ཁུ་ནུའི་ངག་སྒྲོན་

ཡོང་ཁུངས་Wikipedia

༄༅། ། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ངག་སྒྲོན་གྱི་འགྲེལ་པ་ཚིག་གསལ་ཞེས་བྱ་བ་བཞུགས་སོ། །


ཆོས་དོན་ངེས་ཚིག་སྤོབས་པའི་གཏེར། །ཀུན་མཁྱེན་སངས་རྒྱས་ལ་བཏུད་ནས། །གསུང་རབ་འཇིག་རྟེན་ཚུལ་ལ་ཡང༌། །ཡི་གེའི་སྦྱོར་བས་འཇུག་ཕྱིར་དབྱེ། །འདིར་བོད་ཀྱི་བརྡའི་བསྟན་བཅོས་ངག་སྒྲོན་བཤད་པ་ལ་འཇུག་གོ། །ན་མོ་བུདྔྷཱ་ཡ་སངས་རྒྱས་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་བོད་ཀྱི་བརྡ་སྤྲོད་པའི་བྱེ་བྲག་གསུང་རབ་ལས་འབྱུང་བའི་ཡི་གེའི་སྦྱོར་བ་གསལ་ཞིང་གོ་བར་བྱེད་པ་མཁས་པའི་གསུང་གི་བསྟན་བཅོས་ཚིགས་སུ་བཅད་ནས་ཚིག་ལེའུར་བྱས་པ་ཤེས་བྱ་ལ་མཁས་པའི་ངག་གི་རང་བཞིན་སྒྲོན་མ་ལྟ་བུ་ཞེས་བྱ་བའམ་སྒྲོག་པ། ཡང་དག་པ་ཕྱིན་ཅི་མ་ལོག་པར་གསུང་བ་པོ་གཉིད་སད་པ་ལྟར་མ་རིག་པ་སངས་ཤིང་པདྨའི་འདབ་མ་བྱེ་བ་ལྟར་ཤེས་བྱ་མ་ལུས་པར་མཁྱེན་པའི་ཡེ་ཤེས་ཁྱབ་ནས་རྒྱས་པ་ལ་འདུད་ཅིང་ཕྱག་འཚལ་ལོ། །མཐོང་ན་སྐྱེས་བུ་དམ་པར་མཚོན་པ་མཚན་བཟང་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་གཟི་བྱིན་གསལ་བ་གསེར་གྱི་རི་བོ་འདྲ་བའི་སྐུ་དང༌། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྩོལ་རྟོག་མེད་པར་འདོམས་པ་ཆོས་ཀྱི་སྡོམ་བཞི་སྒྲོག་བྱེད་ལྷའི་རྔ་ཆེན་པོ་ལྟ་བུའི་གསུང་དང༌། ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་རྒྱ་མཚོ་ལྟ་བུ་གཏིང་དང་མཐའ་མེད་པ་ལྡན་པའི་ཐུགས་མངའ་བ། ཐུབ་པ་ཡིན་ལ་ཆེན་པོ་ཡང་ཡིན་པ་ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་བླ་མ་དེ་བཞིན་གཤེགས་པ་ནི་ཚངས་པ་ལ་སོགས་པས་ཀྱང་ཕྱག་གི་བྱ་བ་འཇུག་པའི་གནས་ཡིན་ནོ། །དུས་གསུམ་གྱི་རྒྱལ་བ་མ་ལུས་པ་ཀུན་གྱི་མཁྱེན་པ་དང་ཐུགས་བརྩེ་བ་ཆེན་པོ་གཅིག་ཏུ་སྤུངས་པའི་ཕུང་པོ་ཅིག་ཅར་དུས་མཉམ་དུ། སྐལ་བ་བཟང་པོ་དང་ལྡན་པ་མཐའ་ཡས་པའི་ཡིད་ཀྱི་ནམ་མཁར་མགོག་པའམ་སྒྲིབ་པ་མེད་པར་གསལ་བའི་གཟུགས་ཅན་སྒྱུ་མ་ལྟ་བུ། འཇིག་རྟེན་གྱི་ཕན་པ་དང་བདེ་བའི་འོད་དཀར་པོ་ཀུན་ཏུ་སྤྲོ་བ་ལེགས་པར་བཤད་པའི་བསིལ་ཟེར་མངའ་བ་ཅན། འཇམ་དབྱངས་འགྲོ་བའི་མགོན་པོ་སྨྲ་བའི་ཟླ་བ་མཆོག་ཏུ་གྱུར་པ་དེར་གུས་པས་འདུད་དོ། །ཡེ་ཤེས་ཀྱི་བདག་ཉིད་སྒྱུ་མའི་མིག་འཕྲུལ་ལྟ་བུ་མཛེས་ཤིང་སྡུག་པའི་སྐུ་ལ་བརྟེན་པའི་རྣམ་འགྱུར་ཡིད་འཇོ་ཞིང་སྒེག་པའི་ཉམས་དང༌། རྣ་བའི་ཡུལ་གྱི་སྒྲ་དང་དབྱངས་དཔག་ཏུ་མེད་པ་རྒྱ་མཚོ་ལྟ་བུའི་འབྱུང་གནས་རྒྱུད་མང་བསྣུན་པ་ལས་བྱུང་བའི་སྒྲ་སྙན་ཅིང་འགྱུར་བག་དང་ལྡན་ཁྱད་པར་གྱིས། གདུལ་བྱའི་སྙིང་ལ་ཟག་པ་ཉོན་མོངས་པ་མེད་པའི་བདེ་བ་སྟེར་བ་མོ་ལྷག་པའི་ལྷར་གྱུར་བ། དབྱངས་ལས་བྱུང་བ་ཅན་མ་ལྷའི་བུ་མོས་རབ་ཏུ་རྣམ་འབྱེད་ཀྱི་བློ་ཡི་མཆོག་དམ་པ་སྦྱིན་པར་མཛོད་ཅིག །སྲོང་བཙན་སྒམ་པོའི་སྔོན་དུ་མེད་པ་བོད་ཀྱི་ཡི་གེའི་གཟུགས་བརྩམས་པའི་ངོ་མཚར་དུ་སྣང་བ་བརྡ་སྤྲོད་རྣམ་བརྒྱད་མཛད་པ་གསུང་རབ་བསྒྱུར་བ་ལ་སོགས་པའི། ལེགས་པར་བཤད་པའི་འོད་ཟེར་བརྒྱ་ཕྲག་གིས་རྡོ་རྗེ་གདན་གྱི་བྱང་ཕྱོགས་བོད་དུ་གྲགས་པ་ཆོས་མེད་མུན་པའི་གླིང་ལྟ་བུ་འདིར། ཤཱཀྱ་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པ་པོ་སམྦྷོ་ཊ་སྟེ་བོད་བཟང་པོ་ལ་སོགས་པ། རྒྱ་དང་བོད་ཀྱི་མཁས་པ་རྣམས་ལ་བཀའ་དྲིན་དྲན་ནས་ཕྱག་འཚལ་ལོ། །དཔལ་ཁང་པ་བདག་ནི་སྐྱེས་ཐོབ་ཀྱི་བློ་གྲོས་མི་རྣོ་བར་རྟུལ་ཞིང་རིག་པ་ལ་སྦྱངས་པའི་མཐུ་ཆུང་བས་རྩོམ་པའི་རྒྱུ་དམན་པ་ལྟར་སྣང་ཡང༌། ཚད་མ་དང་ལྡན་པ་ཁུངས་ལྡན་གྱི་མཁས་པ་ཐུ་མི་ལ་སོགས་པའི་ལེགས་བཤད་ཡི་གེའི་སྦྱོར་བ་ལ་བརྟེན་ནས། ངག་གི་འཁྲུལ་བའི་མུན་པ་ཆེན་པོ་དྲུང་རྩད་ནས་འབྱིན་པ་གོ་བརྡ་སྤྲོད་བྱེད་ཀྱི། བསྟན་བཅོས་མཁས་པའི་ངག་གི་སྒྲོན་མ་རབ་ཏུ་གསལ་བར་བྱེད་པ་བརྩམ་པར་བྱའོ། །འདིར་བརྗོད་པར་བྱ་བའི་དོན་སྡོམ་དུ་བྱེད་ན་ཀཱ་ལི་ཀ་ཕྲེང་སུམ་ཅུ་ཐམ་པ་ལ། རྐྱང་པ་འཕུལ་དང་མགོ་གསུམ་མེད་པ་དང་འཕུལ་བྱེད་ག་ད་བ་མ་འ་ལྔ་གང་རུང་ཅན་དང་མགོ་ལ་ར་ལ་ས་གསུམ་ཡོད་པ་ཅན་དང༌། དབྱངས་ང་རོའི་རྣམ་པ་ཨ་ཨི་ཨུ་ཨེ་ཨོ་ལྔ་ཅན་དང་ཡ་ར་ལ་བ་བཞིའི་སྨད་འདོགས་ཅན་དང༌། རྗེས་སུ་འཇུག་པ་ག་ང་ད་ན་བ་མ་འ་ར་ལ་ས་བཅུ་ཡང་འཇུག་བཅས་ཇི་ལྟར་འཐོབ་པའི་དཔེ་དང་སོགས་པ་ཕྲད་རྣམ་དབྱེའི་སྦྱོར་བ་དང་འཁྲུལ་བ་སྤོང་ཚུལ་ཏེ་རིམ་པས་བསྟན་པར་བྱའོ།། ༼ཀ༽ ཤེས་བྱའི་རྣམ་པ་ཀུན་མཁྱེན་པ་ཐམས་ཅད་མཁྱེན་པ་ཤཱཀྱ་ཤིང་ཤཱ་ཀར་གནས་པའམ་ཕོད་པ་ནུས་ལྡན་ཏེ་སྟོན་པའི་རིགས་ཡིན་ལ་མང་བཀུར་གྱི་རྒྱུད་ཀརྨ་ལས་སམ་འཕྲིན་ལས་པ། ཀ་ར་མངར་ཆའི་ཁྱད་པར་ཀ་ཏན་རས་དཀར་ཞིག་ཀ་ཤི་ཀ་གསལ་ལྡན་ཏེ་ཡུལ་དང་དེའི་རས། ནགས་ཀླུང་ཤིང་ནགས་མཐུག་པོ་ཆུ་ཀླུང་གཙང་པོ་དང་རྒྱུག་ཆུ་དབའ་ཀློང་ཆུ་རླབས་སམ་ཀློང་འཁོར་ཀླུ་དུད་འགྲོའི་བྱེ་བྲག །ཀ་གདོད་མ་ནས་དག་པ་སྟོང་ཉིད་ཀློང་ཡངས་ཁོང་ཡངས་པའམ་རྒྱ་ཆེ་བ་ཀློང་དུ་གྱུར་པར་དོན་རྟོགས་པ་དང་དབང་དུ་གྱུར་པ། ཀ་ཀུ་བྷ་ཡ་ཕྱོགས་ཁྱབ་སྟེ་ཤིང་ཞིག་ཀ་དམྤ་ཚོགས་ཅན་ཏེ་ཆུ་སྐྱར་དང་ཤིང་ཞིག །ཀ་ཤ་གསལ་བྱེད་དེ་རྩྭ་ཞིག་དང་རྡེག་པ་ཀུ་ཤ་སར་ཉལ་ཏེ་རྩྭ་མཆོག་ཀ་མ་ལ་ཆུའི་རྒྱན་ཏེ་པདྨ། ཀུནྡ་ལྡུམ་ཞིག་གི་མེ་ཏོག་དཀར་པོ་ཀུ་མུད་ས་མོས་སམ་ས་དགའ་སྟེ་ཟླ་བས་ཁ་ཕྱེ་བའི་མེ་ཏོག་དཀར་པོ་ཀིདྴུ་ཀ་ཀཾཤུ་ཀ་རྒྱ་སྐྱེགས་ཤིང་ཡིན་ནེ་ཙོའམ་ཅི་ཞེས་པའི་དོན། ཀ་ར་བཱི་ར་ལག་པའམ་སོར་བཞད་དེ་རེ་ལྕག་དང་མྱ་ངན་གྱི་མེ་ཏོག་དམར་པོ་ཀེ་ཏ་ཀ་ཤིང་དང་ནོར་བུ་སྟེ་གཉིས་ཀས་ཆུ་རྙོག་དྭངས་ནུས། རླུང་སྨན་ཤིང་ཀུན་དང་ཨ་ཀྲོང་སྔོ་སྨན་དར་ཡ་ཀན་ཞང་ཞུང་གི་སྐད་དེ་བདུད་རྩིའམ་སྨན་ཡིན་སོ་སོའི་གསང་སྨན་དང་གྲངས་བརྩི་རྒྱུའང་ཡོད། ཀ་པེད་བིལྦ་ཕོ་ཀུ་བ་བིལྤ་མོ་སྡོང་རིང་གཟར་བུ་སོགས་བྱེད་བཏུབ་ཀིམ་པ་དུག་ཤིང་དེའི་འབྲས་བུ་མངར་ལ་ཟོས་ན་འཆི་བ། ཀཎྜ་ཀ་རི་ཚེར་མ་ཅན་སྨན་སྟག་ཚེར་གཡའ་ཀྱི་མ་སྔོ་སྨན་འཁོར་ལོ་རྩེག་པ་འདྲ་བ་ཡོད། ན་རཱི་ཀེ་ལ་མི་མོ་རྩེན་ཏེ་བེ་ཏའི་འབྲས་བུ་ཀ་ཀོ་ལ་ཕོ་རོག་དང་སྨན་ཟླ་བའི་བྱེ་མ་དང་དུག་རིགས་དགུའི་བྱེ་བྲག །ཀེ་ལ་ཤ་གངས་རི་དང་ཀ་ལིདྐ་ལིངྐ་ཡུལ་ཅི་མཚན། ཀོ་ཤཱམྦཱི་མཛོད་ལྡན་ནམ་རྩྭ་ཀུ་ཤ་དང་ཨམྦ་འདུས་པ་ཅན་ཏེ་གྲོང་ཁྱེར་ཞིག་དང་ཀོ་ས་ལ་ཡུལ་དགེ་བ་ཅན། ཡུལ་ཀ་མ་ཏ་སྟེ་འདི་བཞི་རྒྱ་གར་གྱི་ཡུལ་མིང་དང་ཀོའུ་ཤི་ཀ་རྒྱ་སྐད་ལ་ཀཽ་ཤི་ཀ་ཡོད་པ་སྒྲ་ཟུར་ཕྱིན་པའི་ཆེད་སྣ་རུ་གཅིག་གི་དོད་འུ་སྦྱར་བ་སྔགས་ཀྱི་ཀློག་ཐབས་དང་བོད་སྐད་ཉིད་ལའང་མི་ཆུང་ལ་མིའི་ཐུང་དང་འདབ་ཆགས་ཆུང་བ་ལ་བྱིའུ་སོགས་ཆུང་བའི་དོན་ལྟ་བུ་ལ་འཇུག་པ་ཡོད་པས་ཁྱད་པར་ཤེས་པར་བྱ་སྟེ་དོན། དབང་ཆེན་གུ་གུལ་འུག་པ་དང༌། །སྦྲུལ་འཛིན་རྣམས་ལ་ཀཽ་ཤི་ཀ །ཞེས་སོགས་ལ་འཇུག །ཀཱ་ཏྱཱ་ཡ་ན་ཀ་ཏིའི་བུ་སྟེ་འཕགས་པ་ཀཽ་ཎྜི་་ཐབ་ལྡན་མའི་བུ་སྟེ་ལྔ་སྡེའི་ཡ་གྱལ། ཀེའུ་ཚང་བྲག་ཕུག་གི་མིང་དུ་གོ་གླང་ལ་སོགས་པའི་ཀོ་བ་པགས་པ་དང་ལྷམ་གྱི་ཀྲད་པ་རྡོག་པ་དང༌། ཡུངས་ཀར་འབྲུའི་ཁྱད་པར་ཀ་རུ་ཁ་དོག་དཀར་པོ་ཐོད་ལེ་ཀོར་ཧ་ཤིག་སྟེ་རི་མོ་དོད་པའི་རྡོ་དཀར། ཀུ་ཤུ་ཤིང་ཏོག་གི་ཁྱད་པར་གུར་ཀུན་ཀུངྐུམ་ཁ་ཆེ་ཤ་སྐམ་ལྟ་བུ་ཀ་ཅ་སྤྱད་དངོས་རྒྱུ་ནོར་ཀུན་ཐམས་ཅད། བསགས་མོད་ཀྱང་རྒྱན་སྡུད་ཀྱི་སྒྲ་འཐབ་ཀྲོལ་འཐབ་མོ་ཕུང་ཀྲོལ་ཕུང་བྱེད་རླག་བྱེད་ཀྱི་རྒྱུ། ཀྱེ་མ་ཞུམ་པ་མྱ་ངན་སྙིང་རྗེའི་བརྡ་ཀྱི་ཧུད་མྱ་ངན་གྱི་བརྡ་ཀྱེ་ཧོ་རབ་བམ་ངོ་མཚར་བོད་པའི་བརྡ་ཀྭ་དང་ཀྭ་ཡེ་བོད་ཚིག །ཀྱེ་ཀྱེ་བོད་ཚིག་ལན་གཉིས་སྨོས་པ་ཀྱོང་ཀྱོང་དང་ཀོང་ཀོང་གཉིས་གཤོང་གཤོང་དུ་གོ། སྒྲ་དང་མི་སོགས་ཀྲོག་ཀྲོག་མིག་སོགས་ཀྲབ་ཀྲབ་འཁྲབ་ཚུལ་མགོ་ཀྱོག་ཀྱོག་ཀྱོག་པོ་འཁྱོག་པོ། ཀྲོང་ཀྲོང་ཙོག་ཙོག་ཀོག་གིས་མྱུར་བས་ཀེར་ཀེ་རེ་ལངས་ནས། ཀུ་རེ་རྩེད་མོས་དོ་ཀེར་ཐོར་ཚུགས་ཀོ་སྐོ་མ་མཆུའི་འོག་གི་ཆ་འདེགས་པ། ཀུ་ཅོ་སྐད་ཆེ་བ་ཀྱལ་ཀ་རྩེད་མོ་ཀླན་ཀ་རྩོད་པའི་རྒྱུ། འོན་ཀྱང་ཡིན་ན་ཡང་ལན་ཀན་པུ་ཤུ་མདའ་ཡབ་ཆུ་སྐྱོར་ཉེན་ཀོར་ཉེ་འཁོར་དུ་གོ། །ཀ་ལན་ཏ་ཀ་བྱ་མཆིལ་བ་ཅོ་ཀ་བྱིའུ་ཞིག་དང༌། བྱ་ཀ་ལ་པིངྐ་ལ་སོགས་པའི་ཀྱུར་ཀྱུར་ནི་སྐད་འབྱིན་ཚུལ། ཀི་འུ་སྒོག་པ་ཀུན་དོང་བཙོང་ཀག་ལོའི་བར་ཆད་ཀི་ཀང་ས་བདག་གི་ཁྱད་པར། སྐུ་སྟོད་ཐད་ཀྱི་འོད་ཀོར་དང་ཡི་གེའི་སྟེང་ཀླད་ཀྱི་ཐིག་ཀོར་རམ་རྗེས་སུ་ང་རོ་ཀླད་གོང་ངམ་སྟེང་ངམ་ཐོག་མིའི་དོན་དང༌། ཀེ་ཤ་འགྲེང་བུ་དང་རྣ་རུ་ཉིས་རྩེག་ཞབས་ཀྱུ་ཨུ་ཡིག་ལྕགས་ཀྱུ་མཆིལ་པའམ་ཀྱོ་བས་ས་བཏབ་པ། ཀར་ཀར་ནི་ཟུག་ལངས་ཚུལ་བད་ཀན་ཉེས་པ་གསུམ་གྱི་གཅིག་སྟེ་སྨུག་པོ་ལྟ་བུ་ཆུའི། ཀུ་ཡ་སྤྲིན་འདྲ་བ་སོགས་མཐུག་སྲབ་ལས་ཚ་གྲང་གི་ནད་འབྱེད་ཀན་གུང་མཛུབ་ཀྱི་འོག་ཏུ་རྩ་ཀྱལ་ཀྱལ་འཕར་ཚུལ། རུས་ཀྲང་ཤ་མེད་རུས་རྐྱང་ཀྲང་ངེ་ཀྲོང་ངེ་རྡོ་རྗེ་སྐྱིལ་ཀྲུང་འདུག་ཚུལ་ཞིག་བཅས་པ་བཟོས་པ། འབྱམས་ཀླས་དང་མཐའ་ཀླས་གཉིས་བསམ་གྱིས་མི་ཁྱབ་མཐས་ཀླས་པ་མཐས་གཏུགས་པ་ཡང་ཡིན་ཀློག་འདོན་བྱེད་ཀྱང་ཡི་གེ་ཀླག་པ་ཀློག་པའི་མིང་ཙམ། སྟོན་ཀ་ཟླ་བ་གསུམ་དཔྱིད་ཀ་ཟླ་གསུམ་ཉིན་མཚན་གཉིས་ཀ་གཉི་གའི་དུས། གླང་ཆེན་གཉིས་འཐུང་ལག་ལྡན་ཐལ་ཀར་མདོག་སྐྱ་བོ་དཀར་ཤས་ཆེ་བ་བེར་ཀ་དབྱུག་པས་བརྡུངས་པ། ཚོགས་དང་མདོངས་སྒྲོ་གསེར་སྐ་དང༌། རྒྱན་དང་དོང་བར་ཀ་ལཱ་པ་སྒྲ་དང་ཤམྦྷ་ལའི་ཕོ་བྲང་ཡང་ཡིན་པ་ཡིས་ཀླ་ཀློ་ཏ་ཟིག་སོགས་བཅོམ་པ། ཀ་བ་གདུང་འདེགས་ཀ་ཙ་ལིནྡ་ལྷའི་གོས་ཀྱིས་ཀླུབས་གཡོགས་པ་དང་སྐུལ་ཚིག །ཀརྵ་པ་ཎ་ཀཪྵ་པ་ཎ་ཞོ་ཡི་དོང་རྩེ་ཀེ་ཀེ་རུ་ནོར་བུ་སེར་པོ། དུར་བྱ་ཀང་ཀ་སྟེ་རྒྱབ་དཀར་འདི་ཀོ་འདི་ནིའམ་འདི་ཚོ་ཀླག་ཅོར་ཀུ་ཅོ་ཆེ་བ། ཀེང་རུས་ཤ་མེད་རུས་པ་ཆ་ཚང་ཀ་པ་ལི་ཀ་པཱ་ལ་སྟེ་བདེ་སྐྱོང་ཐོད་པའི་ནང་གི་ཀླད་པ་ཁ་ལ་ཟ། ཀུན་ནས་ཐམས་ཅད་ནས་ཀུན་ཏུ་ཐམས་ཅད་དུའམ་ཡང་དག་པར་པགས་པ་ཀབ་ཀོབ་གྱོང་པོ་མཁྲེགས་པ། ཀུ་ཧུ་ཁུ་བྱུག་དཔྱིད་ཀྱི་ཕོ་ཉའི་མགྲིན་པ་ལ་སོགས་པ་ཀོང་བོ་པྲ་ཀ་ར་ཎ་མ་ཐོས་ཀ་མེད་དེ་ཀ་ཤེས་ན་ཀ་ལྟ་བུ་ཀ་རྐྱང་པ་འཐོབ་པར་སྣང་ངོ༌། ། ༼དཀ༽ དཀར་ཆག་ཐོ་ཡིག་འཐེམས་བྱང་གོང་འོག་མ་དཀྲུགས་པ་མ་འཁྲུགས་པ་དཀོར་ནོར་གྱི་སྤྱི་མིང་མཛོད་སྒོ་ཕྱེ་ནས་དཀྲོགས་པ་མཆོད་སྦྱིན་བྱེད་པའམ་འཇུག་པ། ལྷའི་དཀྱིལ་སྙིང་པོ་འཁོར་ལེན་པ་ཟླ་དཀྱིལ་སོགས་ཀྱང་དཀྱིལ་དབུས་ཐད་དུ་ལྷ་དཀྲོང་སྐད་ཅིག་གིས་བསྐྱེད་པ་དཀའ་བ་ཁག་པོ་དཀའ་ལས། ཆོས་སོགས་ལ་དཀལ་ལས་ཐུབ་པ་དཀའ་བ་སྤྱད་པ་དཀོན་ཅོག་དཀོན་མཆོག་དཀོན་པ་དཀོན་མོ། མདོག་ཁ་དོག་དཀར་བོ་དཀྱེལ་ཆེ་པ་ཁོང་ཡངས་པ་སྤྱན་མིག་དཀྱུས་སྲིད་དུ་རིང་བ། དཀྱུས་མ་ཕལ་པའམ་རང་བཞིན་པའི་མིང་དཀོར་ནི་དད་ཟས་དང་ནོར་སྤྱི་དྲི་མ་དཀུ་དྲི་ང་བ་མཆི་མ་དཀུ་མཆི་མ་འཛག་པ། དཀོས་ཐག་ཉམ་ཐག་པ་ཀུན་ནས་དཀྲིས་པ་ཉོན་མོངས་པ་གོས་ཀྱིས་ལུས་དཀྲིས་པ་དཀྲི་བ། དཀུ་གསུས་པའི་སྐབས་མཚམས་ཏེ་སྟ་ཟུར་དཀུ་གྲོད་པ་ཟླུམ་པོ་རིལ་རིལ་དཀུ་དཀུ་མ་རྙོངས་རྐེད་པ་རིང་ཐུང་འཚམ་པ། མཁའ་ལ་སྤྲིན་དང་རྡུལ་དཀྲིགས་པ་འཁྲིགས་པ་ཞོ་དཀྲོགས་པ་སྲུབ་པ་རོལ་མོ་སིལ་སྙན་ལྟ་བུ་དཀྲོལ་བ་འཁྲོལ་བ། དཀར་པོའི་ཡོལ་གོ་སྟེ་བཏུང་སྣོན་དང་གས་ཆག་དཀྲུམ་པ་བཅག་པ་དཀྱུ་བའི་སར་རྟ་དཀྱུས་པ་སྟེ་རྒྱུག་སར་རྒྱུག་པ། གོ་དཀའ་བའི་དོན་འགྲེལ་པ་འགྲོལ་བ་དཀྲིགས་ཕྲག་གྲངས་གནས་ཤིག་དཀན་གྱེན་གཟར་པོ། ཕན་ཚུན་ཕྲ་མས་དཀྲུགས་པ་མི་མཐུན་པར་བྱེད་པ་དང་དཀྱུས་མོ་དཀྲེ་སོགས་སྔོན་འཇུག་དས་འཕུལ་བའི་ཀའོ། །༼བཀ༽ བཀྲ་ཤིས་དགེ་ལེགས་བཀྲག་ནི་མདངས་ཡིན་ཚོན་རྩི་བཀྲ་བ་ཁྲ་བོ་ངོ་མཚར་མཛེས་པ་བསམ་མི་ཁྱབ་བཀྲམ་པ་འགྲེམས་པ། བཀའ་གསུང་སོགས་བསྒོས་པ་གནང་བ་ཁྲལ་དཔྱ་བཀལ་བ་ཁལ་ཁུར་བཀལ་བ་སྲད་བུ་སྐུད་པ་བཀལ་བ་འགེལ་བའམ་འཁལ་བ། ཕོ་ཉ་བང་མི་བཀྱེ་བ་སྟོན་མོ་ཟས་སོགས་བཀྱེ་བ་འོད་བཀྱེ་བ་སྤྲུལ་པ་བཀྱེ་བ་གཏོང་བའམ་སྤྲོ་བ། དགོངས་པ་བསམ་པའི་དོན་བཀྲལ་བ་འགྲེལ་བ་དང་དཔྱ་ཁྲལ་བཀྲལ་བ་སོ་སོར་བགོས་པའམ་ཕྱེ་བ་དགོངས་པ་བཀྲོལ་བ་དགྲོལ་བ་བཅིངས་པ་མདུད་པ་སོགས་བཀྲོལ་བ་བཤིག་པ། དྲི་མ་ཆུས་བཀྲུ་བ་དང་བཀྲུས་པ་གཉིས་འཁྲུད་པ་བཀྲེན་སེར་སྣ་དང་དབུལ་བ་ལ་འཇུག་ཅིང་ཕོ་བ་བཀྲེས་པ་ལྟོགས་པ། ལོགས་སུ་བཀར་བ་བཏོན་པའམ་བཀོལ་ནས་ཐག་པས་བཀྱིགས་པ་འཁྱིག་པ་བཅིངས་ཏེ་ཚེ་སྲོག་བཀུམས་པ་འགུམས་པ་གསོད་པ་བཀྲོངས་པ་བསད་པའི་ཞེ་ས། བཀད་ས་གཡོས་ཁང་གྲལ་ཟས་ཟ་བའི་ཁང་པར་གོ་སྣོད་སྤྱད་བཀང་བ་དགང་བ་ཐུགས་དགོངས་དམ་པ་བཀང་བ་དགྱེས་པར་བྱས་པ། བསྙེན་བཀུར་ཞབས་ཏོག་བཀུར་སྟི་རིམ་གྲོའམ་མཆོད་པས་གྲལ་གོང་དུའམ་གཙུག་ཏུ་བཀུར་བ་འཁུར་བ་རྩི་བ། ཁང་པ་སོགས་ཀྱི་བཟོ་བཀོད་དང་བཀའ་བཀོད་ལེགས་པ་བདེ་བའི་སར་བཀོད་པ་བཞག་པ་ཟུར་དུ་བཀོལ་བ་བཏོན་པ་དང༌། ཤིང་སོགས་བཀུག་པ་འགུགས་པ་བཀས་པ་དགས་པ་དུམ་བུར་གསེས་ཤིང་གཡོག་ཏུ་ལས་སུ་བཀོལ་བ་སྤྱོད་པ་འཁོལ་བ། གནང་བ་བྱ་རུང་བ་བཀག་པ་བྱ་མི་རུང་བ་སྟེ་འདུལ་བའི་བརྡ་སྨན་གྱི་ཁུ་བ་བཀུ་བ་འབྱིན་པ་བཀུས་པ་བྱུང་བའམ་བཏོན་ཏེ་བོར་བ་དོར་པ་སྨན་སྙིགས་ཀྱང༌། གོས་དང་ཐོག་སོགས་བཀག་པ་གཡོགས་པ་གཞུ་ལ་མདའ་སྦྱར་ནས་བཀང་བ་འཐེན་པ་དང་ཤིང་གི་རྩ་བ་དང་ཤོག་བུ་སོགས་བཀོག་པ་དགོག་པ་བཏོན་པ། བཀའ་དྲིན་ཕན་བཏགས་པ་བཀའ་བཏགས་པ་ཁྲིམས་བསྒྲགས་པ་བཀའ་ལ་བློ་སེམས་བདེ་བ་སྟེ་ཆོས་སྟོན་གྱི་ཚིག་ལ་དགའ་བ། བཀའ་བཀྱོན་དང་བརྒྱད་བཀག་གཉིས་སྤྱོ་བ་ཁོན་དུ་བཀོན་པ་འཁོན་པ་འཛིན་པ། འགྲོ་ལམ་སོགས་བཀག་པ་འགེགས་པ་སྤ་བཀོང་ཕ་རོལ་པོ་ཞུམ་པར་བྱས་པ་རྒྱལ་པོ་སོགས་ཀྱིས་བཀྲབས་པ་མང་པོའི་དཀྱིལ་ནས་གདམས་པ། ལུས་གན་རྐྱལ་དུ་བཀན་པ་བསྟན་པ་ལག་པ་བཀན་པ་ལག་མཐིལ་གྱེན་དུ་བསྟན་པ་སོགས་བཀྲོས་པ་འདམས་པའམ་གདམས་པ་ནས་བཀྲི་བ་འཁྲིད་པ། མདོ་སྡེ་བཀླགས་པ་ཀློག་པ་དང་ཡི་གེའི་མགོ་བཀད་དམ་སྐྲ་ལྷས་མ་ཡིན་སྙམ་མགོ་འཛུགས་ཞེས་ཀྱང་སྣང་དཔྱད་ཐགས་ཀྱི་བཀད་སྒྱུར་བ་དང་འུར་རྡོ་ལྷས་པའི་བཀད་ལྟ་བུ། བཀྱལ་བའི་ངག་ངག་འཁྱལ་དང་བཀྱེད་པ་བཀྲུམ་པ་སོགས་བས་འཕུལ་ཀའོ། ། ༼རྐ༽ མི་སོགས་ཀྱི་རྐང་པ་དང་ལག་པ་རྐ་ཡུར་བ་ལྡན་པའི་ཞིང་ངམ་རྐང་བཞི་ཡོད་པ་ལྟར་ན་དུད་འགྲོ་རྐན་དཀན་ཡང་རུང་སྟེ་ཡ་རྐན་དང་རྐུབ་ཚོས་ཏེ་འཕོངས། ཆོམ་རྐུན་རྐུ་མཁན་དང་ཟངས་སོགས་ཀྱི་རྐྱན་སྣོད་དང་ཕྱེ་རྐྱལ་རྩམ་རྐྱལ་སྨན་རྐྱལ་སོགས་རྐུ་བ་མ་བྱིན་པར་ལེན་པ། རྐོང་པ་པགས་ནད་ཆིག་རྐྱང་གཅིག་རྐྱང་པ་ས་དང་པར་སོགས་རྐོ་བ་དང་རྐོས་སྐུལ་ཚིག །གན་རྐྱལ་གན་ཀྱལ་ཡང་རུང་སྟེ་ཁ་སྦུབ་མིན་པ་རྐེད་པ་ནུ་མ་དང་དཔྱི་གཉིས་ཀྱི་བར་ལྟ་བུ་དང་ལག་སོགས་རྐྱོང་བ་བརྐྱང་བ་རྐོན་པ་རྙི་འཛུགས་པ། རྐ་ཡུར་བའམ་ཆུ་ལམ་གྱི་མགོའི་ཆུ་ལ་རྐྱལ་རྩེད་པ་རྒྱབ་པ་རི་དྭགས་ཀྱི་བྱེ་བྲག་རྐྱང་དྲེལ་འདྲ་བ། ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་དང་རང་རྐྱ་ཐུབ་པ་རྐོམ་ལ་སོགས་པ་རར་བཏགས་པའི་ཀའོ། །༼ལྐ༽ ལྐོག་ཕག་ཏུ་གྱུར་པ་མངོན་གྱུར་མིན་པ་ལྐོག་མ་ཨོག་མ་ལྐོག་ཤལ་སྐེ་ནས་ཤ་ལེབ་འཕྱང་པ་དང༌། ངག་ལྐུགས་པ་ཁ་ལྐུགས་པ་ལ་སོགས་པ་ལར་བཏགས་པའི་ཀའོ། ། ༼སྐ༽ སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་རྣམ་གཉིས་སྐལ་པ་དང་ལྡན་པ་ལས་འཕྲོ་ཅན་དང་ནམ་མཁའི་སྐར་མ་སྤྱི་མིང་སྐག་སྐར་མའི་ཁྱད་པར་དང་རྒྱ་ཚོས། ཆོས་སོགས་ཀྱི་སྐུ་ལུས་སམ་ཕུང་པོ་སྐེམ་པ་སྐམ་པ་སྣུམ་རྩི་ལུས་ལ་སྐུད་པ་འབྱུག་པ་དང་བལ་གྱི་སྐུད་པ་སྲད་བུ་སྐྱོལ་སྐྱེལ་བའི་སྐུལ་ཚིག་དང་སྒྲིམ་པ། སྐྱོ་མ་ལྡེ་གུ་མིག་སྐྱག་ཕྲ་མའི་དོན་སྐྱག་པ་ཕྱི་ས་དང་བྱ་སྐྱུང་ཀ་ལྕུང་ཀས་སྐྱུད་པ་མི་དྲན་པར་རྗེད་པ། སྐ་རགས་རྐེད་ཆིངས་སྐྱེར་ཁ་སེར་པོ་སྐྱ་བོ་དཀར་ཤས་ཆེ་བ་སོགས་སྐྱུ་རུ་ར་སྨན། སྐྱེས་བུ་གང་ཟག་དང་ཞལ་སོགས་སྐྱེམས་བཏུང་བ་ཉིད་ཀྱི་དོན་ལ་འཇུག་སྐོམ་རླན་རློན་དང་རོ་བྲོ་སྐྱུར་མོ་དང་མེ་ལ་ཆུ་སྐོལ་བ། གོས་སྐོན་གྱོན་དུ་བཅུག་པ་གཡོག་པ་སྐྱེན་ཡང་ལྡང་བ་ཡང་བའམ་རྩལ་ཆེ་བ་དང་ཆུ་ལ་སྐྱུར་བ་འཕེན་པ་འདོར་བས་སེམས་སྐྱོ་བ་ངེས་འབྱུང་ཡིད་འབྱུང༌། སྐེམ་བྱེད་སྐེམ་པ་པོ་དང་གདོན་ཞིག་སྐུལ་བྱེད་དགེ་སོགས་ལ་སྐུལ་པ་པོ་སྐོར་བ་བྱེད་པ་གནས་སྐོར་མཐའ་སྐོར་མགོ་སྐོར་སོགས། སྐྱུ་རུམ་ཟས་ཀྱི་རོ་གསལ་བྱེད་ཚོད་མ་སྐྱུ་མཚོན་ནམ་ཟན་གང་དང་ཁ་ནས་མི་གཙང་བའི་ཟས་སྐྱུགས་པས་ཁ་སྐྱེངས་པ་ངོ་ཚ་བ། སྐྲན་ནད་ཀྱི་ཁྱད་པར་དང་སྐྱིགས་བུ་གཡིག་པའི་མིང་ཙམ་མམ་དེའི་ནད་དང་བད་ཀན་སྐྱ་རྦབ་ནད་དང་སྐྲངས་པ་སྦོས་པ། རི་སྐྱེགས་རི་སྐེགས་ཀྱང་རུང་སྟེ་བྱ་དང་གླང་ཆེན་ཆུ་སྐྱར་མཐིང་རིལ་སྐྱ་ག་མདོག་ནག་ཅིང་གློ་དཀར་པོ་ཅན་གྱི་བྱའི་མིང་སྐད་སྒྲ། སྐུན་བུ་ཀོང་བུ་དང་སློ་མ་སྐམ་པ་འཛིན་སྤྱད་དང་གྲུའི་སྐྱ་བ་ལུང་རིགས་ཀྱི་སྐྱ་བར་ནས་བཏོན་ཞེས་པ་ལྟ་བུ་སོགས་དང་སྣོད་སྐྱོགས་ཞུ་སྐྱོགས་སོགས། དགེ་སྐོས་སམ་ཡང་ན་དགེ་བར་སྐོ་བ་པོས་བྲོ་སྐྲབ་པ་འཁྲབ་པ་ཌ་མ་རུ་སྐྲོག་པ་རྡུང་བ། སྐུད་པོ་ཆུང་མའི་མིང་པོ་དང་སྲིང་མོའི་བདག་པོ་སྐྱོ་སྔོགས་འཁྲུག་ལོང་རྩོད་པ་ཞི་ཟིན་པ་སླར་སློང་བ་སྙན་སྐྱོ་སྐྱོ་མ་ཕྲ་མས་སམ་ཡང་ན་སྐྱོས་པ་ཉམས་པ་སྐྲག་པ་འཇིགས་པ་་བྲེད་པ། རྒྱ་སྐྱེགས་རྒྱ་ཚོས་སྐག་སྐྱེད་མོས་ཚལ་ལྡུམ་ཤིང་ར་བ་སྐྱེར་པ་ཞེས་པའི་ཤིང་ཞིག་སྐས་ཀ་ཐེམ་སྐས། ལུས་ཀྱི་སྐེ་མགུལ་པ་དང་ཨོག་སྐོར་ཨོག་མ་ཆུ་སྐྱེགས་ཁ་ལ་སྐྱུགས་པའི་སྔོན་དུ་བྱུང་བའི་ཆུ་སྐྱུར་དང་ཤིང་དང་བུ་སོགས་སྐྱེས་པ་སྐྱེ་བ། སྐྱི་གཡའི་དོན་སྐྲག་པ་སྐྱོན་ཉེས་པ་མཚང་དང་ངན་སོང་ལས་སྐྱོབ་པ་སྲུང་བ་དང་རྟེན་ནམ་སྐྱབས་སུ་འགྲོ་བ་རེ་ལྟོས་འཆའ་བ་དང་ཚིག་ཡང་ཡང་སྐྱོར་བ་ལྡབ་པ། མས་བུ་འཚོ་ཞིང་སྐྱོང་བ་བསྐྱང་བ་རེ་བ་སྐོང་བ་བསམ་པ་རྫོགས་པར་བྱེད་པ་སྐྱིན་གོར་དབྱིད་དེ་སྟོབས་སྐྱེད་སྨན་གངས་སྦལ་སོགས་དང་མར་གྱི་སྐོགས་པ་འཐུམས་བྱེད་དམ་ཤུན་པ། སྲབ་སྐྱོགས་རྟ་སྲབ་བམ་སྲབ་ཀྱིས་སྐྱོགས་ཤིང་སྒྱུར་བ་སྐྱེས་རྟེན་ནམ་རིགས་བཟང་པོ་རྒྱལ་གྱི་དོན་ལ་འཇུག་པའི་སྐུགས་རྒྱལ་འགུགས་བྱེད། བྱ་སྐྱིབས་ཆར་མི་འབབ་པའི་བྲག་སྐྱིབས་སོགས་སྐར་མ་མཐོང་བའི་ཐོག་ཁུང་རབ་གསལ་ཡང་སྐོར་ཚེར་སྐབས་རེར་བདེ་ཞིང་སྐྱིད་པ་སྤྲོ་བ་སྐྱིད་པོ། སྐྱེལ་མ་སྐྱེལ་མཁན་སྐྱེས་བུ་ཆེན་པོ་སྐྱེས་མཆོག་སྐྱོས་མ་རྟེན་ནམ་སྐྱེས་སྐྲོད་པ་གེགས་སོགས་མཐར་སྐྲོད་བཏང་བ་སྙིལ་བ། ཆུ་སོགས་སྐྱོམ་པ་གཡོ་བར་བྱེད་པ་ཞོ་སྐྲོག་པ་སྲུབ་པ་རྩིས་ཀྱི་སྐྱེག་བར་ཆད། ཇི་སྐད་ཇི་ལྟ་བ་ལུང་འདྲེན་པའི་ཚིག་འདི་སྐད་འདི་ལྟར་དང་ཡིན་སྐད་ཟེར་སྐད་སོགས་ཁ་སྐོང་པ་ཁ་ཚང་བར་བྱེད་པ་ཚེ་སྐབས་གོ་སྐབས་སྐབས་རྙེད་གནས་སྐབས་སོགས། ས་གཞི་སྐྱོང་བ་ས་སྐྱོང་པ་རྒྱལ་པོ་སྐྱང་ནུལ་ཞལ་བ་སྐམ་པ་རློན་པ་མིན་པ་རེ་སྐན་མནའ་སྐྱེལ་བ། ཡུན་ཐུང་བའི་སྐད་ཅིག་མ་སྐད་ཅིག་མ་མགོའི་སྐྲ་མགོར་ཉལ་སྐྱེས་པ་སྐྱེ་བ་ཤིང་སོགས་སྐྲུས་པ་ཀོང་ཀོང་འདྲུ་བའམ་གཅོད་པ། སྦས་པའི་དོན་ཅན་གྱི་སྐུངས་ཤིག་དབུས་ཀྱི་མཐའ་ནས་སྐོར་བ་ཁོར་ཡུག་སྐོབས་སུ་ཆུད་པ་གནས་སམ་བར་དུ་ཚུད་པ་སྟེ་བྱ་དཀའི་སྐབས་སུ་ཆུད་བྱ་དཀའི་གནས་སུ་ཚུད་ལྟ་བུ། རང་གི་སྐལ་བ་བགོ་སྐལ་སོགས་དང་ཤེས་པ་སྐྱེ་ཞིང་མཆེད་པར་བྱེད་པ་སྟེ་མིག་སོགས་བཅུ་གཉིས་ཐུགས་དམ་སྐོང་བ་དགོངས་པ་རྫོགས་པར་བྱེད་པའམ་མཉེས་པར་བྱེད་པ། བྱ་འཛིན་བྱེད་སྐོན་པ་རྙི་སྐྱི་ཀོ་བའི་ཕྱི་དཀར་པོ་ཀོ་བ་མཉེས་མ་སྐྱེ་ཚེའི་དོན་ནི་འབྲུ་ཞིག །སྐྱོ་མ་སྔ་བཙན་ཕྲ་མ་བཅུག་པ་སྐྱིལ་ཀྲུང་འདུག་སྟངས་ཀྱི་ཁྱད་པར་སྐྱོད་པ་གཡོ་བ་འགྲོ་བ། སྐྱ་རེངས་སྐྱ་མདའ་ཞལ་སྐྱིན་ཞལ་རས་དང་སྐྱེས་པ་རྩིག་སྐྱབས་རྩིག་སྐྱོར་སྐུམ་པ་སྐྱི་བ་སྐྱེ་བོ་སྐྱས་འདེགས་པ་སྒོག་སྐྱ་རེ་སྐོན་སོགས་སར་བཏགས་ཀའོ། ། ༼བརྐ༽ འདོད་པའི་ཡོན་ཏན་ལ་བརྐམ་པ་བརྐམས་པ་ཆགས་པས་བརྐུ་བྱ་བརྐུ་བ་མ་བྱིན་པར་བླང་བྱ་གསེར་སོགས་བརྐུས་པ་མ་བྱིན་པར་བླངས་པ་སྟེ་བརྐུ་རྐུ་བརྐུས་རྐུས་ལྟ་བུ་བྱེད་འདྲེལ་བདག་གཞན་དུས་གསུམ་དང་མ་འདྲེལ་བའི་དུས་གསུམ་སྐུལ་ཚིག་དང་བཅས་པའང་རྟགས་འཇུག་ལས་ཤེས་དགོས་ཚུལ་འདི་གོང་འོག་གི་བྱ་ཚིག་གཟུགས་འགྱུར་མི་འགྱུར་ཐམས་ཅད་ལ་སྦྱར་བར་བྱའོ། །འདུལ་བའི་གཞི་བཅུ་བདུན་ལས་བག་ཡངས་དང་འབྲེལ་བ་སྲ་བརྐྱང་གི་གཞི་སྟེ་གཏན་པ་ཡང་ཟེར་ལག་པ་བརྐྱང་བ་རྐྱོང་བ་བརྐོ་བྱ་པར་དང་ས་སོགས་བརྐོས་པ་རྐོ་བ། བརྐྱངས་པ་བརྐམས་པ་སོགས་བས་འཕུལ་ར་མགོ་ལྡན་པའ་ཀའོ། ། ༼བསྐ༽ བྱུག་པ་སྣུམ་སོགས་བསྐུ་བ་དང་བསྐུས་པ་སྐུད་པ་འབྱུག་པ་ལག་པ་སོགས་བསྐུམ་པ་དང་བསྐུམས་པ་ཚུར་སྐུམ་པ་སྡུད་པ། འཕྲིན་ཆ་བསྐུར་བ་འགན་ཁག་བསྐུར་བ་དབང་མངའ་བསྐུར་བ་སྐུར་བ་སྤྲོད་པ་ཆོས་སོགས་ལ་བསྐུལ་བ་སྐུལ་བ་བྱེད་དུ་བཅུག་པ། ནོར་གསེར་སོགས་བསྐྱི་བ་དང་བསྐྱིས་པ་སྐྱི་བ་གཡར་བ་དང་བསྐྱིན་པ་སྐྱིན་ཚབ་བསྐྱལ་བ་སྐྱེལ་བ་འཕེན་པ། གོས་ལ་སོགས་པ་བསྐོན་པ་སྐོན་པ་གཡོགས་པ་རྟ་དང་ཐབ་ལ་སོགས་པར་བསྐྱོན་པ་སྐྱོན་པ་འཇོག་པའམ་འཇུག་པའམ་རྒྱབ་པ་བསྐྱར་བ་སྐྱོར་བ་ལྡབ་པ་བཟླས་ནས་ཕྱིར་བསྐྲད་པ་སྐྲོད་པ་འདོན་པ། གཅོམ་བསྐྱུངས་ང་རྒྱལ་བཅག་པའམ་སྒྲ་ཆུང་ངུར་བྱས་པ་སྐྱུང་བ་འདོར་བ་ཟས་བསྐྲུ་བ་སློང་བ་བསྐྱེད་པ་སྐྱེད་པ་སྤེལ་བའི་དོན་ལ་འཇུག་ཅིང་དགེ་རྩ་དང་པར་སོགས་བསྐྲུན་པ་སྐྲུན་པ་སྐྱེད་པ་གསོག་པ་བཞེངས་པ་བཟོ་བ། དུས་ཀྱི་བསྐལ་པ་བར་བསྐལ་སོགས་ཀྱི་མེས་མཚོ་དང་ཤིང་སོགས་བསྐམས་པ་སྐེམ་པ་ཆུ་སོགས་ཀྱི་སྣ་མ་བཏང་བར་བསྐྱིལ་བ་སྐྱིལ་བ་འཁྱིལ་བ་བསྐྱམས་པ་སྐྱོམ་པ་གཡོ་བར་བྱེད་པ། ཡུལ་དུས་རང་བཞིན་གྱིས་བསྐལ་བ་ལྐོག་གྱུར་རམ་བར་ཆོད་པའི་དོན་དང་བསྐུངས་པ་སྐུང་བ་སྦས་ཤིང་འཇིགས་པ་ལས་བསྐྱབས་པ་སྐྱོབ་པ་བསྐྱངས་པ་སྐྱོང་བ་འཚོ་བ། གནསགཞན་དུ་འཕོ་ཞིང་བསྐྱས་པ་བསྐྱ་བ་སྤོ་བ་རྒྱང་རིང་དུ་བསྐྱུར་བ་སྐྱུར་བ་འདོར་བ་བྱ་བ་བསྐྱུངས་པ་སྐྱུང་བ་བཤོལ་བ། མི་དགག་ཚིག་བསྐྱོད་པ་སྐྱོད་པ་གཡོ་བ་བསྐོར་བ་མཐའ་ནས་སྐོར་བ་དང་ཚིག་སྐོར་བ་རྒྱལ་པོའི་སར་བསྐོར་པ་བསྐོ་བ་བཞག་པ་བྱེད་དུ་བཅུག་པ། ཟས་ཀྱི་རོ་བསྐ་བ་ཨ་རུ་རའི་རོ་ལྟ་བུ་དང་བསྐ་སླའི་བསྐ་བ་སྟེ་གར་མ་ཁ་བསྐང་པ་སྐོང་བ་ཚང་བར་བྱེད་པ་ཐུགས་དགོངས་དམ་པ་བསྐངས་པ་སྐོང་བ་རྫོགས་པར་བྱས་པ། གཞན་དོན་དུ་སངས་རྒྱས་འདོད་པ་ལྟ་བུའི་སེམས་བསྐྱེད་པ་སྐྱེད་པ་རྒྱ་ཁྱོན་བསྐྱེད་པ་ཆེར་བཏང་པ་དང་དྲན་པ་མེད་པར་བརྗེད་པའི་དོན་ཅན་གྱི་བསྐྱུད་པ་སྐྱུད་པ་དང༌། བསྐྱང་བ་བསྐྱང་བ་སོགས་བས་འཕུལ་བའི་ས་མགོ་ལྡན་པའི་ཀ་འཐོབ་པའོ། །༼ཁ༽ གོ་ཁྲབ་གོ་ཆ་ཁྲི་ཕྲག་སྟོང་ཕྲག་བཅུ་ཁྲག་ཁྲིག་གྲངས་གནས་ཤིག་གི་མིང་ཁུར་ནི་འཁུར་བ་སྟེ་འདས་པ་དང་སྐུལ་ཚིག་ཡིན། ཁོང་ནས་ཁྲོས་བ་ཞེ་སྡང་ཁོན་དུ་འཛིན་པ་གནོད་སེམས་འཆང་བ་ཁྲོ་བོ་ཁྲོ་བ་པོ་ཁྲོས་པ་ཁྲོ་བའི་འདས་སྐུལ། ཁྲོ་དང་ཁྲོལ་མའམ་ཚགས་མ་འཚག་བྱེད་ཁྲུད་པ་འཁྱུད་པའི་མིང་ཁུ་བས་ཁྲུས་འཁྲུ་བའི་མིང་དང་སྐུལ་ཚིག་དང་འདས་པ། ཁོང་པ་ཚོ་དང་ཁོང་དུ་ཆུད་པ་དང་ཁོང་ནས་སམ་ཞེ་ནས་ཁྲོ་བ་སྡང་བ་ཁོན་དུ་འཛིན་པ་མི་མཐུན་པར་འཛིན་པ་གནོད་སེམས་མི་གཏོང་བ་ཁྲོ་བོ་ཞི་བ་མིན་པའི་ཁྲོ་བ་པོ་ཁྲོས་ཤིག་པའམ་འདས་པ། ཁོང་བའི་ཟུངས་ཁྲག་སོགས་ཁྲག་ཁྲུག་ཁྲག་ནད་དམ་འཁྲུགས་པ་ཁྲུང་ཁྲུང་བྱའི་བྱེ་བྲག་ཁྱུ་རིགས་མཐུན་པའི་ཚོགས། ཉེས་སྤྱོད་སྡོམ་པ་སོགས་ཀྱི་ཚུལ་དང་མཐུན་པའི་ཁྲིམས་བསིལ་བ་འཐོབ་པ་ཁྲིས་འཇགས་ཆིངས་བྱས་པ་ལྟར་གནས་པ་ཁྲིམས་ལུགས་ཀྱི་མིང་ཁྲལ་དཔྱ་སོགས། འཇལ་བྱེད་ཁྲུ་གང་སོར་ཉེར་བཞིའི་ཚད་སོགས་ཁྲུན་དཀྱུས་རིང་པོ་ཁྲམ་ཁ་རི་མོའི་ཁྱད་པར་ཁྲ་བོ་ཁ་དོན་སྣ་ཚོགས་པ། ཁྲོམ་ཚོགས་པ་ཁྲོད་གསེབ་བམ་དཀྱིལ་གནད་ཁྲིའི་སྟེང་གཙུག་ལག་ཁང་སོགས་མི་ཁྱིམ་སྒོ་དང་འཁོར་གྱི་ཁྱམས། ཕུག་རོན་སོགས་གསོད་བྱེད་བྱའི་ཁྱད་པར་ཁྲ་དང་ཁྱི་ཡིས་ཁྱེར་ཟིན་དང་ཁྱེར་ཅིག་བསྙིམ་པ་གང་ལ་ཁྱོར་བ་དོའི་ཚད་བྱེད་པ་ལྟ་བུ་ཁྲེ་འབྲུའི་བྱེ་བྲག །ཁོ་ར་ཁོར་ཡུག་མཐའ་སྐོར་ཁྲོན་པའི་ཆུ་ཁྲེམས་ཐིམ་པ་དང་འགྲེམས་པའི་སྐུལ་ཚིག །སིལ་ཁྲོལ་ལྕགས་ཀྱི་རོལ་མོ་འདོད་གཟུགས་གཟུགས་མེད་ཀྱི་ཁམས་རྣམ་པ་གསུམ་པོ་ཁྲམ་པ་ཧམ་པས་ཞེ་ཁྲེལ་བ་གཞན་ལ་འཛེམ་པ། དུར་ཁྲོད་རོ་བཞི་ཡན་སྐྱེལ་ས་ལམ་གྱི་སྣ་ཁྲིད་པ་ལམ་མཁན་ཁྲུམས་སྟོད་དང་ཁྲུམས་སྨད་གཉིས་རྒྱུ་སྐར་ཞིག །ཁོང་ཁྲོ་བའི་གཉེར་མ་ཁྭ་ཏ་འདབ་ཆགས་ཤིག་དང་ཁམས་ཁོང་རྣམ་པ་ཁྱེད་ཁྱོད་ཁུད་པ་ཁོང་དུ་ཆུད་ཁ་ཁྲིས་མ་ཁེགས་ཁལ་སོགས་ཁ་རྐྱང་ངོ༌། ། ༼མཁ༽ རབ་བྱུང་བསྙེན་རྫོགས་དང་ལས་ཀྱི་མཁན་པོས་ས་ལས་བྱས་པའི་མཁར་རྫོང་མཁྲང་བ་གྱོང་བོ་གྲིམས་པ་མཁྲེགས་པ་སྲ་བ་མཁྱེན་པ་ཤེས་པ། མཁྱུད་པའམ་སྦས་ནས་སྤྱད་པ་གསང་བའི་མན་ངག་དཔེ་ཆ་མཁྱུད་པ་སེར་སྣས་ཚོས་ཀྱི་གནད་མི་སྟོན་པ་ཞུ་མཁན་འདྲི་མཁན་ནམ་ཚོས་གདན་ཉེ་བར་མཁོ་བ་དགོས་པ། མ་མཁལ་མ་མགལ་མཁལ་མ་ནང་ཁྲོལ་ཞིག་བཞིན་གྱི་མཁུར་ཚོས་འཛུམ་པ་དམུལ་བ་ཤེས་བྱ་ལ་མཁས་པ་དྲན་དབང༌། སྔོ་མཁན་པའི་ཁྲོད་མ་ཁྲོས་ཕབ་པ་བདེ་བར་གནས་པ་སྔ་མ་ཁོ་སྔར་བཞིན་སྔར་ལྟར། ནམ་མཁའ་རྒྱུ་སྐར་གྱི་ལམ་དང་མཉམ་པ་མཁྲིས་པའི་ནད་མེད་པར་མཁྱེན་པ་ཤེས་པ། ཆུ་མཁྲིས་རྟ་གདོང་གི་མེ་ལག་པའི་མཁྲིག་མ་དང་མཁུར་བ་སྤོ་བ་སོགས་མས་འཕུལ་བའི་ཁའོ། ། ༼འཁ༽བློ་འཁུམས་པ་སེམས་ཞུམ་པ་ཞེ་ནས་འཁོན་པ་བཀོན་པ་འཛིན་པ་འཁང་བ་སྡང་བའི་དོན་ཡིན་ཞིང་འཁུ་བ་སྡང་བ་དང་སེར་སྣ། འཁྱགས་པ་འཁྱག་པའམ་གྲང་ནས་ཡུལ་མཐའ་འཁོབ་ཆོས་མེད་པའི་གནས་འཁྱར་བ་འཁྱམས་པའམ་ཞིག་པའམ་འཆི་ཞིང་འཁྱམས་པ་འཕྱན་པ། རྒས་པ་ལ་གོ་བའི་འཁོགས་པ་ལོན་སོང་བ་འཁོས་ཀ་ཆུང་བ་ནུས་པ་ཆུང་བ་རྐང་པ་འཁུམ་རང་བཞིན་གྱིས་སྐུམ་པ་འདུ་བ་འཁྱོག་པ་དྲང་པོ་མིན་པ། གོམ་པ་འཁྱོར་བ་མི་བརྟན་པ་འཁྱོམ་པ་གཡོ་བ་འཁར་བ་ལག་རྟེན་དང་ཆུ་བཏུང་སྣོད་དང་སྣོད་ཀྱི་མཐིལ་དུ་ཟས་ཚིག་པ་ལྟ་བུ་གོ་བར་བྱེད་ཅིང་ཡབ་ཡུམ་འཁྲིལ་བ་སྦྱོར་བ་ཤིང་ལ་འཁྲིས་པ་སྦྱོར་བ་དང་ཆགས་ཟིན་པ་ལུས་ལ་འཁྱུད་པ་སྦྱོར་བ། འཁྲིག་པ་འདོད་པའི་དགའ་སྟོན་གྱི་ཚིག་སྤྲིན་འཁྲིག་སོགས་ངག་གམ་གཏམ་འཁྱལ་བ་བཀྱལ་བ་འཆལ་བ་འཐབ་པ་དང་འཁྲུག་པ་དོན་གཅིག་ཅིང་གོང་འོག་འཁྲུག་པ་སོགས་ཀྱང་གོ་འཁྲུལ་པ་ནོར་བ་གཡོ་བ། ཤིང་སོགས་ལ་འཁྲི་བ་འམ་ཆགས་ཞེན་འཁྲུ་བ་བཀྲུ་བ་དང་བཤལ་བ་ཆུས་འཁྲུད་པ་གཞན་ལ་འཁྲི་ཞིང་སྦྱོང་བར་བྱེད་པའི་ཤིང་འཁྲུངས་པ་སྐྱེས་པ། །ཉི་གདུགས་སོགས་འཁྱིར་བ་འཁོར་བ་ཞབས་བྲོ་འཁྲབ་པ་རྡུང་བའམ་སྐྲབ་པ་འཁར་བའི་རྔ་འཁྲོལ་བ་དཀྲོལ་བ། སེམས་ཆུ་ལྟར་འཁོལ་བ་རྣལ་དུ་མི་གནས་པ་སེམས་སོགས་འཁྲུགས་པ་འཛིངས་པ་འཁྱུག་པོ་མགྱོགས་པོ་དང་མིག་སྔར་འབབ་པ་མཐུན་པར་གོ་འཁྱུས་པ་འབྲོས་པ་རྒྱུག་པ། ཁུར་པོ་འཁུར་བ་བཀུར་བ་དཔྱ་ཁྲལ་འཁྲི་བ་ཕོག་པ་ཉི་འོད་འཁྱིམས་པ་འོད་སྐོར་བ་ཆུ་སོགས་འཁྱིལ་བ་སྐྱིལ་བ། འཁོར་བ་རང་ཉིད་སྐོར་མཁན་མེད་པར་འཁོར་བ་སྟེ་སྲིད་པ་སོགས་མང་པོ་ལ་འཇུག་པར་མཐོང་ཞིང་འཁྲེན་པ་ཆགས་ཤིང་ཞེན་པ་འཁྲས་པ་ཆགས་ཤིང་འཁར་བ་ཞེན་པ་འདི་གསུམ་དོན་འདྲ། ཐག་པས་མ་འཁྱིག་པ་མ་མཆིང་བ་དང་སྐུལ་ཚིག་མ་འཁྱེར་བ་མ་འཁུར་བ་སྣུམ་དུ་བཙོས་པའི་འཁུར་བ་བཞེས་སྤྲོ་འཁུར་བ་འཁྱེར་བ། ལས་སྣེ་སོགས་མ་འཁྱུར་བ་མ་བསྐྱུར་བའམ་མ་བརྗེས་པ་དྲེད་པའི་འཁྲིམས་པ་འཇིགས་པ་འཁམས་པ་བརྒྱལ་བར་གོ་དགོས་ཤིང་ནད་སོགས་ཀྱི་ངག་འཁུན་པའམ་འཁུན་བུའི་སྒྲ་ཐོན་པ། གསེར་སོགས་ཀྱི་འཁོར་ལོ་འཁོད་པ་བཀོད་པའམ་གནས་ཀྱང་གཙོ་བོ་གཡོག་འཁོར་དང་བཅས་པ་འཁོབས་པ་ཁྱབ་པ་རྒྱ་ཆེ་བ། གཡོ་ཏུ་འཁུལ་བ་མ་བསྐུལ་བར་གཡོག་ལས་བྱེད་པ་གཡོག་ཏུ་འཁོལ་བ་བཀོལ་བ་སྲད་བུ་སྐུད་པ་འཁལ་བ་བཀལ་བ། འཁྲ་བ་ཆགས་པའི་སར་མ་འཁྱོལ་བ་མ་བསྐྱལ་བའམ་མ་སོན་པ་འཁྲིད་པ་བཀྲི་བར་འཇུག་འཁུམས་པ་གོ་བའམ་ཤེས་པ་ཐོས་པ། རུས་ཀྱི་བྱེ་བྲག་ས་སྐྱའི་གདུང་ལ་འཁོན་ཅེས་པའང་མི་མཐུན་པའི་དོན་ཡིན་འཁོབ་པ་ལ་གོང་དུ་འཁུར་འཁོར་ས་སོགས་འས་འཕུལ་ཁའོ།། ༼ག༽གྲུབ་པའི་མཐའ་དཔྱད་པའི་མཐའ་སྟེ་ཆོས་ལུགས་གྲུབ་པ་ཐོབ་པ་མཐོང་ལམ་སོགས་ལ་རེག་པ་གྲངས་ཀ་མེད་པ་གྲངས་གནས་ཤིག་དང་གྲངས་སུ་ཐེབས་མི་ནུས་པ་གྲོལ་བ་ཐར་བ་མདུད་པ་ཞིག་པ་ཡལ་བ། རལ་གྲི་མཚོན་ཆའི་ཁྱད་པར་གྲོ་ག་ཤིང་སྟག་པའི་ཤུན་པས་ཤོག་བུ་དང་རྦབ་སོགས་རང་བཞིན་གྱིས་གྲིལ་བ་ཞེས་གྲག་ལོ་གྲག་ཟེར་གསུམ་གྱི་གྲག །གྲུལ་བུམ་གདོན་ཞིག་གྲང་བའི་ནད་བད་ཀན་སོགས་གྲུམ་བུ་ནད་ཅིག་གིས་གྲོངས་ཤི་བ་དང་སྐུལ་ཚིག །མོན་གྲུ་དང་ནམ་གྲུ་དང་གྲེ་དང་གྲོ་བཞིན་འདི་བཞི་རྒྱུ་སྐར་གྱི་བྱེ་བྲག །ཆོས་ཀྱི་གྲྭ་ཆོས་ར་བླའི་གྲྭ་བཟོ་གྲྭ་ཆོས་གོས་ཀྱི་གྲྭ་གྲྭ་པའི་གྲལ་རིམ་དུ་རིམ་གྲོ་བཀུར་སྡི་དང་ཞབས་བརྟན་ནམ་སྐུ་རིམ་ལ་སོགས་པའི་མིང་གྲབས་སྟ་གོན། ཡུལ་གྲུ་ཡུལ་ཁྱོན་ནམ་ཡུལ་གྲུ་ཟུར་བཞི་གྲུ་གཟིངས་ཀྱི་ཁ་ན་ཡོད་པའི་གྲོང་ཁང་པའམ་ཁང་པའི་ཚོགས། གྲ་མ་ཤིང་ཞིག་སྤུ་གཅོད་པའི་གྲི་སྤུ་གྲ་ལྟར་ཡང་འདུག་གྲུ་འཛིན་པའི་རི་སྟེ་པོ་ཏ་ལའི་རི། མོན་ལུག་གླ་སྒང་སྔོ་སྨན་ཞིག་གྲོ་འབྲུའི་བྱེ་བྲག་སྦང་མའི་གླུམ་གླུམ་སྦང༌། སྙེ་མའི་གྲ་མ་དང་སོགས་མའི་ཕུབ་མ་རྒྱ་གྲོ་མ་སོགས་མོན་སྲན་གྲེའུ་ཁྲེའུ། གྲོད་པ་གསུས་པ་གྲོན་འགྲོ་ཅན་ཐུགས་གྲོན་སྣག་ཤོག་གྲོན་དུ་ཟད་ལྟ་བུ་འགྲོ་སོང་ངམ་ཆུད་ཟོས་གྲུང་པོ་སྤྱང་པོ་དང་ས་བོན་གྲུང་པོའི་དོན་ཡིན་ཞིང་སྐུ་དང་རིག་པ་སོགས་གྲིམས་པ་མི་ལྷོད་པའི་དོན་སྐུལ་ཚིག་ཀྱང་ཡིན། གྲམ་པ་ཞེས་པའི་དོན་ཆུ་རྒྱུག་ཤུལ་གྱིས་ཆུ་གྲོག་ཆུ་གྲང་ལ་བྱེ་བཏབ་པའི་སྨན་གྲེ་བ་མགུར་རམ་མིད་པའི་དོན་གྲོགས་པོ་རོགས་སམ་ཟླ་བོ། ཤིང་གི་གྲིབ་མ་ལ་སོགས་པར་བྱ་བ་ལེགས་ཉེས་ཀྱི་གྲོས་བྱེད་པ་གླེང་བ་བཤད་པ་རེ་བ་གྲོན་དུ་མེད་པ་རེ་བ་ཆུད་མི་ཟ་བ། རི་དྭགས་གླ་བའི་ལྟེ་བར་ཡོད་པའི་རྩི་སྨན་གླ་ལས་བྱས་པའི་རྔན་པ་གླུད་ཚབ་ལྟར་གླེན་པ་བླང་དོར་མི་ཤེས་པ། ཛམྦཱུ་ཟུར་ཆག་པའི་འཛམ་བུའི་ཤིང་ཡོད་པའི་གླིང་ཆུའི་བར་དུ་ཆུད་པའི་གླེ་བར་གླེགས་མའི་བམ་པོ་སྟེ་པོ་ཏི་གླིང་བུ་རྒྱ་གླིང་ལ་སོགས་པའི་མིང་གླུ་རྡོ་རྗེའི་གླུ་སོགས། ནད་ཕོ་བ་གླང་ཐབས་དང་པགས་ནད་གླང་ཤུ་བས་བལྡག་གློག་པ་ཞེས་པའི་ནད། གློ་བ་ནང་ཁྲོལ་ཞིག་དང་གློ་བ་དགའ་ཞེས་པ་ཡིད་དགའ་བའི་དོན་གློ་ལུད་པ་དགོག་པ་བཀོག་པ་དབྱིབས་ལེབས་མོར་གླེབས་ལེབ་ལེབ་བྱེད་པ་མནན་པ། གླང་པོ་ཆེན་པོ་ལག་ལྡན་གློ་ཡིས་ཕབ་པ་གཞོགས་ཕབ་པ་བདེ་བར་གནས་པ་ཁ་གློད་པ་ལྷོད་པོ་བྱེད་པ་བཀྲོལ་བའམ་བཏང་ནས་སེང་གེ་གླལ་བ་སེང་གེ་རྣམ་བསྒྱིངས་དང་ཁ་གཡལ་བ། རྩིག་པའི་གློ་ལོགས་འབུར་བ་གློ་བུར་ངེས་མེད་དམ་འབྲལ་དུ་རུང་བ་གློ་རྡེག་མགྱོགས་པ་གློ་བུར་ནམ་མཁའི་གློག་རྣམ་གསལ། གླགས་སྐབས་རྙེད་པ་ཐོབ་པ་བཟང་ངན་གྱི་ལན་གླན་པ་འཇལ་བ་གོས་ཀྱི་ལྷན་པ་གླན་པ་དགབ་པ། ཁང་པའི་སྒོ་གླེགས་སྒོ་འཕར་ཆོས་གོས་ཀྱི་གླེགས་བུ་ཚལ་བུ་དང་པོད་ཆུང་དང་སྤྲིང་ཡིག་ལ་སོགས་པའི་དོན་གྲྭ་ཟུར་དང་སྡེ་སོགས། གླ་གོར་ཞོ་ཤ་ཤིང་སྨན་ཞིག་གཏན་གྱི་མདུན་མ་སོགས་གླེང་བ་གྲོས་བྱེད་པ་བཤད་པ། བྱའི་ཁྱད་པར་གླག་ཅེས་པ་ལུ་གུ་སོགས་གསོད་མཁན་གྲོག་མ་སྲོག་ཆགས་མིག་མེད་གྲིབ་མི་གཙང་བ་གྲིབ་གདོན་གདོན་ཞིག །གྲོག་པོ་རིའི་སུལ་ལ་སོགས་པར་གོ་ལག་པའི་གྲུ་མོ་དཀར་ཡོལ་ཆག་ཅིང་གྲུམ་པ་དཀྲུམ་པ་གྲུབས་ཞེས་སྣང་ཡང་དཔྱ་དོན་གྲུབ་ཡིན་ནས་མེད། ཐུན་མོང་དང་མཆོག་གི་དངོས་གྲུབ་གྲུབ་པ་གྲུ་ཆར་ཆར་པ་འབེབས་པར་འཇིག་རྟེན་ན་གྲགས་པ། རི་དྭགས་ཤ་བའི་ཁྲག་རྭ་སོགས་ལ་འཇུག་པའི་གྭ་དོར་དང་གྲུ་གུ་ཐ་གྲུ་བྱ་གག་གྱ་ནོམ་གྱི་ན་གང་བུ་སོགས་ག་རྐྱང་ངོ༌། །༼དག༽ སྣ་གཅིག་སྤྱོད་པ་སོགས་ཀྱི་དགེ་བསྙེན་ཕ་མ་སྤང་བྱ་བཅུ་སྤོང་བའི་དགེ་ཚུལ་ཕ་མ་སེམས་དགའ་བ་ཐུགས་དགྱེས་པ་མཉེས་པ་དགོད་པ་གད་མོ་ཤོར་བ། དགུང་གནམ་སྔོན་པོ་དགུ་ཚིགས་གནམ་གྱི་སྐ་རགས་ལུས་རྒྱབ་ཏུ་ཕྱིར་དགྱེ་བའི་དོན་ཡིན་ཞིང་མདུན་དུ་དགུ་བ་གུག་པ། ཉིན་མོ་དང་མཚན་མོའི་དགུང་དཀྱིལ་ལམ་ཕྱེད་དགེ་བའི་བཤེས་གཉེན་དགེ་གྲོགས་ཡོད་དགུ་ཡོད་དོ་ཅོག་གམ་ཡོད་ཚད་དགུག་པ་བཀུག་པ། དགེ་སྦྱོང་སངས་རྒྱས་ལྟ་བུ་དགེ་སློང་ཕ་མ་སྤང་བྱ་ཐམས་ཅན་སྤངས་པ་དགེ་འདུན་དགེ་སློང་བཞི་ལས་མི་ཉུང་བའི་ཚོགས་གྲངས་དགུ་ཡིས། ཉོན་མོངས་སོགས་གནོད་བྱེད་ཀྱི་དགྲ་བོ་བཅོམ་པ་དང་དགོངས་པ་བཞེད་པའམ་བསམ་པ་དགྲོལ་བ་བཀྲོལ་བའམ་བཀྲལ་བ་ཡི་གེར་དགོད་པ་བཀོད་པ། མི་འཐད་པའི་ཆ་དགག་པ་སུན་འབྱིན་པ་འཐད་པའི་ཆ་སྒྲུབ་པ་སྣོད་དགང་བ་བཀང་བ་དགོན་པ་དབེན་པར་གོ་དགར་བ་བཀར་བ། རི་དྭགས་དགོ་བ་ཡིས་ཕ་བ་དགོ་དགོ་མེ་མེད་དུ་བ་སྟེ་ཁྲག་གཅོད་ཀྱི་སྨན་དགས་པ་བཀས་པ། ཁལ་དགལ་བ་བཀལ་བ་གོས་ཀྱི་ལྷན་པ་དགབ་པ་བཀབ་པ་དང་དགོག་པ་བཀོག་པ། སྐྱེ་དགུ་སྐྱེ་བོས་དགེ་བ་ལེགས་པའི་དོན་བདེ་འབྱིན་བྱེད་ཀྱི་དགེ་བསྒྲུབ་པ་དགོས་པ་ཉེར་མཁོ་ཡོད་མེད་སོགས། དགོངས་མོ་ཕྱི་དྲོ་སོགས་ཟོང་བཙོང་བྱའི་དངོས་པོ་སྨར་མིན་དགྲམ་པ་བཀྲམ་པ་མེ་ཏོག་ཐང་ག་སོགས་དགྲམ་པ་བཀྲམ་པ། དགུན་དུང་ཅན་ཆུ་མེད་པའི་གནས་ཉིད་དུ་དུས་དགུན་ཀ་སྡོད། དགུང་གནམ་ལོ་དང་དགམ་པ་དགྲུང་བ་ལ་སོགས་དས་འཕུལ་གའོ། ། ༼བག༽ བཀའ་བགྲོ་བ་གྲོས་བྱ་བ་བགྲོ་བྱའི་གཏམ་གླེང་པ་འཆད་པ་བགྱི་བ་བྱ་བ་བགྱིད་པ་བྱེད་པ་བགྱིས་པ་བྱས་པ་གྱིས་ཤིག་བྱོས་ཤིག །གོ་ཆ་ལུས་ལ་བགོས་པ་གྱོན་པ་བགེགས་བར་ཆད་གེགས་ཀྱིས་བགྲོད་པ་འགྲོ་བའི་ལམ་བགགས་པ་བཀག་པ། དུས་ཚོད་བགྱངས་པ་ཕྱིས་པ་ཚོད་བགམ་པ་ཉམས་ཚོད་ལེན་པ་བགོ་བར་བྱ་བའི་གོས་བགོས་པ་གྱོན་ཟིན་པ། སྐུ་བགྲེས་པོ་བགྲེས་པ་རྒན་པས་མིག་གཉིས་བགྲད་པ་བསྒྲད་པ་གདངས་པ་བགྲང་བྱ་བརྩི་བྱའི་ཕྲེང་བ་བགྲངས་པ་བརྩིས་པ། བགྲུས་པ་ཤུན་པའམ་སྦུན་པ་ཕུད་པའི་མིང་འབྲས་སཱ་ལུ་བགོས་པ་བགོ་བཤའ་བྱས་པ་གད་མོ་ག་ཞ་བགད་པ་དགོད་པ། རྐང་པའི་གོམ་པ་བགོམས་པ་འགོམ་པ་གོམ་པ་སྤོས་པ་དང་སྟེང་ནས་བགོམས་ཤིང་ཆུ་རྙོག་མ་བགྲུངས་པ་དྭངས་བར་བྱས་པ། བགོ་བྱའི་སྐལ་བ་རང་སྐལ་བགྲོད་པ་བགོར་བ་ལ་སོགས་བས་འཕུལ་གའོ། ། ༼མག༽ ལུས་སོགས་ཀྱི་མགོ་བོ་ཡན་ལག་མཆོག་གཙོ་བོ་མགུར་བ་མགྲིན་པ་དང་གསུང་མགུར་མགུལ་བ་སྐེ་མགྲིན་པ་གྲེ་བ་མགར་བ་ལྕགས་བཟོ་དང་བློན་པོ་མགར་ལྟ་བུ་རུས་མིང་མགོན་པོ་སྐྱོབ་བྱེད་སེམས་མགུ་བ་དགའ་བ། མགལ་དུམ་ཤིང་ཚིག་དུམ་མགལ་མེའི་འཁོ་ལོ་གཏོར་མ་སོགས་ཀྱི་མགྲོན་དུ་བོས་པ་མགྲོན་པོའམ་གསར་འོངས་ཀྱང་མགྱོགས་པ་མྱུར་བ། ཡ་མགལ་ཡ་ལེ་མ་མགལ་མ་ལེ་སོགས་མས་འཕུལ་གའོ། ། ༼འག༽ གཞན་དུ་འགྲོ་བ་ཕྱིན་པ་འགྲེང་བ་ལངས་པ་རྒྱལ་ཁམས་འགྲིམ་པ་འགྲོ་བ་མྱུལ་བ་འགྲུལ་བ་འགྲོ་བ་འགྲུལ་པ་ཡང་འགྱིང་པ་སྒྱིང་པ་འགྱིང་བག་རྣམ་འགྱུར་འགྲོས་འགྲོ་ཚུལ་རྟ་འགྲོས་ཀྱང༌འགྲན་པ་བསྡུར་བ། ཟས་ཀྱིས་ལྟོ་བ་འགྲངས་པ་གང་བ་འགེངས་པ་བཀང་བ་འགག་པ་བཀག་པ་འགོག་པ་བཀག་པ་འགོག་བདེན་ཉན་ཐོས་འགོག་པ་ལྟ་བུ་འགགས་པ་བཀག་པ་དུམ་བུར་འགས་པ་བཀས་པའམ་ཡང་ན་འགའ་ཞིག་གིས་ཞེས་པའི་དོན་འགྲིབ་པ་མི་སྣང་བ་སྒྲིབ་པ། དུས་འགྱངས་པ་ཕྱིས་པ་འགོར་བ་ཡུན་རིང་ཐོགས་པ་སོ་སོར་འགྱེས་པ་འབྲལ་བ་གྲོལ་བ་བཤེས་གཉེན་དང་ལྷན་ཅིག་འགྲོགས་པ་སྡེབ་པ་སྟེན་པ་དགོངས་པ་འགྲེལ་པ་བཀྲལ་བ་སྟེ་བསྟན་བཅོས་འགྲོལ་བ་འཀྲོལ་བ། འགྱེལ་བ་སྒྱེལ་བ་འགྲིལ་བ་སྒྲིལ་བ་འགྲོངས་པ་འཆི་བ་འགུམ་པ་འཆི་བ་འགལ་བ་མི་མཐུན་པ་ཞེ་འགྲས་པ་ཞེ་སྡང་བ་མི་དགའ་བ་སྔར་བྱས་ལ་འགྱོད་པ་ཕྱིས་གདུང། འགོལ་བ་དབེན་པའི་སར་གདོང་གི་འགྲམ་ལྡན་པ་འགུལ་བ་གཡོ་བ་ནོར་རྫས་འགྱེ་བ་དང་འགྱེད་པ་འཀྱེ་བ་གཏོང་བ། འགན་ཁག་འཁུར་བ་འགོང་པོའི་གདོན་གཞན་ལ་འགོ་བའི་ནད་ཆམ་པ་སོགས་འགོས་པ་སྦགས་པའམ་འབྱར་བ་ལྟ་བུ། གོང་དུ་འཕེལ་བ་དང་འགྲིབ་པ་ཉམས་པ་རྒུད་པ་འགྱུར་བ་མི་བརྟན་པ་དང་སྐད་འགྱུར་བ་སོགས་འགྱུས་པ་རྒྱས་པ་དང་སེམས་འགྱུ་བ་མི་འགོང་བ་མི་སྐྲག་མི་ཞུམ་ཟིལ་གྱིས་མི་གནོན་པ་དང༌། ལམ་གྱི་འགྲོན་པོ་འགྲུལ་པ་འགའ་ཞིག་ཁ་ཅིག་འགུགས་པ་བཀུག་པ་རྩེག་པའི་འགྲམ་གཞིའམ་རྨང་འགྲམ་ཆུ་འགྲམ་ཉེ་འགྲམ་སོགས་ཀྱང་འགོད་པ་བཀོད་པ་འབྲི་བ་དང་འཇོག་པ། བརྩོན་ཅིང་འགྲུས་པ་འབད་པ་འགོ་མ་ཐོག་མའི་ཆུ་འགྲེམས་པ་བཀྲམ་པ་དོན་སོགས་འགྲུབ་པ་གྲུབ་པ། མགོ་བོ་འགེམས་པ་འཇོམས་པ་བཀས་པགཞན་ལ་རིགས་འགྲེ་བ་ཁ་སྤོ་བ་ཚོས་ཀྱི་འགྲེབ་པ་ཚོས་ཉེས་པ། འཐབ་མོ་འགྱེད་པ་འཁྲུག་པ་བྱེད་པ་དང་འགེལ་བ་རིགས་འགྲེས་པ་འགྱུ་བ་འགང་བ་འགུམས་པ་ལ་སོགས་པ་འས་འཕུལ་བའི་གའོ། ། ༼རྒ༽ བློ་རྒོད་པོ་སྣ་ཚོགས་དྲན་ནུས་སམ་གྲུང་པོ་སོགས་རྒྱ་ཆེ་བའི་མཚོ་ཆུའི་ཕུང་པོར་གོ་ཆུ་དང་ལ་སོགས་རྒལ་བའི་ཕྱིར་རྒྱུ་བ་འགྲོ་བ། གནའ་གཏམ་གཅིག་ནས་གཅིག་ཏུ་རྒྱུད་པ་སྔོན་གྱི་ལོ་རྒྱུས་ཕྲེང་བའི་རྒྱུད་ཕྲེང་ཐག་གམ་ཕྲེང་བ་རྒྱུད་པ་ཡང་རྒྱུད་མང་པོ་ཅན་སྒྲ་སྙན་མཛེས་བྱེད་ཀྱི་རྒྱན་སོགས། བྱ་རྒྱལ་རྒོད་པོ་རྒན་པོ་རྒས་པ་དང་བསླབ་པ་རྒན་པ་རྒ་བ་ན་ཚོད་ཡོལ་བ་སོགས་ཤི་བ་ལྟ་བུའི་རྒུད་པ་ཉམས་པ། ཕས་ཀྱི་རྒོལ་བ་ཕ་རོལ་གྱི་རྒོལ་བ་གནོད་བྱེད་རྒོལ་ཕྱིར་རྒོལ་སོགས་རྩོད་བྱེད་རྒྱང་འཕེན་པ་ཕྱི་རོལ་པ་ཐམས་ཅད་དང་ཆད་སྨྲའི་གྲུབ་མཐའ་འཛིན་པ་མགོ་བོ་ལ་རྒྱོབ་ཅིག་སྣུན་ཅིག །རྒོད་མ་རྟ་མོའི་མིང་རྒྱབ་ལུས་ཀྱི་རྒྱབ་སོགས་རྒྱས་པ་རྒྱ་ཆེ་བ་འཕེལ་བ་བྱེ་བ་སྤྲོས་པ་རྒྱས་པར་བཤད་པ་སོགས་རྒྱང་ཐག་རིང་པོ་རྒྱུག་པ་མགྱོགས་པོར་འགྲོ་བ་དང་རྒྱུག་ཆེ་བ་སོགས། རྒྱ་བོ་གདོང་ལ་རྒྱ་ཡོད་པ་དམུ་རྒོད་མི་སྲུན་པ་ཕྱག་རྒྱ་ཕྱག་དམ་དང་ཕྱག་རྒྱ་བཞིར་གོ་རྒྱོ་འཁྲིག་པའི་དངོས་མིང༌། རྒྱ་ཚ་ཚྭའི་ཁྱད་པར་རྒྱམ་ཚ་ཚྭའི་ཁྱད་པར་རྒྱགས་ལྟོ་ཕོགས་ཀྱི་ཕྱེའི་རྒྱུགས་དཔེ་རྒྱུགས་ཇ་རྒྱུགས་སོགས། རྒྱུ་མཚན་སྒྲུབ་བྱེད་དམ་གོ་བྱེད་རྒྱུ་ལོ་རྒྱུས་གཏམ་རྒྱུས་བྱིང་བ་རིག་པ་གསལ་ཆ་མེད་པ་རྒོད་པ་སེམས་མི་གནས་པར་འཕྲོ་བ་རྒྱུ་སྐྱེད་བྱེད་དང་འཇོག་བྱེད་ཀྱི་རྒྱུ། བདུད་བཞི་ལས་རྒྱལ་བ་ཁེ་ཐོབ་པ་བཅོམ་ལྡན་བླ་མའི་རྒྱུད་རྒྱུན་ཆགས་ཏེ་རྒྱུད་སྡེ་བཞི་སོགས་རྒྱལ་པོ་གཙོ་བོ་མི་བདག་ལྟ་བུ་རྒྱུ་བའི་སྐར་མ་རྒྱལ་སྟོད་དང་རྒྱལ་སྨད་དེ་སྐར་མའི་བྱེ་བྲག །ཤེས་པ་སེམས་ཀྱི་རྒྱུད་རྒྱུན་རྒྱ་ཡིས་བཏབ་པ་མི་འདའ་བའི་རྟགས་བཀོད་པ་ང་རྒྱལ་དྲེགས་པ་ཟས་དང་རིགས་སོགས་ཀྱིས་རྒྱགས་པ་མཐོ་བར་སེམས་པ། རྡོ་རྗེ་རྒྱ་གྲམ་བསྣོལ་བ་རྒྱན་པོ་ཤོ་སོགས་རྒྱན་དང་རྒྱལ་གཉིས་སྐུགས། རྒུན་གྱི་འབྲུམ་པ་རྒུན་ཤིང་གི་འབྲས་བུ་རྒྱ་ཤུག་ཤིང་གི་ཁྱད་པར་ཉ་རྒྱ་དོལ་ལམ་རྐོན་པར་གོ་རྒྱུ་བ་འགྲོ་བ། ལུས་ཀྱི་རྒྱུས་པ་རྩ་རྒྱུས་དང་རྒྱུས་སྐུད་ལྟ་བུ་རྒྱུ་མ་ནང་ཁྲོལ་ལུ་གུ་རྒྱུད་བར་མ་ཆད་པ། ཀོ་གྲུ་རྒྱོངས་ཤིག་པ་སྟེ་གྲུར་སྤྱད་དངོས་སོགས་བཀང་བའམ་གྲུ་ཉིད་ཆེར་བཏང་བའི་སྐུལ་ཚིག་རྒྱང་བྱེད་ཀྱི་ཤིང་ཆེར་གཏོང་བྱེད་ཀྱི་ཤིང་ཡིན་ལ་རྒྱང་ཤིང་ཞེས་པ་ལྟར་ན་རྒྱང་བར་བྱེད་པའི་དོན་སྨིག་རྒྱུ་བྱེ་མ་ཉི་འོད་རླུང་གསུམ་ཚོགས་པ་ལས་ཆུར་སྣང་ཡང་དོན་ལ་མ་གྲུབ་པ་ཆུ་ལ་སོགས་པའི་རྒྱུན་བར་མ་ཆད་པ། རྒྱ་གར་རྒྱ་ནག་གི་ཡུལ་རྒྱ་ཁྱོན་ཆེ་བ་ལྟོ་རྒྱབ་ཟས་གོས་སྐྱིད། དགྲ་ལས་རྒྱལ་བའི་མཚན་མ་གཡུལ་ལས་རྒྱལ་བ་རྒྱལ་ཁ་ཐོབ་པ་དང་རྒྱ་མ་རྒྱང་ཤེལ་རྒྱུས་ཤིག་ཆུ་རྒོལ་ཅིག་རྒྱག་པ་གད་རྒྱངས་རྒྱབ་པ་མི་རྒོད་རྒོད་པ་ལ་སོགས་པ་རར་བཏགས་པའི་གའོ། ། ༼ལྒ༽ ལ་མགོ་ཅན་གྱི་ལྒ་ནི་ལྒང་བ་གཅིན་སྣོད་ལ་འཇུག་པ་གཅིག་པུར་ངེས་སོ། ༼སྒ༽ སྒོམ་པ་འདྲིས་པ་གོམས་པ་བསམས་དོན་ཡང་ཡང་ཡིད་ལ་བྱེད་པ་ཆེན་པོ་བློ་གྲོས་སྒམ་པོ་ཟབ་པ་སྒྲིན་པོ་མཁས་པ་དང་མགྲན་པོར་གོ་སྒྲུན་པ་སྡུར་བ་འགྲན་པ། ལྕགས་ཀྱི་སྒྲོག་ཆིངས་ལྕགས་ཐག་སྒོར་མོ་དབྱིབས་གོར་གོར་ཏེ་ཕྱི་སྒོར་རྒྱ་སྒོར་ལྟ་བུར་གོ་སྐུད་པ་དང་རིག་པ་སོགས་སྒྲིམ་པ་མི་ལྷོད་པར་བྱེད་པའི་དོན་ཡིན་ཞིང་རྦབ་དང་ཤོག་བུ་སོགས་སྒྲིལ་བ་ལྟ་བ་དྲིལ་བྱེད་པ། སྒྱིད་པ་སྐྱུར་བ་སྙོམ་ལས་བྱེད་པ་སྒྱིད་པ་ལུག་པ་དོན་གྱི་ལེ་ལོ་སྟེ་བྱ་བ་རླབས་ཆེན་ལ་ཞུམ་པར་བྱེད་པ་དང་རྐང་བའི་སྒྱིད་ཁུག་སོགས་ཀྱང་སྒྱེད་བུ་ཐབ་སྒྱེད་ས་ལ་སྒྱེལ་བ་སྙོལ་བ། སྒྱུ་རྩལ་དྲུག་ཅུ་རེ་བཞི་གཡོ་སླུ་བ་སྒྱུ་སེམས་གྱ་གྱུའམ་ཐབས་ཀྱིས་རང་ཡོན་སྒྲོག་པ་སྒྱུ་མ་མིག་འཕྲུལ་སྣང་ལ་རང་བཞིན་མེད་པ་སྒྲང་གནའ་གཏམ་སོགས། སྒམ་དང་སྒྲོམ་ཤིང་སོགས་ཀྱི་སྣོད་ཡིན་ཆུང་བ་ལ་སྒམ་ཆུང་དང་སྒྲོམ་བུ་ཟེར་སྒྲོ་བ་པགས་སྣོད་རྟ་སྒྲོ་ལྟ་བུ་དང་རླིག་པ་སྒྱེ་མོ་རས་སོགས་ཀྱི་སྣོད་སྒྱེའུ་སྒྱེ་མོ་ཆུང་བ། སྒྱུག་མོ་ཆུང་མའི་མའམ་ཟླ་བོའི་མས་སྒོ་ང་བྱ་སྒོང་རིའི་སྒོག་པ་ཀི་རུ་ཟོས་ནས་རྒྱགས་པས་སྒྲེགས་པ་ཁ་ནས་གསུང་པ། སྡིག་པ་མི་དགེ་བ་དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད་པ་ཉོན་ཤེས་ཀྱི་སྒྲིབ་པ་ལྟ་བུ་ཆུ་བོ་ལས་སྒྲོལ་བ་རྒལ་བར་བྱེད་པ་ཆོས་དང་ཆུ་སོགས་ཀྱི་སྒྲ་རྣ་ཡུལ་སྒྲོགས་པ་འབྱིན་པའམ་ཀློག་པ་སྒྲོགས་ཤིག་པ་ཡང༌། བྱ་ཡི་སྒྲོ་གཤོག་པ་སོགས་ལ་ཡོད་པ་སྤུ་ལྟ་བུ་བཤད་པའི་སྒྲོས་ཚུལ་མཆུ་སྒྲོས་ཁ་མཆུ་གྲལ་སོགས་སྒྲིགས་ཤིག་པ་སྟེ་མཐུན་པར་བྱེད་པ། རྒྱབ་ཀྱི་སྒལ་བའི་ཚིགས་པ་སྒུལ་བ་ནི་སྐྱོད་ཅིང་གཡོ་བར་བྱེད་པ་སྒ་སྨུག་སྒ་སྐྱ་སྒ་སེར་སྒེའུ་གཤེར་སྨན་སྒ་རློན། སྒྲེན་མོ་གཅེར་བུར་གོ་ཁང་པའི་སྒོ་རྣམ་ཐར་སྒོ་གསུམ་སྨྲ་བའི་སྒོ་ཐབས་ཚུལ་སོགས་ཀྱི་དྲུང་དུ་སྒེག་པ་མཛེས་པ་མོ་སྒུག་པ་མ་ཡོང་བར་དུ་མི་འགྲོ་བར་སྡོད་པ་ཕེབས་སྒུག་ཞུ་ལྟ་བུ། རྐང་པའི་སྒྱིད་པར་གོས་སོགས་སྒབ་པ་འགེབས་པ་སྒྲོ་གུ་དྲུ་བུས་སྒྲོག་པ་འཆིང་བ། དབང་དུ་སྒྱུར་བ་གཞན་འཕྲུང་དབང་བྱེད་ཀྱི་རྒྱལ་པོ་དཀར་ཕྱོགས་ལ་དགའ་བ་འཁོར་ལོ་སྒྱུར་བ་གླིང་གཅིག་གཉིས་སོགས་ཀྱི་རྒྱལ་པོ་སྒྱུར་བྱེད་སྒྱུར་བ་པོ། ལག་པ་རྒྱལ་མཚན་སོགས་སྒྲེང་བ་གྱེན་དུ་སློང་བ་ཟས་ཟན་སྒོང་བ་རིམ་མོར་བྱེད་པ་བུ་རམ་དང་བཞེས་སྤྲོ་སོགས་སྒོར་བ་བཙོས་པའམ་བསྐོལ་ནས་སྲ་བར་བྱེད་པའི་དོན་ཡིན་ནམ་སྙམ་སྒོར་ཅིག་པ་ཡང༌། སྒར་གུར་ཚོགས་སྟོད་སྒར་ཆོས་སྒར་དམག་སྒར་སོགས་ཀྱི་ནང་དུ་རྟ་སོགས་ལ་བསྟད་རྒྱུའི་གསེར་དང་ཀོ་བ་སོགས་ཀྱི་སྒ་ཡིས་སྒྲོན་མའི་མེ་སྣང་བྱེད་སྒྲིབ་པ་མི་མཐོང་བར་བྱེད་པ། སྲིད་སྒྲུབ་སྐྱ་བསེང་བུ་ལྔའི་ཡ་གྱལ་བརྒྱ་བྱིན་གྱི་བུ་འཕགས་པ་ཀླུ་སྒྲུབ་ཟབ་མོ་ལྟ་བའི་སྲོལ་འབྱེད་ཀྱི་སློབ་དཔོན་སྒྲོལ་བ་མ་རྗེ་བཙུན་མ་སྒྲུབ་པ་སྒྲུབ་བྱེད་སྒྲུབ་ཐབས་སོགས། མནའ་སྒོག་པ་མནའ་སྐྱེལ་བ་སྒྱོགས་རྡོ་འཕྲུལ་འཁོར་གྱིས་འཕེན་པའི་རྡོ་དང་འུར་རྡོ་མེ་སྐྱོགས་སོགས་ཀྱིས་སྒུ་དོ་ལུས་སྨད་འུར་རྡོ་ཡོད་ཚད་གཅོག་པ་བཅག་པ། ད་སྒོས་ད་ཆ་སྒོས་སུ་སྒེར་དུ་རྩིག་པ་སྒྲོན་པ་ཁ་གསོ་བ་རྒྱན་སྒྲོན་ཞིབ་སྒྲོན་སོགས། སྒུ་སྟེགས་སྟེགས་བུ་དང་སྒེག་ཆོས་སྒང་པ་མཐོ་བ་མདོ་ཁམས་སྒང་དྲུག་ལྟ་བུ་གཤོངས་ས་དམའ་བ་ཚ་སྒོ་བ་ཚ་ཅན། སྒྲོབ་འགྱིང་ཚུགས་སམ་དྲེགས་པའམ་མི་ཆེན་གྱི་ཚུལ་བྱེད་པ་དང་སྒྲོམ་གསོབ་དང་ཁོག་གམ་ཚུགས་སྒྲོམ་ཆེན་མགོ་སྒྲོམ་ལྟ་བུ་དང་སྒྲོག་སྒོངས་སྒྲིག་སྒྲིམས་སྒྲུབས་སྒོངས་སྒོམས་སྒོད་སྒྲེ་བོ་སྒྲོ་འདོགས་སྒྲོས་གཙང་རིགས་སྒྲེ་སྒྲེས་ལ་སོགས་པ་སར་བཏགས་གའོ།། ༼བརྒ༽ བརྒལ་བ་རྒོལ་བ་བརྩད་ཅིང་བརྟག་པ་དཔྱད་པ་བརྒལ་བ་བརྩད་པའི་ལན་རྩོད་ལན་བརྒྱད་ཅུ་དང་བརྒྱད་གྲངས་ཀ །ཕྲེང་བ་གྲངས་བརྒྱ་ཕྲག་གམ་ཐམ་པ་སྐུད་པར་བརྒྱུས་པ་བརྒྱུ་བས་བརྒྱན་པ་སྤྲས་པའམ་མཚན་པ། ཆུ་བརྒལ་བ་རྒལ་བ་འོ་བརྒྱལ་བ་དཀའ་ལས་སམ་ངལ་དུབ་དྲན་པ་མེད་པར་བརྒྱལ་བ་འཁམས་པ་རྨོངས་པ། ལུང་སོགས་བརྒྱུད་པ་བར་མ་ཆད་པའམ་གཅིག་ནས་གཅིག་ཏུ་འདྲེལ་བ་ལྟ་བུ་ལམ་གྱི་རྒྱགས་ཕྱེ་བརྒྱགས་པ་རྒྱགས་པ་སྤྱད་པ་སྤྱོ་བའི་དོན་གྱི་བརྒྱད་བཀག་སྟེ་བརྒྱད་པ་དང་རྒྱད་པའང་འཐད་སྙམ། ལེ་བརྒན་དར་དམར་གུར་ཀུམ་ཚོས་གད་མོ་བརྒྱངས་པ་ངར་སྐད་བཏོན་པ་སྨྲ་བའི་གཏམ་བརྒྱ་བ་རྫུན་སྨྲ་བ་ཞལ་བརྒྱ་བྱས་ཞལ་བ་རྒྱས་ཞེས་ཞལ་ཤོབ་གསུངས་པ། བརྒྱུགས་པ་ཆུ་སོགས་རྒྱུག་པའི་དོན་ཡིན་པར་རྟོགས་ཤིང་བརྒྱུངས་པ་གཞུངས་པ་སྒལ་བའི་ཀླད་པར་གོ་བརྒྱུད་མ་བར་མ་ཆད་པར་ཐོ་བརྒྱབ་པ་རྒྱབ་པ། བརྒྱག་བརྒྱགས་བརྒྱང་བརྒྱུགས་བརྒྱབ་སོགས་བས་འཕུལ་ར་མགོ་ལྡན་པའི་གའོ། ། ༼བསྒ༽ བུ་རམ་སོགས་བསྒར་བ་སྒོར་ཞིང་བསྒྲགས་པ་གྲངས་སུ་བཅུག་ནས་བསྒོངས་པ་སྒོང་བ། རྒྱ་ཆོས་བོད་དུ་བསྒྱུར་བ་སྒྱུར་བ་མདོག་དཀར་པོ་དམར་པོར་བསྒྱུར་བ་སྒྱུར་བ་བཀའ་གསུང་བསྒོ་བ་དང་བསྒོས་པ་གནང་བ་བསླབ་སྟོན་བྱེད་པ། ཆུ་སོགས་ལས་བསྒྲལ་བ་སྒྲོལ་བ་ཆོས་སོགས་བསྒྲགས་པ་སྒྲོག་པ་ཞི་ལྷག་གི་ཏིང་འཛིན་བསམ་གཏན་སོགས་བསྒོམས་པ་སྒོམ་པ། མགོ་བསྒྲེས་པ་མགོ་མཚུངས་བྱས་པ་རིགས་བསྒྲེས་པ་རིགས་འགྲེ་བྱས་པ་རྒྱལ་མཚན་བ་དན་བསྒྲེངས་པ་སྒྲེང་བ། མནའ་བསྒགས་པ་སྒོག་པ་ལམ་སོགས་སུ་བསྒུགས་པ་སྒུག་པ་སེང་གེ་ལུས་བསྒྱིངས་པ་འགྱིང་ཚུགས་བསྟན་པ། གཉིས་སྣང་སོགས་ཀྱི་བག་ཆགས་བསྒོ་བ་དང་བསྒོས་པ་བཞག་པའམ་འགོས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་སྒྲིག་པ། སྒྲོན་མའི་འོད་སོགས་བསྒྲིབས་པ་སྒྲིབ་པ་བློ་རིག་སོགས་བསྒྲིམས་པ་སྒྲིམ་པ་སྲད་བུ་སྐུད་པ་བསྒྲིམས་པ་སྒྲིམ་པ། བསྒྲུབ་པ་དང་བསྒྲུབ་བྱ་གཉིས་སྒྲུབ་བྱེད་ཀྱི་ཡུལ་བསྒྲུན་པ་སྒྲུན་པར་མི་ནུས། བསྒྲིན་པ་སྒྲིན་པ་འགྲན་པར་མི་ཕོད་པ་དང་བྱ་བ་ལ་འཇུག་པའི་བསྒང་བྱ་བའི་དཀྱིལ་ལམ་བྱེད་བཞིན་པ། བསྒྱེལ་བ་སྒྱེལ་ཞིང་སྒྲ་སྐད་བསྒྲགས་པ་སྒྲོག་པ་སྐར་རྩིས་སོགས་སུ་གཉིས་ཀྱིས་གསུམ་བསྒྱུར་བས་དྲུག་ལྟ་བུ་སྒྱུར་བ། གཞན་ནམ་ཕ་རོལ་གྱིས་མི་བསྒུལ་བ་མི་གཡོ་བ་མི་སྒུལ་བ་མི་བརྫིབ་ནོར་གྱིས་བསྒང་པ་ཕྱུག་པའམ་འགེངས་པ། བསྒྲེ་བསྒྲེང་བསྒུག་བསྒྲག་བསྒྲུབས་བསྒངས་ལ་སོགས་བས་འཕུལ་ས་མགོ་ལྡན་པའི་གའོ།། ༼ང་༽ དང སྙན་པའི་དངགས་ནི་སྙན་ངག་སྟེ་དཔག་འཁྲི་སོགས་དང་ཚིག་རྒྱན་གྱི་བསྟན་བཅོས་ཀྱང་ཟིལ་དངར་བདུད་རྩིའམ་སྦྲང་རྩི་ཚང་དུ་དངར་བ་གྲལ་དུ་སྒྲིག་པ། གསེར་རིན་ཆེན་དང་པོ་དང་དངུལ་རིན་ཆེན་གཉིས་དངོམ་ཆེ་རྩ་ཆེན་རིན་ཐང་ཆེ་བ་སོགས་དངོས་པོ་འདུས་བྱས་སོགས་དངོས་པོ་མེད་པ་འདུས་བྱས་སུམ་གྲུབ་པ། མཆོག་ཐུན་གྱི་དངོས་གྲུབ་དངོས་གཞི་མ་གཞིའམ་རྩ་བ་མཆོད་པ་སོགས་དངོས་སུ་བཤམས་པ་དངོས་ངོམ་རྒྱུ་དངོས་བཏགས་དངོས་ཤུགས་དངོས་མིང་སོགས། དངངས་པ་སྔངས་པ་སྐྲག་པ་དངན་འཐེན་གཞན་གྱི་ནོར་ཁྱེར་བ་ཕྱིར་མི་སྤྲོད་པ་འབབ་ཆུའི་དངོ་ཆུ་ངོགས་སམ་ཆུ་ཁ། གཅོད་བྱེད་གྲི་ཡི་དངོ་རྣོ་སོ་དང་རོ་དངར་དངང་བ་སོགས་དས་འཕུལ་ངའོ། །༼ངམ༽ མངའ་རིས་མངའ་རིས་སྐོར་གསུམ་དང་འབངས་མངའ་ཞབས་མངའ་འོག་ཆབ་འབངས་མངའ་ཐང་དབང་ཐང་མངའ་བ་ཡོད་པའམ་གསལ་བ། མངའ་མཛད་དང་མངའ་བདག་དབང་པོའམ་གཙོ་བོ་མངག་གཞུག་བྲན་གཡོག་གམ་ཕོ་ཉ་འཕྲིན་མངགས་པ་བཏང་བ་སོགས། དབང་པོ་སོགས་ཀྱི་མངོན་སུམ་ཚད་མ་དང་མངོན་སུམ་དུ་མཐོང་དངོས་སུ་མཐོང་སོགས་མངོན་གྱུར་རང་མཚན་དང་ཡོན་ཏན་སོགས་མངོན་དུ་གྱུར་པ་མངོན་མཚན་མངོན་གསལ་ཆེ་བ་བུན་སྐྱེད་སོགས་མངལ་བུ་སྣོད། མངོན་སྤྱོད་དྲག་ལས་མངའ་བརྙེས་པ་དབང་ཐོབ་པ་མངན་མི་བགྲང་བ་སྐྱོན་མི་བརྗོད་པ། དམ་ཆོས་མངོན་པའི་སྡེ་སྣོད་ལྷའི་མིག་སོགས་ཀྱི་མངོན་པར་ཤེས་པ་ལྔའམ་དྲུག་མངར་བའི་རོ་དངར་བ་ཡང་འཐད། ཐུགས་ལ་མངའ་བ་ལྡན་པ་ཡོད་པ་གསལ་བ་འཛིན་པ་མངར་ཆ་ཤིང་མངར་ཡིན་པར་མངོན་མངག་པ་སོགས་མས་འཕུལ་ངའོ། །༼རྔ༽ རི་དྭགས་རྔོན་པ་པོ་ཁྱི་ར་བའི་མིང་རྔ་མ་ལས་བྱས་པའི་བསིལ་ཡབ་བརྡུང་བྱའི་རྔ་ཆེན་སོགས་རྔེའུ་རྔ་ཆུང༌། རྔམ་པ་ཞེས་པའི་དོན་བཀྲེས་པ་ཆགས་པ་རྔབ་པ་ལྟོགས་པ་ཆགས་པ་རྔ་མོ་ཚེར་མར་དགའ་བའི་དུད་འགྲོ་ཞིག་རྔེའུ་རྔ་མོ་ཆུང་བའམ་རྔ་ཕྲུག །རྔོམ་བརྗིད་གཟི་བརྗིད་ཆེ་བའམ་ངོ་མཚར་རྔམ་པ་ཁྲོ་བའམ་འཇིགས་ཚུལ་པགས་ནད་རྔོ་བག་ཅན་ཟ་འཕྲུག་ཅན། དབུགས་དང་ཆང་སོགས་རྔུབ་པ་འཐེན་པ་ཟུག་རྔུ་ཟུག་གཟེར་དང་མདེའུས་རྔོད་མཁན་ཤ་སོགས་རྔོད་པ་པོ་ལུས་རྔུལ་བ་དང་རྔུལ་གཟན་རྔུལ་ནག་སོགས། རྔོ་ཡིས་ཁྱེར་བ་ཧམ་པས་ཁྱེར་བ་དྲིའུ་རྔོག་གྲུམ་ཙེ་ལས་ཀྱི་གླ་བྱིས་པའི་རྔན་པ་གསོལ་རས་ལྟ་བུ་དང༌། རྔ་མ་མཇུག་མ་རྔོག་མ་ཟེ་མཐུག་པོའི་དོན་ཅན་གྱི་རྔམ་སྟེ་རྔམས་ཀྱང་སྣང་རྔོ་མི་ཐོགས་པ་མི་ནུས་པ་མི་ཕན་པ་ངོ་མི་ཚ་བ། རྔན་ཆན་བརྙས་ཐབས་སམ་མི་རྩི་བ་རྩྭ་སྔོན་དང་བཙས་མ་རྔ་པ་གཅོད་པ་རྔུ་མ་མིག་སྐྱོའམ་མིག་སྐྱག་དང༌། རུས་ཀྱི་བྱེ་བྲག་ལ་འཇུག་པའི་རྔོག་སྟེ་རྔོག་ལོ་ཆེན་པོ་སོགས་དང་རྔོམ་བག་ཅན་རྔོས་རྔབ་རྭ་རྔམ་པོ་སོགས་རར་བཏགས་ངའོ། །༼སྔ༽ ཞལ་སྔ་སྤྱན་སྔའམ་ཀླུའི་ཞལ་སྔ་ནས་ཀྱིས་མཛད་ཅེས་སམ་ཞལ་ཉིད་སྤྱན་སྔ་མིག་སྔའམ་དྲུང་སྔ་སོ་མདུན་ནམ་སྔ་མར་སྔ་སོར་ཡང་སྣང་སྔོན་མ་སྔ་མ་སྔོན་དུས་སྔོན་འགྲོ། གསང་བའི་སྔགས་ཡིད་སྐྱོབ་པའི་དོན་སྔགས་པ་སྔགས་འཆང་མདོག་མཁའ་ལྟར་སྔོན་པོ་སྔོ་བ་སྔོན་པོའམ་སྔོན་པོར་བྱེད་པ། སྔ་དྲོ་ཉིན་ཕྱེད་ཚུན་སྔས་མགོ་གཞག་ས་ལ་སྔུར་བ་གཉིད་སྒྲ་ཆེ་བ། སྔ་མའི་དུས་སྔོན་དུས་སྐྱོ་སྔོགས་འཁྲུག་ལོང་མོན་གྱི་སྲན་མ་སྔེའུ་སྲན་ཆུང་ཞིག །སྔ་མ་དང་ཕྱི་མ་སྔོན་རྗེས་སྔུན་སྔོན་ནམ་མདུན་དུ་གོ་སྔོ་བ་སྤེལ་བའམ་སྦྱིན་པའམ་སྒྱུར་བར་བྱེད་པ། མཚང་སྐྱོན་ནས་སྔོག་པ་འབྲུ་བ་ཁ་སྔོག་པ་དང་གཟུངས་སྔགས་སྨྲེ་སྔགས་རྣམ་པར་སྔོས་ཤིག་སྔོགས་ཤིག་སོགས་སར་བཏགས་ངའོ། །༼བརྔ༽ བརྔན་པ་མཆོད་པའམ་རྔན་པ་སྟེར་ཡང་བརྔམས་པ་བརྔབ་པ་སྟེ་ལྟོགས་པའམ་ཆགས་ནས་བཙས་མ་ལོ་ཏོག་བརྔས་པ་རྔ་བ། བུད་མེད་སོགས་བརྔོད་པ་འདྲིད་པའམ་སླུ་བ་དང་རྔོན་པ་གཤོར་བའམ་རི་དྭགས་གསོད་བྱེད་ཀྱིས་བརྔོན་པ་རི་དྭགས་བཤར་བ། ཆང་སོགས་བརྔུབས་པ་རྔུབ་པ་དང་བརྔོ་བརྔོས་བརྔ་བརྔམ་བརྔུབ་སོགས་བས་འཕུལ་རར་བཏགས་ངའོ། །༼བསྔ༽ ལུས་སེམས་ཀྱི་སྡུག་བསྔལ་བ་མི་བདེ་བ་བསྟོད་པའི་དོན་ཅན་གྱི་བསྔགས་པ་ཡོན་ཏན་བརྗོད་པ་བསྔོ་བྱའི་དགེ་བས་བསྔོས་པ་སྔོ་བ། རྣམ་པར་བསྔོས་པ་སྔོན་པོར་གྱུར་པ་དང་མཚང་ནས་བསྔོག་པ་སྔོག་པ་དང་བསྔོགས་མདོག་བསྔོ་སོགས། བས་འཕུལ་ས་མགོ་ལྡན་པའི་ངའོ། ། ༼ཅ༽ རྒྱུ་མཚན་ནམ་དགོས་པ་ཅིའི་སླད་དང་ཅིའི་ཕྱིར་གཉིས་གང་གི་ཕྱིར་ལྡན་པའི་དོན་སྟོན་བྱེད་ཀྱི་ཅན་ཏེ་མིག་ཅན་རྒྱན་ཅན་རྒྱུ་ཅན་ལྟ་བུ་དང་ཁྱེད་ཅན་ཁྱོད་དྲུང་སོགས། བདག་ཅག་ང་ཅག་ཁོ་བོ་ཅག་ང་ཚོའམ་རང་ཅག་འོ་སྐོལ་སྤྱི་ཅེར་སྐྲ་མེག་སྤྱི་ཐེར་སུམ་ཅུ་དང༌། དྲུག་ཅུ་དང་བདུན་ཅུ་དང་བརྒྱད་ཅུ་རྣམས་གྲངས་ཀྱི་ཁྱད་པར། ལྷན་ཅིག་དང་ཐབས་ཅིག་གཉིས་ཆབས་ཅིག་མཉམ་པོ་བྱ་རྫོགས་ཀྱི་སྐད་ཅིག་མ་སོགས་དུས་ཀྱི་ཚད་ཙམ། ཁྱེད་ཅག་ཁྱེད་ཚོ་ཁྱོད་ཅག་སེམས་ཅན་སེམས་ལྡན་ཡོད་དོ་ཅོག་ཡོད་ཚད་ཤེས་སོ་ཅོག་ཡིན་ནོ་ཅོག་སོགས་དང་འདྲ་ཅོག་ཀྱང༌། ཅན་ཅེ་ཅན་ནེའམ་ཕོར་པར་གོ་ཅབ་ཅོབ་ཟ་བའི་སྒྲ་ཆང་སོགས་ཅོ་རེ་རྔུབ་པའི་སྒྲའམ་བླུག་པའི་སྒྲ། ཧ་ཅང་ཤིན་ཏུའམ་ཐལ་ཆེ་བ་ཅས་ཅུས་ཚུགས་ཤོར་བ་མི་བརྟན་པ་མི་དྲང་བ་བབ་ཅོལ་མ་བརྟགས་པའམ་བྱུང་རྒྱུལ་མང༌། ཅི་སྟེ་གལ་ཏེའམ་ཅི་ཕྱི་ཅུང་ཟད་ཉུང་ཟད་ཕྱིན་ཅི་ལོག་པ་ཡང་དག་མིན་པའམ་ནོར་བ། ཅང་ཅི་ཡང་ཤེས་པ་སྟེ་མངོན་ཤེས་ཅིག་ཤོས་གཅིག་པོའམ་ངོས་བཟུང་བའི་ཡ་སྟེ་མཁས་པའི་ཅིག་ཤོས་མི་མཁས་པ་ལེགས་པའི་ཅིག་ཤོས་མི་ལེགས་པ་ལྟ་བུ་ཅི་ནས་ཀྱང་གང་ནས་ཀྱང་ངམ་ངེས་པར། ཅོ་ཏོ་དང་ཅོ་ནི་སྐྲའི་མིང་ཐོར་ཅོག་ཐོར་ཚུགས་ཅོད་པན་དབུ་རྒྱན་དང༌། རྒྱ་ཅང་སྐ་རགས་ཀྱི་བྱེ་བྲག་བེ་ཅོན་དབྱུག་པ་དེ་ལྟ་ཅི་སྨོས་ཅི་བཤད་དམ་བཤད་ཅི་དགོས། ཅ་ཅོ་སྒྲའི་ཚོགས་སམ་ཀུ་ཅོ་ཅལ་ཅོལ་བབ་ཅོལ་ལམ་མི་བརྟན་པའམ་གཏམ་ཉོག་མུ་ཅོར་དོན་དང་མི་འདྲེལ་བའི་གཏམ་མམ་རྒྱུ་མཚན་ལྟར་སྣང་དང༌། ཅོ་འདྲི་བ་གནོད་པའམ་འགྲན་པ་ཅིག་ཅར་དུས་མཉམ་ཅམ་དལ་གྱིས་འཇོག་པ། ཅོག་པུ་གུར་ཆུང་བར་གོ་ཅར་རེ་བཅར་བའི་ཚུལ་མིག་ཅེ་རེ་ལྟ་ཚུལ་དང་ཅེ་རེ་ལོང་ལྟ་བུ། ལན་ཅིག་ལན་མ་གཅིག་ཚར་ཅིག་ཅིས་ཀྱང་གང་གིས་ཀྱང་ངམ་ཅི་ནས་ཀྱང་ཡུལ་ཅི་རུ་ཡང་མ་གྲུབ་པས་བློས་ཅིར་ཡང་མི་རྟོག་གང་དུ་ཡང་མི་སེམས། ཁ་ཅིག་འགའ་ཞིག་ཅང་གང་ཡང་མི་ཤེས་ཀྱང་ཅོང་རོལ་མོ། ཅང་གཤང་དང་ཅང་ཏེའུ་ཌ་རུ་ཆུང་བ་ཅི་ཡང་གང་ཡང་བརྡུང༌། སྨྱུག་ཅུ་གང་སོགས་སྨན་ཞིག་ཅུང་ཞི་ཅོང་ཞུ་སྟེ་རྡོ་སྨན་ཞིག་ཅུར་ནིས་ཕྱེ་མ་ཙཱུརྵྞའི་ཟུར་ཆག་ཡིན་སྙམ་ཁ་ལ་ཟ། ཅེ་སྤྱང་གཅན་གཟན་ཁྱི་སྤྱང་བྲག་ཅ་སྒྲ་བརྙན་གྱིས་ཅི་ཞིག་བྱ་གང་ཞིག་བྱ་དགོས་མེད་དམ་མི་ནུས། ཅོག་ཙེ་མདུན་ཅོག་ལ་སོགས་པར་གོ་ཐོ་ཅོ་རྩིང་པོ་སྟེ་ཐོ་ཅོའི་སྤྱོད་པ་སྤྱོད་པ་རྩིང་པོ་ལྟ་བུས་ཅུང་པེང་ཆངས་བུ་ཅུང་པེང་ལྟར་ན་ཐུག་པ་ཁ་ལ་ཟ། ཅི་ག་ཅི་ཞིག་གམ་ཅི་ཡིན་ནམ་ཇི་ལྟར་དང་ཀླག་ཅོར་ཀུ་ཅོ་ཅག་ཅག་ཅིང་ཅེས་ཅེའོ་ཅེ་ན་ཅིག་འདྲ་ཅོག་ལ་སོགས་པ་ཅ་རྐྱང་ངོ༌། །༼གཅ༽ གྲོས་གཅོམ་པ་གྲོས་བྱེད་པ་གཅོར་ནད་ནད་རྙིང་གཅད་བྱ་ཤིང་ལྟ་བུ་གཅོད་པ་འཐུབ་པ་འདྲེག་པ་འགོག་པ་སེལ་བ། ཁོན་གཅུགས་པ་ཡིད་མི་མཐུན་པ་ཡིད་གཅུགས་པ་མཛའ་བ་ཡིད་མཐུན་པ་གཅེན་སྤུན་ཆེ་བ་སྔོན་སྐྱེས་དང་གཅུང་སྤུན་ཆུང་བ་རྗེས་སྐྱེས། གཅུད་ལ་བོར་བ་གཏན་ལ་ཕབ་པ་འདུལ་བ་ལག་པ་ཡོན་པོར་གཅུས་པ་སྒྲིལ་བ་ལྟ་བུ་ཕུག་ཏུ་གཅུར་བ་འཇུར་བ་འདུལ་བའི་དོན་ཡིན་ཞིང་གཅུན་པ་འཇུན་པ་འདུལ་བ། མི་ལྡན་སོགས་རྣམ་པར་གཅོད་པ་དགག་པ་ཡོངས་སུ་གཅོད་པ་སྒྲུབ་པ་སྟེ་རྣམ་གཅོད་དུ་སྦྲུལ་ཡིན་པ་བཀག་ན་ཡོངས་གཅོད་དུ་ཐག་ཁྲ་སྒྲུབ་པ་ལྟ་བུ་ཞལ་ལྕེ་ཁྲིམས་དང་ཆད་པ་སོགས་གཅོད་བཞིན་པ། གཅོང་རོང་ངམ་གྲོག་གཅོང་སྐད་གཅོང་ནད་ཅན་གྱི་སྐད་དམ་གཅོང་རོང་གི་སྐད་དམ་སྐད་ངན་གཅིན་པ་དྲི་ཆུ་གཅི་བ་དྲི་ཆུའམ་དྲི་ཆུ་གཏོང་བ་ལྟ་བུ། ཐེ་ཚོམ་སོགས་གཅོད་བཞིན་པ་ད་ལྟ་བ་འཇལ་བཞིན་པ་ཡང་གཅེས་འཛིན་མེད་པ་གཅེས་སྤྲས་དང་གལ་ཆེའམ་དགོས་ལྟ་བུར་ཡང་གཅེས་འཇུག་ཕན་ཚུན་གཅིག་གིས་གཅིག་ལ་བཤད་སོགས། གཅམ་བུ་བཅོས་མའི་ངག་གམ་བཅོས་བསྟོད་དམ་བཅོས་མ་ཁ་གཅང་ཁ་སྙན་ནམ་ཁ་གསག་གཅུགས་པ་མཐུན་པ་མེད་པ་གཅེས་དགོས། ཚར་གཅོད་པ་འཕམ་པར་བྱེད་པ་འཇོམས་པ་གཅུ་གལ་དོ་གལ་ལམ་ཁག་ཡིད་ལ་གཅགས་པ་ཡིད་ལ་འཇགས་པ། སྒྲ་གཅན་གཟའ་ཞིག་གཅན་གཟན་སྟག་གཟིགས་སོགས་ལ་གཅན་པ་ལ་ཚུགས་པའམ་ལའི་ཤོ་གམ་པ། ཕྱོགས་གཅིག་མཐའ་གཅིག་གམ་ལོགས་ཤིན་ཏུ་གཅལ་དུ་བཀྲམ་པ་ཆལ་མར་བརྡལ་བ་གྲངས་ཀྱི་ཁྱད་པར་གཅིག་གཉིས། བུ་རམ་དང་སྣང་སེམས་སོགས་རོ་གཅིག་པ་ཁྱད་མེད་པ་རྫས་དངོས་པོའམ་རང་བཞིན་གཅིག་པ་ཐ་མི་དད་པ་གཅེར་བུ་སྒྲེན་མོ་གཅོག་པ་བཅག་པ། གཅིའུ་ནི་ཆུ་སོགས་འཐེན་གཏོང་བྱེད་པའི་རྨྱུག་སྦུབས་ལྟ་བུ་ཡིན་ལ་དེས་བཤང་ལམ་དུ་གཏོང་བའི་སྨན་དང་གཅག་གཅོམ་སྐྱུང་ཁ་ཚོན་གཅོད་ནད་གཅོད་ཐག་གཅོད་སོགས་གས་འཕུལ་ཅའོ།། ༼བཅ༽ བདུད་བཞི་བཅོམ་པ་འཇོམས་ཤིང་ཡོན་ཏན་དྲུག་དང་ལྡན་པ་སངས་རྒྱས་ཉོན་མོངས་སོགས་ཀྱི་དགྲ་བཅོམ་པ་འཁོར་དང་བཅས་པ་ཡོད་པའམ་ལྡན་པས་ཞབས་ཀྱིས་འཆག་སར་བཅགས་པ་མནན་པའམ་ཕར་འགྲོ་ཚུར་འགྲོ་བྱས་པ། དམ་བཅའ་བ་ཁས་ལེན་པ་བསྒྲུབ་བྱ་ཁྲིམས་བཅའ་བ་བཟོ་བ་བཅས་པ་བཅིང་བ་འཆིང་བས་བཅིངས་པ་བཀྱིགས་པ། ཤིང་སོགས་བཅད་པ་གཅོད་པ་རླན་གཤེར་བཅིར་བ་བཙིར་བ་བཅར་ཡང་སྣང་བཅའ་བྱའི་ནས་ཀྱི་ཡོས་སོགས་སོས་བཅེམ་པ་བཅག་པའམ་བླད་པ། ཚིགས་སུ་བཅད་པ་ཚིག་རྐང་བཞི་སོགས་བཅའ་བ་བཟོ་བའི་གཞི་བཀའ་ཡི་ཟླས་ཕྱེ་བའི་བསྟན་བཅོས་མཁས་པའི་གསུང་ངམ་འཆོས་སྐྱོབ་ཀྱི་ཆ་ནས་བཀའ་ལའང་འཇུག་བཅང་བ་ལག་ཏུ་འཆང་བ།

