ཁེངས་
ཁེངས་ཞེས་པ་ནི་ཉོན་མོངས་པའི་ང་རྒྱལ་གྱིས་སེམས་རྒྱུད་ཁེངས་ཤིང་ཞུམ་པ་མེད་པའི་སེམས་ཀྱི་རང་བཞིན་ཞིག་ལ་གོ འདི་ནི་ཉོན་མོངས་པ་བདུན་གྱི་ནང་ནས་ཤིན་ཏུ་ཉེས་དམིགས་ཆེ་བ་ཞིག་ཡིན་ལ། སེམས་ཅན་རྣམས་ངན་སོང་དུ་ཁྲིད་པའི་རྒྱུ་གཙོ་བོ་ཞིག་ཀྱང་ཡིན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]རང་ཉིད་མཐོ་བར་རློམ་པས་སེམས་རྒྱུད་ཞུམ་པ་མེད་ཅིང་ང་རྒྱལ་གྱིས་བརྟས་པས་ན་ཁེངས་ཞེས་བརྗོད་དོ། །
མཚན་ཉིད།
[རྩོམ་སྒྲིག]"ང་རྒྱལ་གྱིས་ཁེངས་པ་ནི་ཞུམ་པ་མ་ཡིན་པའོ། །"[༡]ཞེས་གསུངས། སེམས་རྒྱུད་མ་རུང་བ་རང་ཉིད་ཀུན་ལས་མཐོ་སྙམ་པའི་ང་རྒྱལ་ལས་བྱུང་བའི་ཞུམ་པའི་རྣམ་པ་མེད་པར་ཁེངས་དྲགས་ཕྱིར་མངོན་པ་ཞིག དམ་པའི་ཆོས་ལ་ཐུག་ན་ཞུམ་པའམ་ཉམས་དམའ་བའི་རྣམ་ནི་ལེགས་ཤིང་ཁེངས་པ་ནི་མི་ལེགས་པའི་དོན་ཏོ། །
ནང་དོན
[རྩོམ་སྒྲིག]"ཉོན་མོངས་པའི་ང་རྒྱལ་གྱིས་སེམས་རྒྱུད་ཁེངས་ནས་ཉེས་སྤྱོད་སྣ་ཚོགས་ལ་ཞུགས་པས་དམྱལ་བ་ལ་སོགས་པའི་ངན་འགྲོར་ཉོན་མོངས་པའི་ང་རྒྱལ་གྱི་དགྲ་བོས་དབང་མེད་དུ་ཁྲིད་ཅིང་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་དུ་མ་ལ་སྦྱོར་བར་བྱས་ཏེ་"[༢]ཞེས་གསུངས། ཁེངས་པའི་ཉོན་མོངས་པས་སེམས་དབང་དུ་བསྡུས་ནས་སྡིག་པའི་ལས་མང་པོ་བྱེད་ཅིང་། དེའི་དབང་གིས་དམྱལ་བ་སོགས་ངན་འགྲོའི་སྡུག་བསྔལ་རྣམ་པ་མང་པོ་མྱོང་དགོས་པའི་དོན་ཏོ། །
"ང་རྒྱལ་བདུན་པོ་རྣམས་ལས་གང་ཡང་རུང་བའི་ང་རྒྱལ་གྱིས་ངན་སོང་དུ་ཁྲིད་པ་ནི་དམྱལ་བ་ལ་སོགས་པ་རྣམས་སུ་ཁྲིད་པའོ། །"[༣]ཞེས་པ་ནི། ང་རྒྱལ་བདུན་པོ་གང་དུ་ཡོད་པ་ཡིན་ཡང་ཡང་དེ་རྣམས་ཀྱིས་སེམས་ཅན་དམྱལ་བ་སོགས་ངན་སོང་གསུམ་དུ་འཁྲིད་ནུས་པའི་དོན་ཏོ། །"ཉོན་མོངས་པའི་ང་རྒྱལ་གྱིས་ཁེངས་ནས་ང་རྒྱལ་གྱིས་ངན་འགྲོར་འཁྲིད་ཅིང་། མིའི་ལུས་སུ་སྐྱེས་ནའང་དགའ་སྟོན་བཅོམ་པ་སྟེ་ཡིད་མི་དགའ་བ་དང་། གཞན་གྱི་ཟན་ཟ་བའི་བྲན་དང་། གླེན་པ་དང་། གཟུགས་མི་སྡུག་པ་དང་། ལུས་ཉམ་