ཁུ་སྟག་ཚབ་
ཁུ་སྟག་ཚབ་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང་། སྐུ་ལུས་ཀྱི་ཆ་ཚད་མཉམ་པ་དང་སྐྱེ་འབྲས་བཟང་བའི་ལས་དག་གི་མི་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་སྐབས་སུ་ཐོག་མར་ལྷོ་ངོས་ཨརྱ་པ་ལོའི་གླིང་བརྩིགས་ཏེ་ཐོག་ཕུབ་པ་དང་། དེའི་ནང་དུ་སངས་རྒྱས་ཀྱི་སྐུ་བཞེངས་སྐབས་ལྷ་བཟོ་རྒྱ་མཚལ་བུ་ཅན་གྱིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་ “ལྷ་རྒྱ་གར་དང་རྒྱའི་ལུགས་གང་བགྱི་ཟེར། གྲོས་བགྱིས་པས་མཁན་པོའི་ཞལ་ནས་སངས་རྒྱས་རྒྱ་གར་དུ་བྱོན་པ་ཡིན་པས་རྒྱ་གར་ལུགས་སུ་གྱིས་གསུངས། བཙན་པོའི་ཞལ་ནས་བོད་ཀྱི་ལུགས་སུ་བགྱིས་ན་བོད་ནག་པོ་ལ་ཞེན་པ་རྣམས་དད་པ་སྐྱེད་རེ་བ་ཡིན་པས་ལྷ་བོད་ལུགས་སུ་བྱ་བར་ཅི་གནང་ཞེས་ཞུས་པས། འོ་ན་བོད་འབངས་ཀུན་སྡུས་ཤིག་ལྷ་བོད་ལུགས་སུ་བྱའོ་གསུངས། བོད་མིའི་གཟུགས་སུ་བགྱིད་པའི་དཔེ་བོད་འབངས་ཚོགས་པ་ལས་དེའི་ནང་ནས་གཟུགས་བཟང་བ་ཁུ་སྟག་ཚབ་ལ་དཔེ་བགྱིས་ཏེ་གཙོ་བོ་ཨརྱ་པ་ལོའི་ཁཪྶ་པཱ་ཎི་བཞེངས།” ཞེས《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་གསུངས་སོ།།