེ་ཡི་བྱ་བ་སྤྱོད་པ་སོགས་ལ་ཞིབ་ལྟ་བྱེད་པ་བརྒྱུད། སྒོས་སུ་ཁོས་སྔོན་ཆད་ལྟར་གནས་པའི་ང་རྒྱལ་ཁེངས་རློམ་གྱི་གཤིས་ཀ་དང་རྣམ་འགྱུར་སོགས་ལ་འགྱུར་བ་བྱུང་བ་ཚོར་བྱུང་། དེ་བས་ཁོར་བཟུང་ཡོད་པའི་ལྟ་སྟངས་རྙིང་བ་དང་ཕྱོགས་རིས་སོགས་རིམ་བཞིན་བསྐྱུར་ནས་བསམ་དོན་ལྟ་བུའི་གཉེན་སྒྲིག་རྒྱུ་བྱུང་བ་རེད།ཡེ་རེ་སི་པཱ་ཡིསསྐུ་ཞབས་དཱ་སེ་ཡི་སྔ་གཞུག་ཐེངས་མང་པོར་གཉེན་སློང་བ་ལ་རྣམ་འགྱུར་མི་འདྲ་བ་བཟུང་ཡོད་པ་དང་། དེ་ལས་དུས་སྐབས་དེར་བུད་མེད་རྣམས་ཀྱི་རང་གི་མི་གཞི་སྒེར་ཚུགས་ལ་རེ་སྙེག་དང་ཕོ་མོ་འདྲ་མཉམ་གྱི་དབང་ཆ་བརྩོན་ལེན་བྱེད་པའི་གནས་ཚུལ་མཐོང་ཐུབ། འདི་ཡང་ཡེ་རེ་སི་པཱ་བྱ་བའི་མི་སྣ་འདི་ཉིད་འབྲི་བཞེང་བྱེད་པའི་ཁྲོད་སྔོན་ཐོན་གྱི་ཆ་རུ་མཐོང་།
བསམ་བློའི་ནང་དོན།
[རྩོམ་སྒྲིག]སྒྲུང་གཏམ་གྱི་ནང་དོན་ལ་གཞི་བཅོས་ན་། ཡེ་རེ་སི་པཱ་ནི་སྤྱང་གྲུང་འཛོམས་ཤིང་བློ་སྤོབས་ལྡན་པ། མིག་རྒྱང་རིང་ཞིང་རང་བཀུར་ཅན་ཞིག་ཡིན་ལ་གནད་དོན་ལ་ཐུག་དུས་རང་འགུལ་གྱི་བསམ་བློ་གཏོང་རྒྱུ་མོས་པ་ཅན་ཞིག་རེད། བུད་མེད་ཚོ་དུས་རྟག་དུ་ཁྱིམ་ནས་ཡང་མར་མི་འགྲོ་བའི་དུས་སྐབས་དེ་ལ་མཚོན་ན་བུད་མེད་ཞིག་ལ་གོང་གི་བཟང་ཆ་དེ་དག་ལྡན་པ་ཤིན་དུ་དཀོན། མོ་ལ་སྒེར་ཚུགས་ཀྱི་བསམ་བློ་ལྡན་ཞིང་བརྩེ་དུང་དང་གཉེན་དོན་སོགས་ཀྱི་གནད་དོན་ཐད་ལ་རང་གི་ལྟ་སྟངས་ཆགས་ཡོད་པས་བརྩེ་དུང་འཚོལ་བའི་ལམ་བུ་ལ་ཀྱག་ཀྱོག་ཆེ་ནའང་མཐའ་མར་སྐུ་ཞབས་དཱ་སེ་དང་མཉམ་དུ་གཉེན་སྒྲིག་ནས་འཚོ་བའི་བསྐྱེལ་བའིལེགས་འབྲས་བྱུང་།