ཆུང་བ་དང་། གནས་སྐབས་ཐམས་ཅད་དུ་གཞན་གྱིས་བརྙས་པར་འགྱུར་རོ། །"[༤]ཞེས་ཁེངས་པའི་ཉོན་མོངས་པས་ངན་སོང་དུ་འཁྲིད་ཅིང་མིར་སྐྱེས་ན་ཡང་དགའ་སྟོན་སོགས་བདེ་བ་མྱོང་མི་ཐུབ། བྲན་དུ་གྱུར་པ། གླེན་པ། གཟུགས་མི་སྡུག་པ། ལུས་ཉམ་ཆུང་བ། གཞན་གྱིས་རྟག་ཏུ་བརྙས་པ་སོགས་ཀྱི་སྡུག་བསྔལ་མྱོང་དགོས་པའི་དོན་ཏོ། །
མིར་སྐྱེས་པ་ན་ཡང་སྡུག་བསྔལ་ཆེ་བ།
[རྩོམ་སྒྲིག]"མཐར་དེ་ལས་ཐར་ནས་བརྒྱ་ལ་མི་ཡི་ལུས་སུ་སྐྱེས་ནའང་ཡིད་བདེ་བ་སོགས་ལ་ལོངས་སྤྱོད་པའི་དགའ་སྟོན་ཐམས་ཅན་སྔར་གྱི་ང་རྒྱལ་གྱི་ཉེས་པས་བཅོམ་ནས་ཡིད་མི་དགའ་བ་ལ་རྟག་ཏུ་གནས་པ་དང་།"[༥] ཞེས་ངན་སོང་ལས་གྲོལ་ནས་མི་ཡི་ལུས་ཐོབ་ཀྱང་། སྔོན་གྱི་ཁེངས་པའི་ལས་ཀྱི་དབང་གིས་མིའི་ཞིང་ཁམས་སུ་ཡོད་པའི་དགའ་སྟོན་དང་རོལ་མོ་སོགས་ཀྱི་བདེ་སྐྱིད་ཚང་མ་ལས་རྒྱང་རིང་དུ་གནས་ཤིང་། རྟག་ཏུ་མི་དགའ་ཞིང་སེམས་སྐྱོ་བའི་སྡུག་བསྔལ་མྱོང་དགོས་པའི་དོན་ཏོ། ། དབུལ་ཞིང་སློང་མོ་བྱེད་དགོས་པ། "རང་ལ་འཚོ་བའི་ཟས་གོས་མེད་པའི་སློང་མོ་ལ་བརྟེན་ནས་གཞན་གྱིས་བྱིན་པའི་ཟས་ཟ་བས་འཚོ་བ་པ་དང་གཞན་དབང་དུ་གྱུར་ཅིང་གཞན་གྱི་ཟས་ཟོས་ནས་ལས་བྱེད་པའི་བྲན་གཡོག་དང་ནི།"[༦] ཞེས་སྔོན་གྱི་ཁེངས་པའི་ལས་ཀྱི་དབང་གིས་རང་ལ་ཟས་གོས་གནས་མལ་སོགས་འཚོ་བའི་རྒྱུ་རྐྱེན་གང་ཡང་མེད་པར་གཞན་གྱི་སྙིང་རྗེ་ལ་བརྟེན་ནས་སློང་མོ་བྱས་ཏེ་འཚོ་དགོས་པའམ། ཡང་ན་གཞན་གྱི་བྲན་གཡོག་ཏུ་གྱུར་ནས་གཞན་གྱི་ཟས་ཟོས་ཤིང་གཞན་གྱི་བཀའ་བཞིན་བྱ་དགོས་པའི་སྡུག་བསྔལ་ཆེན་པོ་མྱོང་དགོས་པའི་དོན་ཏོ། །"གཞན་གྱི་ཁམ་ཟ་བ་ནི་ཟས་མེད་པའི་ཕྱིར་ཏེ། གཞན་གྱིས་བྱིན་པའི་སློང་མོའི་ཟས་ཟ་བའོ། བྲན་ནི་གཞན་དབང་དུ་གྱུར་པའི་ཁོལ་པོའོ། །"[༧]ཞེས་རང་ལ་ཟས་མེད་པས་གཞན་གྱིས་བྱིན་པའི་སློང་མོའི་ཟས་ཟ་དགོས་པ་དང་། གཞན་གྱི་ཁོལ་པོ་དང་བྲན་དུ་གྱུར་དགོས་པའི་དོན་ཏོ། ། བློ་གྲོས་རྨོངས་ཤིང་གཟུགས་མི་སྡུག་པ། "རྟོག་དཔྱོད་མེད་ཅིང་བླང་དོར་ལ་རྨོངས་པའི་གླེན་པ་དང་གཟུགས་མི་མཛེས་ཤིང་མཐོང་ན་ཡིད་མི་དགའ་བའི་མི་སྡུག་པ་དང་ལུས་ཀྱི་ཉམས་སྟོབས་ཞན་པས་ཉམ་ཆུང་བ་དང།"[༨] ཞེས་བློ་གྲོས་ཀྱིས་ཅི་བྱ་བ་བླང་བ་དང་ཅི་མི་བྱ་བ་དོར་བའི་ཤེས་རབ་མེད་ཅིང་ཐམས་ཅད་ལ་རྨོངས་པའི་གླེན་པ་དང་། གཟུགས་ཤིན་ཏུ་མི་མཛེས་ཤིང་མཐོང་བ་པོ་གཞན་ལ་ཡིད་མི་བདེ་བ་སྐྱེད་པ། ལུས་ཀྱི་ནུས་པ་དང་སྟོབས་ཞན་ཞིང་ཉམ་ཆུང་བ་སོགས་ཀྱི་སྡུག་བསྔལ་མྱོང་དགོས་པའི་དོན་ཏོ། །"གླེན་པ་ནི་སྤྱོད་པ་ཐམས་ཅད་ཀྱིས་སྟོང་པའོ། །མི་སྡུག་པ་ནི་ལུས་མི་མཛེས་པ་དང་མི་དགའ་བ་སྐྱེད་པའོ། །ཉམ་ཆུང་བ་ནི་ལུས་རྗུད་པ་དང་སྟོབས་མེད་པའོ། །"[༩] ཞེས་གླེན་པ་ནི་བྱ་བ་ཐམས་ཅད་ལ་བརྟེན་མེད། མི་སྡུག་པ་ནི་གཟུགས་མི་མཛེས་ཤིང་མཐོང་བ་པོ་ལ་མི་དགའ་བ་སྐྱེད་པ། ཉམ་ཆུང་བ་ནི་ལུས་ཉམས་ཤིང་སྟོབས་མེད་པའི་དོན་ཏོ། ། གཞན་གྱིས་རྟག་ཏུ་བརྙས་པར་འགྱུར་བ། "རང་གི་ཕར་གནོད་པ་མ་བྱས་ཀྱང་གནས་སྐབས་ཐམས་ཅད་དུའམ་རྣམ་པ་ཐམས་ཅད་དུ་ཚུར་ལ་གཞན་ཀུན་གྱིས་ནི་ཁྱད་དུ་བསད་ནས་ལུས་ངག་གིས་བརྙས་པར་འགྱུར་བ་སོགས་ཉེས་པ་མང་དུ་འབྱུང་ངོ། །"[༡༠]ཞེས་པ་ནི། སྔོན་གྱི་ཁེངས་པའི་ལས་ཀྱི་དབང་གིས་རང་གིས་གཞན་ལ་དངོས་སུ་གནོད་པ་ཅི་ཡང་མ་བྱས་ཀྱང་། གཞན་གྱིས་རང་ལ་ཁྱད་དུ་འཕགས་པའི་སྟོན་ཚུལ་གཅིག་ཀྱང་མ་བྱས་པར་ལུས་ངག་གིས་བརྙས་ཤིང་དམའ་འབེབས་བྱེད་པ་དང་། གཞན་ཡང་སྡུག་བསྔལ་གྱི་ནང་འགྲོ་མཁན་ཞིག་ཏུ་གྱུར་དགོས་པའི་དོན་ཏོ། །"ཐམས་ཅད་དུ་ཐམས་ཅད་ལ་གནོད་པ་མ་བྱས་ཀྱང་ལུས་དང་ངག་གིས་བརྙས་པ་ཐོབ་པར་འགྱུར་རོ། །"[༡༡]ཞེས་གནས་སྐབས་ཐམས་ཅད་དུ་གཞན་ལ་གནོད་པ་མ་བྱས་ཀྱང་ལུས་ངག་གིས་བརྙས་པ་ཐོབ་པར་འགྱུར་བའི་དོན་ཏོ། །
ཁེངས་ལ་སྙིང་རྗེ་བསྐྱེད་པ།
[རྩོམ་སྒྲིག]"ཡང་ང་རྒྱལ་གྱིས་ཁེངས་དཀའ་ཐུབ་སྟེ་ཉོན་མོངས་པ་ཅན་དེ་ཡང་ང་རྒྱལ་ཅན་གྱི་ནང་དུ་གཏོགས་ན་དམན་པ་སྙིང་རྗེའི་གནས་སུ་གྱུར་པ་ཅི་འདྲ་བ་ཞིག་ཡིན་པ་སྨྲོས།"[༡༢] ཞེས་ང་རྒྱལ་གྱིས་ཁེངས་ནས་སྡུག་བསྔལ་མང་པོ་མྱོང་བའི་དཀའ་ཐུབ་ཅན་དེ་དག་ཀྱང་ང་རྒྱལ་ཅན་གྱི་གྲངས་སུ་འགྲོ་ན། དེ་ལས་ཀྱང་དམན་པ་ནི་སྙིང་རྗེའི་གནས་སུ་གྱུར་པ་ཞིག་ཡིན་པའི་དོན་ཏོ། །
