ཁུ་ལེའི་ཁ་མོ་ཟེའུ་སྟོན་
མཚན་གཞན་ཆུ་མིག་པ་ཆེན་པོ་ཞེས་སུ་གྲགས་ཤིང༌། མཚན་དངོས་ཤེས་རབ་གྲགས་ཡིན། རྫ་རའི་ཟེའུ་རྒྱུད་དུ་འཁྲུངས། དགུང་ལོ་བཅོ་བརྒྱད་པ་ལ་འབྲེ་ཤེས་རབ་འབར་གྱི་དྲུང་དུ་བྱོན་ནས་རབ་ཏུ་བྱུང༌། ཁྱུང་རིན་ཆེན་གྲགས་ལས་དབུ་ཚད་དང་སྤྱོད་ཕྱོགས་གསན། འབྲེ་ཤེས་རབ་འབར་ལས་ཕར་ཕྱིན་ལོ་དྲུག་གི་བར་གསན། དགེ་བཤེས་ལུམ་པ་བ་ཡེ་ཤེས་བྱང་ཆུབ་རྩིས་ཕུའི་ཡང་དབེན་ན་བཞུགས་པ་དང་མཇལ་ནས་ཆོས་ཞུས་ཤིང༌། ལོ་ལྔའི་བར་དུ་བསྟེན། དེ་ནས་ཁྱོད་དགེ་བཤེས་ཞང་རོམ་པ་ཅན(དགེ་བཤེས་ཤ་ར་བ)དུ་རྒྱུག་ཅེས་གསུངས་པ་ལྟར་དགེ་བཤེས་ཤ་ར་བ་ལོ་གསུམ་བསྟེན། དགེ་བཤེས་བྲག་དཀར་བ་ལོ་ཉི་ཤུ་བསྟེན། དེ་ནས་རང་ཡུལ་གྱི་རི་ཤེས་སླས་ཁ་དང་སྲམ་ཕུ་ལ་སོགས་པར་བཞུགས། ཁ་མོ་དགོན་པ་བཟུང་བས་སློབ་མ་མང་དུ་འདུས་པས་ཁ་མོ་ཟེའུ་སྟོན་ཞེས་མཚན་དུ་གྲགས་ཤིང༌། རྗེས་སུ་ཆུ་དགོན་པར་བཞུགས་པས་ཆུ་མིག་པ་ཆེན་པོ་ཞེས་ཀྱང་གྲགས། 《བྱང་ཆུབ་ལམ་སྒྲོན》ལ་འགྲེལ་པ་འིག་ཀྱང་མཛད། དགུང་ལོ་དོན་བརྒྱད་པ་ལ་སྐུ་གཤེགས། འཁྲུངས་ལོ་དང་འདས་ལོ་གསལ་བར་མ་རྙེད་ཅིང༌། ལོ་རྒྱུས་སྐོར་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《བཀའ་གདམས་ཆོས་འབྱུང》༡༡༤ནས༡༡༦བར་གསལ་བ་དེར་གཟིགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།