སྒྲུང་རྩོམ་འདི་རུ་ད་དུང་མོའི་མིང་སྲིང་རྣམས་དམ་གྲོགས་མོ་སོགས་ཀྱི་གཉེན་སྒྲིག་གི་འཚོ་བ་བྲིས་ཡོད་ལ། དེ་དག་ནི་ཟུར་ལྟའི་རྒྱུ་ཆ་དང་འདྲ་བར་ཡེ་རེ་སི་པཱ་ཡི་ཕུགས་བསམ་རང་བཞིན་ཅན་གྱི་གཉེན་དོན་ལ་གཤིབ་བསྡུར་བྱེད་ཡུལ་དུ་གྱུར་ཡོད། དཔེར་ན་ཤཱ་རོ་ཏེ་དང་ཁོ་ལེན་སི་གཉིས་ཀ་གཉེན་སྒྲིག་རྗེས་ཟ་འཐུང་གང་ལའང་སེམས་ཁྲལ་བྱེད་མི་དགོས་པའི་གནས་སུ་གྱུར་ཡོད་ནའང་། ཁྱོ་ཤུག་ཕན་ཚུན་བར་ལ་བརྩེ་དུང་ཆགས་མེད་པའི་རྐྱེན་གྱིས་གཉེན་དོན་གི་གདོང་འབག་འོག་དུ་ལསུ་ཡོད་པའི་སྤྱི་ཚོགས་རང་བཞིན་ཅན་གྱི་སྐྱོ་གར་གཞི་ནས་མཐོང་།
རྩོམ་པ་པོ་ཁོངགི་བརྗོད་བྱའི་ཁྱབ་ཁོངས་ལྟོས་བཅས་ཀྱི་ཆ་ནས་བཤད་ན་ཅུང་ཟད་དོགས་པ་དང་གཏམ་རྒྱུད་ཀྱི་རང་བཞིན་དེ་འདྲ་མངོན་གསལ་དུ་མ་མཐོང་མོད། འོན་ཀྱང་རྩོམ་པ་པོ་ཁོང་ཉིད་རྒྱུན་ལྡན་གྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཞུགས་ནས་འབུར་དུ་ཐོན་པའི་མི་སྣའི་སྣང་བརྙན་འབྲི་བཞེངས་བྱས་པར་ཤིན་དུ་མཁས་པས། ཡེ་རེ་སི་པཱ་དང་སྐུ་ཞབས་དཱ་སེ་ལྟ་བུ་རྩོམ་པ་པོས་དྲང་ཕྱོགས་མི་སྣར་ལྟ་འདོད་པ་ཅན་ཡིན་ནའང་འདྲ། ཡང་ན་ཝེ་ཀི་ཧན་དང་ཁོ་ལེན་སི་ལྟ་བུར་ཀུན་ཀྱི་ཁྲེལ་བའི་རྒྱུ་རུ་ཟད་པའི་མི་སྣ་ཡིན་འང་འདྲ། ཚང་མ་འབྲི་བཞེང་བྱེད་པ་གསོན་ཉམས་ལྡན་པ་རེད།
དེ་དང་བསྟུན་ནས། རྩོམ་པ་པོའི་སྐད་ཆ་ནི་སྲེག་བཅད་བརྡབ་གསུམ་བྱེད་ཡོད་པས། མི་སྣ་ཕན་ཚུན་བར་ཁ་བརྡ་བྱེད་དུས་སུ་བཞད་གར་གྱི་ཉམས་དང་ཟུར་ཟའི་དོན་ལྷུག་ལྷུག་དུ་མཚོན་ནུས་ཤིང་། རྒྱུན་དུ་དགོད་སྤྲོ་བའི་དོན་གྱི་མི་སྣའི་ཁྱད་པར་ཅན་གྱི་གཤིས་ཀའི་ཁྱད་ཆོས་མངོན་ཡོང་། སྒྱུ་རྩལ་གསར་གཏོད་ཀྱི་ཆ་འདིའི་རྩོམ་པ་པོ་ཁོང་གི་བརྩམས་ཆོས་ལ་རང་ཉིད་ཀྱི་ཁྱད་ཆོས་དམ་བྲོ་བ་ལྡན་པ་རེད།