"ཉོན་མོངས་པའི་ང་རྒྱལ་གྱིས་ཁེངས་པ་ནི་ཉེས་དམིགས་འདི་དག་ཡོད་སྟེ། ངན་འགྲོར་ང་རྒྱལ་གྱིས་ཁྲིད་ཅིང་མིར་སྐྱེས་ན་ཡང་ཡིད་བདེ་བ་སོགས་མིའི་དགའ་སྟོན་བཅོམ་པ་དང་ཟས་མེད་པར་སློང་མོས་འཚོ་བ་དང། གཞན་གྱི་དབང་དུ་གྱུར་པས་གཞན་གྱི་ཟས་ཟ་བའི་བྲན་དང་ནི་ཤེས་པ་གླེན་པ་དང། གཟུགས་མི་སྡུག་ཅིང་ཉམ་ཆུང་བ་དང་རང་གིས་དངོས་སུ་གནོད་པ་མ་བྱས་ཀྱང་གཞན་གྱིས་ལུས་ངག་གིས་ཐམས་ཅད་དུ་ནི་བརྙས་པར་འགྱུར་བས་སེམས་ཁེངས་པའི་ང་རྒྱལ་སྤང་བར་བྱའོ། །"[༡༣]ཞེས་ཉོན་མོངས་པའི་ང་རྒྱལ་གྱིས་ཁེངས་པ་ལ་ངན་འགྲོར་ཁྲིད་པ། མིར་སྐྱེས་ན་ཡང་དགའ་སྟོན་བཅོམ་པ། སློང་མོས་འཚོ་བ། བྲན་དུ་གྱུར་པ། གླེན་པ། གཟུགས་མི་སྡུག་པ། ཉམ་ཆུང་བ། གཞན་གྱིས་བརྙས་པ་སོགས་ཀྱི་ཉེས་དམིགས་ཡོད་པས་སེམས་ཁེངས་པའི་ང་རྒྱལ་སྤང་དགོས་པའི་དོན་ཏོ། །
བསྡུས་དོན།
[རྩོམ་སྒྲིག]ཉོན་མོངས་པའི་ང་རྒྱལ་གྱིས་སེམས་རྒྱུད་ཁེངས་ཤིང་ཞུམ་པ་མེད་པའི་སེམས་ཀྱི་རང་བཞིན་ཞིག་ཡིན། འདི་ནི་ཉོན་མོངས་པ་བདུན་གྱི་ནང་ནས་ཉེས་དམིགས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། སེམས་ཅན་རྣམས་ངན་འགྲོར་འཁྲིད་པའི་རྒྱུ་གཙོ་བོ་ཞིག་ཀྱང་ཡིན། ངན་སོང་ལས་ཐར་ནས་མིར་སྐྱེས་ན་ཡང་དགའ་སྟོན་བཅོམ་པ། སློང་མོ་བྱེད་དགོས་པ། བྲན་དུ་གྱུར་པ། བློ་གྲོས་རྨོངས་པ། གཟུགས་མི་སྡུག་པ། ལུས་སྟོབས་ཞན་པ། གཞན་གྱིས་རྟག་ཏུ་བརྙས་པ་སོགས་ཀྱི་སྡུག་བསྔལ་མྱོང་དགོས། འདི་སྤང་ཐབས་ནི་དམན་པའི་ཡིད་ཀྱིས་སྤྱད་ཅིང་ཐམས་ཅད་ལ་གུས་པར་བྱ་བ་དང། རྙེད་བཀུར་ལ་མ་ཆགས་པ། ཁེངས་པ་ཅན་རྣམས་ལ་སྙིང་རྗེ་བསྐྱེད་པ་སོགས་ཡིན། ཡང་གཉེན་པོའི་ང་རྒྱལ་ནི་ཉོན་མོངས་པའི་ང་རྒྱལ་ལས་རྒྱལ་ཐབས་སུ་འཆང་བ་ཞིག་ཡིན་པས་བསྔགས་པར་འོས་པ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།