ལོགས་སམ་ཟུར་དུ་བཅར་བ་ཉེ་བར་ཕྱིན་པ་སྐུ་བཅར་རམ་བཅར་སོགས་བཅའ་སྒ་སྨན་སྒ་བཟའ་བ་ལྔ་དང་བཅའ་བ་ལྔའི་རོ་བཅུད་བཅུད་ལེན་དང་བཅུད་ཅན་ལྟ་བུ། མིག་དང་སྒོང་སོགས་བཅར་བ་བཙིར་བ་ལྟ་བུ་ཕྱིར་ཕྱི་རོལ་ཏུ་བཅིལ་བ་བཏོན་པའམ་སྤངས་པའམ་བསལ་བ་ཆུ་བཅུ་བ་ཆུ་འདྲེན་པའམ་ལེན་པར་གོ་བཅུག་པ་ལས་ལ་སྦྱར་བ་ནང་དུ་བཅུག་པའང་། ནོར་དང་བུ་ལོན་སོགས་བཅལ་བ་འཇལ་བ་ལག་པ་བཅངས་པ་བཟུང་བ་འཆང་བ་འདོད་སྤྱོད་ཀྱི་ལག་བཅངས་ཀྱང་ཆགས་བཅག་པ་སྣམ་བུ་ཆུ་ནང་དུ་མཉེས་པ་ལས་བཅོལ་བ་ལས་བྱེད་དུ་བཅུག་པ་དང་གཏམས་པའི་བཅོལ་ཡང༌། བཅར་བ་རྟ་རའི་མིང་རྟར་བཅིབས་པ་འཆིབ་པ་ཞོན་པ་ཞལ་ལྕེ་དང་ཆད་པ་སོགས་བཅད་པ་གཅོད་པ། རྒོལ་བ་ཚར་བཅད་པ་གཅོད་པ་བློས་བཅལ་བ་འཇལ་བ་ཤེས་པའམ་རྟོགས་པ་བསླབ་པ་བཅས་པའི་ཁ་ན་མ་ཐོ་བ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་བཅབས་པ་གསངས་པ་འཆབ་པ། རྡོ་སོགས་བཅག་པ་གཅོག་པ་ཤིང་སོགས་བཅེར་བ་སྤུངས་པ་གྲོས་བཅོམ་པ་གྲོས་བྱས་པ་བཅམ་ཡང་སྣང་བཅུམ་པ་ཆུང་ངུར་བཏང་བ། བཅུ་དང་བཞི་བཅུ་དང་ལྔ་བཅུ་དང༌། དགུ་བཅུ་དང་བཅོ་ལྔ་དང་བཅོ་བརྒྱད་རྣམས་གྲངས་ཀྱི་ཁྱད་པར་བཅོས་པ་བཟོས་པ་ཕྱིར་བཅོས་ནད་བཅོས་སོགས། བཅོས་བུ་བཅོས་མའི་རས་དང་བཅས་བཅོས་བཅུན་བཅུར་བཅུས་བཅབ་བཅོ་བཅིབ་སོགས་བས་འཕུལ་ཅའོ། །༼ལྕ༽ མཉེན་ཅིང་ལྕུག་པ་མི་གྱོང་བ་ལྕུག་ཕྲན་ཡལ་ག་གསར་པ་ལྕང་མ་ཤིང་རྒྱ་ལྕང་ལ་སོགས་པའི་ལྕག་སྐུལ་བྱེད་དེ་ཐལ་ལྕག་རྟ་ལྕག་སྐུལ་ལྕག་སོགས། མེ་ཏོག་སོགས་ཀྱི་མགོ་ལྕོགས་དུད་པ་དང་དོག་པ་ཡིན་ནམ་དཔྱད་ཆེས་ཆེར་ལྕི་བ་ཡང་བ་མིན་པ་བློ་ཡིས་ལྕོགས་པ་ཁོམ་པའམ་ནུས་པ། གནམ་གྱི་ལྕགས་དང་ལྕེ་འབབ་པ་གཉིས་ཐོག་གམ་རྡོ་རྗེའི་མེ་མེའི་ལྕེ་གྱེན་དུ་གཡོ་བ་ལྟ་བུར་ལྕེབ་པ་རང་གིས་རང་སྲོག་འདོར་བར་བྱེད་པ་ཆུ་སོགས་སུ་ལྕེབ་པ་ལྟ་བུ། ལྕང་ལོ་ཅན་གསང་བདག་གི་གནས་ཁྱད་པར་ཅན་གྱི་མིང་ལྕགས་ཀྱི་རི་བོ་རྒྱ་མཚོའི་མཐའ་ནས་བསྐོར་བ་སྟེ་ཁང་པའི་ལྕགས་རི་སོགས་ཀྱང་མཚོན་ལྕོག་ལྕགས་རི་སོགས་ཀྱི་སྟེང་དུ་ཡོད་པའི་ཁང་ཆུང་ལྟ་བུ། ཉ་ལྕིབས་ཉ་ཕྱིས་སམ་ཆུ་ནང་གི་རལ་བ་ལྟ་བུའི་སྔོ་སྦལ་བ་ལྕེ་མེད་ལྕོང་མོ་ཆུའི་སྲོག་ཆགས་ལྕུང་ཀ་བྱ་སྐྱུང་ཀའི་མིང་ལྕེ་རོ་འཛིན་སོགས། རེའུ་ལྕག་ཤོག་རྒྱུའི་སྔོ་ལྕ་བ་སྨན་རྩ་བ་ལྕའི་ཡ་གྱལ་ལྕམ་པ་སྨན་ཉི་དགའ་ལྕུམ་པ་སྨན་ཞིག །ལག་ལྕིབས་ལག་པའི་དྲི་མ་གཞན་ལ་མི་འགོ་བར་བྱེད་པའི་ལག་ཕྱིས་ཚ་ལྕིབས་སྣོད་སོགས་ཚ་བས་མི་འཚིག་པར་བྱེད་པའི་རས་སོགས་སྒོ་ལྕིབས་སྒོ་ཡོལ་ལམ་སྒོ་ཡི་ལྕིབས་ཕུར་སོགས་དང༌། སྤྱན་ལྕིབས་མིག་སྤགས་སམ་མིག་ཤེལ་ལྕམ་མོ་སྲིང་མོ་དྲལ་པོ་མིང་པོ་ཆོས་སྐྱོང་ལྕམ་དྲལ་རྩ་ལྕམ་དྲལ་ལམ་ཟུང་སྐྲ་ལྷས་པའི་ལྕང་ལོ་རལ་བ་ལྟ་བུ་དང་ལྕང་མའི་ལོ་མ། དུད་འགྲོའི་ལྕི་བ་ལྕི་བས་འབྱུག་ལྕིབ་མེར་འདུད་ལྟ་བུ་ལྕག་པོད་སྐ་རགས་ཤིག་སྲུས་ལྕག་སྙེ་མའི་སྲུས་ཏེ་སྲུས་ཅག་ཀྱང་སྣང་ལྕིག་པ་རྡུང་བའམ་འཇལ་བ། ཚིག་གི་འབྲུ་མ་ལྕིབས་པ་སྒྲིག་པ་གཤིབས་པ་དང་ལྕིགས་ལྕིབས་ཞེས་པ་འཛིན་པ་ཕྱེ་བ་སྐྱོབ་པ་སྒྲིག་པའི་དོན་ཡིན་སྙམ་དེ་ལྟ་བུ་སོགས་ལར་བཏགས་ཅའོ། །༼ཆ༽ ཆེམ་ཆེམ་སྒྲ་སྒྲོག་ཚུལ་ལམ་འོད་ཆགས་ཚུལ་ཆལ་ཆིལ་ཆུ་རླབས་ཀྱི་སྒྲ་ལྟ་བུ་ཆོས་འཛིན་པའི་དོན་ཏེ་ཤེས་བྱ་ལམ་སོགས་ཆུ་ཉལ་འགྲོ་མའམ་དག་བྱེད་ནམ་མཁའི་ཆར་པ་སྤྲིན་གྱིས་གཏོར་བའི་ཆུ་སོགས། ཆགས་པ་དང་བྲལ་བ་དགྲ་བཅོམ་སོགས་རྙེད་པ་ཇི་ཡོད་ཀྱིས་ཆོག་པ་རུང་བའམ་འགྲིག་པར་ཤེས་པ་སེམས་པ་སྟེ་བྱེད་ཆོག་མི་ཆོག་སོགས་ཀྱང་ཆོ་ག་སྒྲུབ་པའམ་བྱ་བ་བྱེད་ཚུལ་ལ་སོགས་པའི་དོན་ཆེད་དགོས་པའམ་དམིགས་བསལ་ཏེ་དགོས་ཆེད་དམ་ཆེད་དུ་བྱས་དང་བྱང་ཆུབ་ལ་ཆེད་དུ་འབད་ལྟ་བུ། གོ་ཆ་ཡ་ལད་མཚོན་ཆ་གྲི་མདུང་ལ་སོགས་པའི་མིང་ཆ་ལུགས་ཆ་བྱད་ཆོས་ཤིག་པ་སྟེ་བཅོས་པའི་སྐུལ་ཚིག་ཡིན། བྱང་བ་དག་པའམ་སྤངས་པའམ་སངས་པ་ཆུབ་པ་རྟོགས་པའམ་རྒྱས་པ་བྱང་ཆུབ་གསུམ་དང་ཁོག་ཆུད་པ་ཡང་བར་ཆད་བྱ་བའི་བར་དུ་གཅོད་པ་བགེགས་སོགས་ཆམ་ལ་ཕོབ་ཅིག་ཚར་ཆོད་ཅིག་གམ་གཏན་ལ་ཕོབ་ཅིག །རིན་པའམ་གོང་ཆེན་པོ་རིན་པོ་ཆེ་སྟེ་སྒ་ལྟར་ན་དགའ་རྒྱས་སམ་རང་རིགས་ཀྱི་གཙོ་བོའི་དོན་ཆུན་པོ་འཕྲེང་བའམ་བམ་པོ་ཆབས་ཅིག་ཐབས་ཅིག་ཕྱོགས་གཅིག་ཆུར་ཅིག་ཅེས་གཅུར་བ་དང་དུལ་བའི་སྐུལ་ཚིག་གམ་ཆུར་བ་དུལ་བ་ཆུར་བ་ཤོང་བ། ཆུ་སྲིད་དམ་དཀྱུས་ཞེང་ཁ་ཆེ་ཆུང་སོགས་ཀྱི་ཆ་མཉམ་པ་ཆ་མཐུན་པའམ་ཆ་མཚུངས་ཆེམ་མེ་བ་འོད་འབར་ཚུལ་ལམ་སྒྲ་སྒྲོག་ཚུལ། ཆིབས་པ་བཞོན་པ་ཆ་ཟུང་དེ་ཆིབས་ཤིག་ཅེས་པ་ཞོན་ཅིག་ལ་འཇུག་སྟེ་བཅིབས་པའི་སྐུལ་ཚིག་ཆོགས་ཤིག་བཅགས་པ་དང་སྣམ་བུ་བཅག་པའི་སྐུལ་ཚིག །སྲོག་དབང་ཆགས་པ་གནས་པའམ་ལྡན་པ་ཆག་ཆག་བཏབ་པ་སྟེ་ས་ལ་ཆུ་གཏོར་ནས་རྡུལ་མི་ལྡང་བར་བྱེད་པ་ཆལ་མ་ཐང་མར་བརྡལ་བ་བཀྲམ་པ། ཆོ་ལོ་ཤོ་དང་གོས་ཞིག་དང་སྔོ་ཆོ་ལོས་ཆེ་གེ་མོ་གང་ཟག་གི་སྤྱི་མིང་ལ་འཇུག་པའི་བརྡ་ཆ་རྐྱེན་མཐུན་རྐྱེན་ཆད་པ་བར་རམ་རྒྱུན་ཆད་པ། ཁྲིམས་ཀྱི་ཆད་པ་བཀའ་ཉེས་ལུས་ཆད་རྒྱུ་ཆད་སོགས་ཀྱིས་ཆོད་ཅིག་གཅོད་པའི་སྐུལ་ཚིག་ཡིན་ལ་ཆུང་མ་ཁྱིམ་འཛིན་མའམ་མཛའ་མོ་ཆོལ་ཅིག་ནོར་བཅོལ་བ་དང་སེམས་འཆོལ་བའི་སྐུལ་ཚིག །ཆང་ཆེམས་ཆང་ཁང་དང་ཆང་བཟི་རྒྱ་སོགས་ཆེ་བ་ཡངས་པ་ཆུང་བ་ཉུང་བ་ལྟ་བུ་ཐུགས་སུ་ཆུད་པ་དོན་རྟོགས་པ་བར་དུ་ཆུད་པ་ཕྲད་པ་གནས་སུ་ཆུད་པ་ཤོང་བ། མཐར་ཆགས་རིམ་པ་སྣམ་བུ་ཆགས་སུ་ཆོགས་ཤིག་བཅག་པའི་སྐུལ་ཚིག་ཆིར་གྱིས་བཅིར་ཚུལ་ཆིར་ཅིག་བཅིར་བའི་སྐུལ་ཚིག །ཆབ་འོག་མངའ་འོག་ཆོམ་པོ་ཇག་པའམ་རྐུན་མ་ཆེས་ཆེར་ཤིན་ཏུ་ཐལ་ཆེས་པ་ལྟ་བུ་ཡང་ཆུན་ཅིག་གཅུན་པ་དང་དུལ་བའི་སྐུལ་ཚིག །ཆོམས་ཤིག་བཅོམ་པའི་སྐུལ་ཚིག་དགྲ་ཆོམས་པ་དགྲ་དུལ་བ་ཆིངས་ཤིག་བཅིངས་པའི་སྐུལ་ཚིག་དང་མདུད་ཆིངས་ཆིངས་སྒྲིག་ཆིངས་མ་འཆིང་བྱེད་ཀྱི་ཐག་པ་ལྟ་བུ་ཆབ་སྒོ་ཁང་བའི་སྒོ་ཆོག་ཅིག་གཅོག་པའི་སྐུལ་ཚིག་དང་ཆོ་ག་བསྡུས་པའི་གྲོང་ཆོག་སྔོན་ཆོག་ད་ཆོག་སོགས་དང་མ་ཆོག་པ་མ་ཚང་བ། རྒོལ་བ་ཚར་ཆོད་ཅིག་གཅོད་པའི་སྐུལ་ཚིག་གྲོས་སོགས་ཀྱི་ཐག་ཆོད་ཅིག་གཅོད་པའི་སྐུལ་ཚིག་ཐག་ཆོད་པ་ངེས་པ་རྙེད་པ་ཆབ་སྲིད་ཀྱི་འོག་མངའ་འབངས་ཆུག་ཅིག་བཅུག་པའི་སྐུལ་ཚིག་དང་ཡིན་དུ་ཆུག་ཡིན་དུ་རུང༌། ཆ་ཆོ་དོན་རྩད་མ་ཆོད་པ་ཧ་མ་གོ་བ་ཆ་རྒྱུས་མེད་པ་ཆས་པ་སོང་བ་ཆ་བ་འགྲོ་བ་རྩོམ་པ། ཟན་ལ་ཆང་གི་རོ་བྲོ་བ་ཡོད་པའི་ཁ་ཟས་ཤིག་འབྲས་དང་ནས་སོགས་ཀྱི་ཆན་འབྲས་སོགས་བཙོས་པ་ཆབ་ཆུ་ཆབ་གཏོར་ཆབ་བྲན་ནས་ཆུས་ཤིག་ལག་གཅུས་དང་ཆུ་བཅུ་བའི་སྐུལ་ཚིག ཆ་ལང་རོལ་མོ་མལ་ཆ་ཉལ་ཆས་སོགས་ཆེ་ཞེ་སྲིང་མོ་ཆེ་བའམ་ཕུ་མོའི་མིང་ཆས་ཆ་ལུགས། ཆོ་འབྲང་མའི་རུས་ཏེ་རིགས་ཀྱི་དོན་ཆུད་ཟོས་པ་ཆུད་གསན་པ་ཆམ་པ་འགོ་བའི་ནད་ཅིག །ཆབ་ཤོག་བཀའ་ཤོག་གམ་སྤྲིང་ཡིག་གམ་ཤོག་བུ་ཁ་ཞལ་ཆེམས་འཆི་པོས་སྨྲས་པའི་འཕྲིན་ཆིག་རྐྱང་གཅིག་པུ་ཆོང་ཞིག་བཅང་པའི་སྐུལ་ཚིག །བག་ཤུལ་ལམ་ཅུང་ཟད་ཆགས་པ་གནས་པའམ་ཉལ་བ་བོད་སྐད་ཀྱི་ངེས་ཚིག་འདི་ལྟར་འཐད་དམ་དཔྱད་སྒྲ་ལྟར་ན་རྗེས་སུ་ཉལ་བའམ་གནས་པའི་དོན་ཆོ་འཕྲུལ་རྫུ་འཕྲུལ་ལྟ་བུ་ཆོ་ངེ་ངུད་མོ་འདོན་པ་ངུ་བ། ཆ་ག་པ་དབྱར་དུས་སུ་སྒྲ་དང་བཅས་ཏེ་ཅུང་ཟད་འཕུར་ནུས་པའི་སྲོག་ཆགས་ཕྲ་མོ་ཞིག་དང་ཆབ་ཆོབ་ཆེན་མ་ཆུན་མ་དོགས་ཆོད་ཆ་ཤས་གོ་ཆོད་པ་ཆག་ཆངས་ཆུབ་ཆུངས་ལ་ཆ་རྒྱན་ཆ་ཆེས་སོགས་ཆ་རྐྱང་ངོ༌། །༼མཆ༽ མཆོག་རྨད་བྱུང་ངམ་མཐོ་བའམ་རབ་ཏུ་གོ་སྐྱབས་སུ་མཆི་བ་འགྲོ་བའམ་ཡོང་བ་མཆིས་པ་དཀོན་པའི་ནང་ནས་མཆོག་ཏུ་གྱུར་པ་སངས་རྒྱས་ཆོས་དགེ་འདུན་གསུམ་མཆོད་པ་བསྟོད་པ་འབུལ་བ་བཞེས་པ་བཀུར་བ། མཆིས་པ་གནས་པའམ་འདུག་པའི་མལ་གནས་དུག་སྦྲུལ་གྱི་མཆིལ་མ་རྩ་སྔོན་ལ་གོས་པ་ལས་སྐྱོབ་པའི་རྐང་ལྷམ་སྟེ་ལྷམ་སྤྱིར་ཡང་གོ་མཆིག་རང་རང་འཐག་སོགས་ཀྱི་མས་གཏུན་མཆིག་གུ་ཡས་གཏུན། སྐུ་ལས་མཆེད་པ་སྐྱེས་ཤིང་འཕེལ་བའི་ཟླ་བོ་སྟེ་སྤུན་ཟླ་དང་གྲོགས་མཆེད་རྡོ་རྗེའི་མཆེད་པོ་སོགས་ཀྱང་མཆན་དཔུང་འོག་གམ་ཉེ་འགྲམ་གྱི་དོན་མཆིས་བྲང་ཆུང་མ་རྒྱན་གྱིས་མཆོར་པ་མཛེས་པ་གཟབས་མཆོར་མཆོར་པོ་མཆོར་ཆས། མཆི་མ་མིག་ཆུའམ་སྤྱན་ཆབ་མཆིལ་མ་ཁ་ཆུའམ་ལྗགས་མཆིལ་མཆེར་པ་སྔོན་པོ་དང་མཆིན་པ་དམར་པོ་གཉིས་དོན་ལྔའི་ཁྱད་པར། ཞལ་ལམ་ཁའི་མཆུ་སྒྲོས་གཉིས་ཀར་གོ་ཁ་མཆུ་ཁའི་ཡས་མས་ཀྱི་མཆུའམ་འཁྲུག་པའི་དོན་བཀའ་མཆིད་འབེལ་གཏམ་མམ་སྤྲིང་ཡིག་མཆིད་ཅེས་པ་གཏམ་མམ་བཤད་པ་མཆིས་པ་ཡོད་པའམ་སོངས་བ། རྣམ་ཤེས་ཚོགས་དྲུག་སྐྱེ་ཞིང་མཆེད་པར་བྱེད་པ་མིག་དང་གཟུགས་སོགས་བཅུ་གཉིས་ལྟ་བུ་མཆིང་བུ་མདོག་སྣ་ཚོགས་ཤིང་ལྗིད་མེད་པའི་ནོར་བུ་ཕལ་པ་རྒྱ་མཚོ་ལ་སོགས་པའི་མཆིང་དཀྱིལ་ལམ་དབུས། རྩྭ་མཆོག་ཀུ་ཤའམ་རྩྭ་ཡི་རྩེ་མོ་མེ་མཆེད་པ་འབར་བའམ་འཕེལ་བ་མཆིལ་པ་བྱིའུ་ནས་ཟན་ནམ་འདབ་ཆགས་བཅུ་གཅིག་པའི་དོན་མཆོངས་པ་རྩལ་གྱིས་འཕགས་པའམ་འཕར་ཏེ་འགྲོ་བ། གཞུ་ཡི་མཆོག་མ་ནི་རྩེ་མོ་སྒྱུ་མ་མཁན་ལ་སོགས་པའི་མཆན་བུ་སློབ་བུ་མཆན་བུ་གཞུང་གི་དཀྱུས་དང་ཉེ་བར་དོན་གསལ་བྱེད་ཀྱི་ཡིག་ཆུང༌། མཆིལ་པ་ལྕགས་ཀྱུ་མཆིམས་རུས་ཀྱི་བྱེ་བྲག་དང་བསམ་ཡས་མཆིམས་ཕུ་དང་མཆེ་བ་མཆོད་བྱའི་མཆུ་སོགས་མས་འཕུལ་ཆའོ།། ༼འཆ༽ ཆོས་གཞན་ལ་འཆད་པ་བཤད་པ་ཁྲིམས་སོགས་འཆའ་བ་བཅའ་བ་ཞབས་ཀྱིས་སམ་རྟ་སོགས་འཆག་པའི་ས་དེར་འཆག་པ་བཅགས་པ། རྙེད་བཀུར་གྱི་ཕྱིར་ཚུལ་ཁྲིམས་ལྟར་འཆོས་པ་སོགས་འཆོས་པ་བཅོས་པ་སྟེ་ཉོན་མོངས་འཆོས་ནད་འཆོས་རྒྱུད་འཆོས་ལྟ་བུ་གར་འཆམས་པ་འཁྲབ་ཟིན་པ་སྲོག་དབང་འཆད་པ་འགག་པ་རྒྱུན་འཆད་པ་ཆ་རྐྱེན་འཆད་པ་སོགས་ཀྱང་འཆི་བ་སྲོག་འདོར་བ་དང་མེ་མནལ་བ་སོགས། འདོད་པ་ལ་འཆུམས་པ་ཆགས་པའི་དོན་གནས་འཆའ་བ་འདུག་ས་བཟོ་བ་འཆེལ་པ་ཞེན་པའི་དོན་ཡིན་པར་སྣང་འཆུར་བ་གནས་སུ་གཅུར་བ། འཆལ་པ་གཏད་སོ་མེད་པའམ་མི་བརྟན་པའམ་ཁུངས་མེད་པའི་དོན་ཤེས་རབ་འཆལ་བ་ཚུལ་འཆལ་འཆལ་བོ་སོགས་སེམས་ཀྱི་འཆར་བའི་སྒོ་འཆར་ཚུལ་ལམ་དྲན་ཚུལ་མི་འཆགས་པ་སྡིག་པ་མི་བཤགས་པ་འཆབ་པ་བཅབས་པའམ་སྦེད་པ། ཉི་མ་དང་དུས་སོགས་འཆར་བ་ཤར་བའམ་ཡོད་པའམ་འབྱུང་བ་སྟེ་འཆར་ཀ་འཆར་ལོ་སོགས་ཆུ་སོགས་འཆོར་བ་རྟོལ་བའམ་ཤོར་བ་ལས་ལས་ཀ་གཞན་ལ་འཆོལ་བ་བཅོལ་བའམ་བྱེད་དུ་འཇུག་པ་ནོར་རྫས་འཆོལ་བ་ཡང་འཆུན་པ་སྟོབས་ཀྱིས་གཅུན་པ། གྲོས་འཆོམས་པ་འདུན་གྲོས་བྱེད་པ་ཁ་ཡིས་འཆེ་བ་ཁས་ལེན་པའམ་ཞལ་བཞེས་འཆིང་བ་བཅིངས་པའམ་འཁྱིག་བྱེད་ཀྱི་ཞགས་པ་འཆང་བ་བཅང་བའམ་འཛིན་པ། གཏམ་འཆོལ་བ་འཁྲུལ་བ་དང་གོ་རིམ་འཁྲུག་པ་དང་འཆུས་པ་ཡོ་བའམ་འཁྱོག་པ་ཡིད་ཀ་འཆུས་སོགས་དང་ཁས་འཆེས་ཁ་འཆམ་འཆམས་འཆམ་འཆམ་འགྲོ་འཆག་པ་རུས་པ་དང་ཁྱབ་མཐའ་དང་དམ་འཆའ་གར་གྱི་འཆམ་དང་འཆལ་བ་སོགས་འས་འཕུལ་ཆའོ། ། ༼ཇ༽ ཆོས་ཉིད་དམ་གནས་ཚུལ་ཇི་ལྟ་བ་ཕྱིན་ཅི་མ་ལོག་པའམ་དཔེའི་སྒྲ་ཡིན་ཆོས་ཅན་ནམ་སྣང་ཚུལ་ཇི་སྙེད་པ་ཇི་ཙམ་མམ་ཐམས་ཅད་ཇི་ལྟ་བ་བཞིན་ཡང་དག་པར་གཟིགས་པ་མིག་གིས་ལྟ་བའམ་ཤེས་པ། ཇི་ལྟར་གང་ལྟར་རམ་དཔེ་སྒྲ་ཇི་སྲིད་དུས་ཇི་ཙམ་མམ་དུས་ཚད་འདྲི་བ་ཇི་སྐད་ཇི་ལྟ་བའམ་ཇི་ལྟར་འདི་ལྟར་སྨྲ། ཇོ་ཇོ་ཇོ་ལགས་སམ་ཕུ་བོའི་དོན་ཇོ་མོ་བཙུན་མོའམ་གསང་ཡུམ་མམ་གཙོ་མོ་ཇོ་བོ་གཙོ་བོ་སྟེ་ཇོ་བོ་ཤཱཀྱ་མུ་ནེ་ལྟ་བུ་དང་རྗེའུ་རིགས་ཀྱི་རྗེ་བོའི་དོན་ཡང་ཇ་ལྗོན་འདབ་ཅིག་སྟེ་རྒྱ་ཇ་བོད་ཇ་ལྟ་བུ། ཇེ་ཞིག་རེ་ཞིག་གམ་གོ་རིམ་སྟོན་པའི་སྒྲ་ཇག་པ་ཆོམ་རྐུན་ཇུ་བོ་རྡོབ་འཕངས་པ། ཇ་ཧོང་དམར་སེར་ཇ་རིལ་ཐོད་པ་ཞིག་གམ་ཇ་འདབ་རིལ་བུར་བྱས་པ་ཇེ་མཐོར་སོང་བ་རིམ་གྱིས་མཐོ་བར་གྱུར་པ་ཇེ་རྒྱས་ཇེ་རྒྱས་ཇེ་བཟང་ཇེ་བཟང་སོགས། ཇེ་ནི་དང་པོའི་དོན་དང་ཇེ་དབྱངས་ཀྱི་དོན་དང་ཇེ་ཞེས་པ་ཅི་གང་སོགས་ལྟར་སྤྱི་ཁྱབ་ཀྱི་སྒྲ་སྟེ་ཇི་ཡོད་ཇི་ལེགས་ཇི་ལྡན་ཇི་ལྟ་བུ་སོགས་དང་ཇ་མ་སོགས་ཇ་རྐྱང་ངོ༌།། ༼མཇ༽ མཇལ་བ་ཐུག་པའམ་འཕྲད་པ་ལུས་ཀྱི་མཇིང་པ་སྐེ་དང་མཇུག་མ་རྔ་མ་ལུས་མཇུག་ལས་མཇུག་མཇུག་བསྡུ་མཇེ་ཕོ་མཚན་ནམ་འདོམས་མཇུག །མི་མཇེད་པ་བཟོད་པ་སྟེ་ཉོན་མོངས་བཟོད་པའི་སེམས་ཅན་འབྱུང་བའི་ཞིང་དང་མཇལ་བགོ་བའམ་མཐོང་བ་དང་མཇལ་ཁ་སོགས་མས་འཕུལ་ཇའོ།། ༼འཇ༽  འཇག་མ་རྩྭའི་བྱེ་བྲག་འཇི་བ་དང་འཇིམ་པ་གཉིས་འདམ་གྱི་མིང་འཇགས་པ་གནས་པའམ་གཅགས་པའམ་བརྟན་པ་ཡིད་ལ་འཇགས་པ་ཁྲིས་འཇགས་པ། འཇིག་རྟེན་ཕུང་པོ་ལྔའམ་འཁོར་བ་འཇིག་པ་འགག་པའམ་ཉམས་པའམ་བཤིག་པའམ་ཞིག་པའི་དོན་འཇིགས་པ་སྐྲག་པ་འཇོམས་པ་འཅོམ་པའམ་ཉམས་པར་བྱེད་པ། འཇུས་པ་འཛིན་པའམ་རྒྱབ་པའམ་བསྣུན་ནས་ཤ་དང་ཤིང་སོགས་གྲིས་འཇོག་པ་གཞོག་པ་ཕྲ་མོར་བྱེད་པ་འཇར་བ་བཅར་བའམ་ཉེ་བར་ཕྱིན་ནས་འཇབས་པ་གབ་པའམ་གསང་བའམ་མ་ཚོར་བ། འཇའ་བ་ཞུམ་པ་ཉམས་པ་ཞ་བ་རྐང་ལག་སོགས་འཇས་པའི་དོན་ཡིན་ཞིང་འཇུངས་པ་སེར་སྣའི་དོན་སྐྱོན་དང་དྲི་མ་སོགས་འཇིལ་བ་བཅིལ་བ་སེལ་བ་འཇོམས་པ་འཇེམ་པ་མཁས་པའམ་ལེགས་པའམ་འཐད་པ། འཇུ་བ་ཁྱི་ཞིག་ཁྲག་སོགས་འཇིབ་བ་མཆུས་འཐེན་པ་ཟས་སོགས་འཇུ་བ་ཞུ་བའམ་བཞུ་བ་འཇང་བ་འཁྲུ་བའམ་ཡུལ་ཞིག །འཇུད་པ་འགྲོ་བར་མཐུན་པ་མ་སྨད་འཚོང་མ་འཇོལ་འཇོལ་གོས་རིང་བོའི་དབྱིབས་སོགས་འཇོལ་བ་རིང་བ་འཇོལ་པོ་ཡིད་འཇོ་བ་ཡིད་འཕྲོག་གམ་འདྲེན་ཅིང་སྒེག་པ་དགའ་བ་འཕེལ་བའི་རྣམ་འགྱུར་འཇོག་པ་འགོད་པ་སྒྲུབ་བྱེད་གསལ་བྱེད་གཏོང་བ་ས་ལ་གཞག་པ་སོགས། འཇོར་བུ་ཏོག་རྩེ་དབྱིབས་འཇོང་མོ་འཇོང་འཇོང་སྒོ་ང་ལྟ་བུ་འཇུར་བ་གཅུར་བའི་དོན་ཡིན་ཞིང་འཇུན་པ་གཅུན་པ། ལུས་སོགས་འཇམ་པ་མཉེན་པ་རྩུབ་མིན་འཇོག་པ་པོ་ཀླུ་རྒྱལ་ཞིག་མཚོ་འཇིང་དཀྱིལ་དབུས་འཇུག་པ་འགྲོ་བ་ཞུགས་པ་བཅུག་པ། འཇམ་པའི་དབྱངས་ཡེ་ཤེས་མེ་ལོང་སྙན་པ་ལ་འཇུག་པའི་འཇེབས་པ་སྟེ་ཡིད་དུ་འོང་བ་དང་མཛེས་པ་དང་ལེགས་པ་ཡང་ཏིང་འཛིན་སོགས་ལ་མཉམ་པར་འཇོག་པ་གཞག་པ། མངོན་རྗེས་ཀྱི་བློ་ཚད་མས་འཇལ་བ་བཅལ་བ་དཔོན་པ་རིང་ཐུང་སོགས་ཀྱི་ཚད་འཇལ་བ་ཁྲུ་དྲེ་སྲང་གིས་འཇལ་བ་བཅལ་བ་འདོད་པ་འཇོ་བ་སྟེར་བའམ་འབྱུང་བ་འོ་མ་འཇོ་བ་ཡང༌། ཁྲིམས་འཇགས་ཁྲིམས་ཇི་ལྟར་བསྒྲགས་པ་ལྟར་གནས་པ་འཇའ་ས་རྒྱ་ནག་གི་གོ་ས་ཞིག་འཇའ་མོ་ཁྲལ་དང་ཡུལ་ཞིག་དང༌། འཇའ་བརྡེག་ཁང་པའི་རྩིག་སྐྱོར་རམ་འདེགས་བྱེད་ཀྱི་རྟེན་འཇའ་ཚོན་དབང་པོའི་གཞུ་སྲད་བུ་སྐུད་པ་ལ་སོགས་པའི་འཇུར་པ་འཇུར་བུ་འཇུར་གོང་སྒྲིམ་ཆེས་ནས་མདུད་པ་ལྟར་གྱུར་པ་དང་འཇུར་མིག་ཀྱང༌། སྲོད་དུས་ཀྱི་འཇིང་སྲོད་དཀྱིལ་ཤ་དང་སེམས་སོགས་འཇུམས་པ་ཤ་རིད་པའམ་ཞུམ་པའམ་དམན་པར་བྱེད་པ་རྩ་འཇིང་ནི་གཉེན་ནམ་རྩ་ལག་ཡིན། ཐོབ་ཀྱིས་འཇལ་བ་རྙེད་ཕྱིར་གཞན་ལ་མངོན་སུམ་སྨོད་པ་སྟེ་ལོག་འཆོ་ལྔའི་གཅིག་དང་འཇབ་བུ་འཇིབས་པ་འཇུ་འཇེན་སོགས་འས་འཕུལ་ཇོའོ། །༼རྗ༽ རྗེ་བཙུན་གཙོ་བོ་སྟེ་དད་སྒྲོལ་གྱི་དོན་རྗེས་སུ་འཇུག་པ་རྗེས་སུ་འབྲང་བ་རྡོ་རྗེ་ཕྱག་འཚན་དང་ཕ་ལམ་སོགས་མི་ཕྱེད་པའི་དོན་རྗེས་རྟགས་སམ་ཤུལ་ལམ་མཚན་མ་རྐང་རྗེས་སོགས། རྗེ་དཔོན་གཙོ་བོའམ་དཔོན་པོ་ལྷ་རྗེ་འཚོ་བྱེད་སྨན་པ་རྗེད་པ་བཀུར་སྟིའམ་མཆོད་པའི་འོས། ས་རྗེན་པ་ས་རློན་ནམ་ས་སྒྲེན་ཤ་རྗེན་པ་ཤ་རློན་ནམ་ཤ་སྒྲེན་རྗེན་པ་སྒྲིབ་བྱེད་སོགས་མེད་པའི་དོན་རྗེན་ནེ་ཡང་རྗེ་ངར་རྐང་པའི་ངར་གདོང་རྫུད་པ་རིད་པའམ་རྒུད་པ། བརྗོད་བྱའི་དོན་རྗོད་པར་བྱེད་པ་མིང་ཚིག་བརྗོད་པ་སྙིང་ཐུགས་རྗེ་བརྩེ་བ་དུཿཁ་འབྲལ་བར་འདོད་པའི་དོན་ལག་པའི་རྗེས་ཕྱག་རྗེས་གཞན་ཕན་གྱི་ལག་རྗེས་སོགས་དང༌། ཐུགས་རྗེ་སྙིང་རྗེས་རྗེས་སུ་བསྐྱངས་པ་ཡོངས་སུ་སྐྱོང་བ་རྗེའུའི་རིགས་རིགས་བཞིའི་གཅིག །ཏིལ་གྱི་དང་ནས་སོགས་ཀྱི་རྗང་པ་བང་བའམ་འཁོར་དང་རྗེ་བོ་རྗེས་མ་རྗེད་བྱེད་རྗེན་ཕྱེ་རྗེ་བ་སོགས་ར་བཏགས་ཇའོ།། ༼བརྗ༽ བརྗེད་ངས་མི་དྲན་པར་བརྗེད་པ་བརྗེད་བྱེད་གདོན་ཞིག་གཟི་བརྗིད་གཟི་བྱིན་ནམ་འོད་དམ་ཟིལ་ལམ་ནུས་པ་བརྗིད་པ་འབར་བའམ་མཛེས་པ། བརྗེ་བ་དང་བརྗེས་པ་བདག་གཞན་སོགས་རྗེ་བ་མ་བརྗེད་པ་དྲན་པས་མ་བསྐྱུད་པ་བརྗོད་བྱ་བཤད་བྱའི་དོན་སོགས་བརྗོད་པ་བཤད་པའམ་གཏམ་གྱི་མིང་དང༌། བརྗིད་ཆགས་རྔོམ་བརྗིད་སོགས་བས་འཕུལ་ར་མགོ་ལྡན་པའི་ཇའོ།། ༼ལྗ༽ ཡུལ་གྱི་ལྗོངས་གནས་སམ་ཡུལ་སྡེ་ལྗང་བུ་ལྗང་པ་མྱུ་གུའི་དོན་ལྗན་ལྗིན་མི་གཙང་བ་ཉལ་ཉིལ་ཁྲོད། ལྗོན་པའི་ཤིང་རྐང་འཐུང་ལྗིད་ཅེས་པ་ལྕི་བའི་དོན་དང་ལྕི་ཡང་གི་ལྗིད་ལྟ་བུ་སྨན་སྐྱེ་བའི་ལྗོངས་ཡུལ་ལམ་གནས་ལྗང་གུ་ཁ་དོག་གི་ཁྱད་པར། རོ་དྲུག་འཛིན་པ་ལྕེ་ལ་འཇུག་པའི་ལྗགས་དང་ལྗགས་མདུད་ལྗགས་རྩོམ་ལྗགས་ལུང་ལྗོན་པ་སོགས་ལར་བཏགས་ཇའོ། ། ༼ཉ༽ ཉམས་མྱོང་ཆའམ་མྱོང་བའམ་ནུས་པའམ་རང་བཞིན་ནམ་རོ་སྟེ་སྒོམ་ཉམས་རང་ཉམས་ཉམས་ཅན་སྒེག་ཉམས་སོགས་རྟོགས་པ་ཤེས་པ་ཉིང་ཡང་ཁུ་ཁུ་བའི་ཡང་ཁུ་བའམ་ཁུ་བའི་ཁུ་བ་སྟེ་ཉིང་འཁྲུལ་ཉིང་ལག་སོགས་ཀྱང་སྒྲ་དོན་སྦྱོར་ཉག་མ་རྐང་ངམ་རྡོག་མ་ཟེགས་མ་གཅིག་བུ་ཉབ་པ་ལག་པས་ལེན་པའམ་རེག་པའམ་འཛིན་པ། ཉ་མ་སློབ་མ་ཉག་མོ་ཨ་ཕྱིའམ་བུད་མེད་ཉིས་འགྱུར་ཉིས་ལྡབ་ཉིས་བརྒྱ་ཉིས་ལྡན་སོགས་ཉུང་བ་ཉུང་ངུ་ཉུང་ཟད། སྤུ་དང་སྐྲ་སོགས་ཉག་མ་རྐང་ངམ་རྡོག་མ་ཉལ་ཉིལ་ལྗན་ལྗིན་ཉ་ཡི་ལྟོ་ཟ་བ་པ་ལཱུ་ཧི་བ་དང་ཉ་པ་སོགས། ཉམ་ཐག་ཅིང་ཉེས་པར་གྱུར་པ་སྟེ་ཉེས་སྐྱོན་ཀུན་ནས་ཉོན་མོངས་པ་ངལ་བར་བྱེད་པ་སྟེ་ཉོན་མོངས་ལས་སྐྱེ་བའམ་ཚེའི་ཀུན་ཉོན་གསུམ་དང་དཀའ་ལས་སམ་འོ་བརྒྱལ་ཉམ་ང་བ་ཉམ་ཐག་པར་གོ་ཉེ་བ་ཐག་རིང་མིན་པ་དང་ཡོད་པ་དང་མཚུངས་པ། ཉིང་ཤ་བསད་པའི་ཉིན་གྱི་ཤ་འམ་ཉེ་དུའི་ཤའི་མིང་ཉོད་པ་ཟས་སམ་ཁ་ཉོད་པ་ཉེས་པ་སྐྱོན་འབྱུང་བ་ཉེན་གྱོང་ངམ་ཉེ་བའམ་མནར་བ། ཉམ་ཆུང་བ་དང་ཉམ་ཐག་པ་གཉིས་འཁོས་ཆུང་ངམ་སྟོབས་ཆུང་ཉིན་མོ་ཉི་ལྡན་གྱི་དུས་མཚན་མོ་ཟླ་ལྡན་གྱི་དུས་ཉལ་བ་གཉིད་ལོག་པའམ་གནས་པ། ཉམས་སུ་དགའི་བ་ཡིད་དགའ་བའི་དོན་ཉིང་དགོས་དགོས་པའི་ཡང་དགོས་པའམ་དགོས་པའི་དགོས་པའམ་དགོས་པའི་གཙོ་བོའམ་ཆེད་དུ་བྱ་བ་སྟེ་གནས་སྐབས་དང་མཐར་ཐུག་གི་ཉིང་དགོས་ཉེ་བ་ཐག་མི་རིང་བའམ་ལེགས་པར་གོ་ཉོན་ཅིག་སྟེ་རྣ་བས་ཉོན་ཁ་ལ་ཉོན་ལྟ་བུ། སྤོས་དྲིའི་བྱུག་པ་ཉུག་པ་འབྱུག་པ་ལག་ཉ་སྟེར་མཁན་མེད་པར་ལེན་པས་ཆོས་སངས་རྒྱས་ལས་ཉན་ཅིང་གཞན་ལ་ཐོས་པར་བྱེད་པ་ཉམས་པ་མི་མཐོང་བ་རྒུད་པ་ལྷུང་བ་མནར་བ་མི་ནུས་པ། ཕོ་ཉ་བང་ཆེན་ནམ་ཕོ་མོའི་བར་དུ་འགྲོ་འོང་བྱེད་མཁན་ཕོ་ཉ་མོ་སོགས་ཉི་མ་ཉིན་བྱེད་དང་ཉི་མའི་གཉེན་དང་ཉི་འོད་ལ་སོགས་པའི་དོན་ཉེན་ཀོར་ཉེ་འཁོར་དུ་གོ། ཉ་སེར་མིག་མི་འ

ཛུམ་པའི་ཤ་མཱཾས་ཉ་ག་འཇལ་བྱེད་དམ་ཚད་ཉི་ཤུ་གྲངས་ཀ་ཉོས་པ་རིན་གྱིས་ཉོ་བ་དང་ཉོས་ཤིག་ཀྱང༌། ཉིང་ཏོར་ངེས་པར་མཐའ་གཅིག་ཆུ་སོགས་ཉོག་པ་མི་དྭངས་པ་མི་གསལ་བ་ཉེ་བར་རེག་པ་སྟེ་ཁྲུས་ཀྱི་ཁྱད་པར་ཉང་རུས་ཤིག་དང་ཡུལ་ཞིག་དང་རོ་མྱོང་ལ་ཡང་བཤད། ཉེ་བའམ་དྲུང་ན་གནས་པ་སྟེ་སློབ་མ་སོགས་ཉུག་རུམ་བཙུན་མོའི་འཁོར་རླིག་ཕྱུང་ཉན་ཅིང་རྣ་གཏོད་པ་ཕོ་ཉ་སོགས་ཉིད་ཁོ་ན་ངེས་གཟུང་གི་སྒྲའམ་ཚིག་ཕྲད་དེ་གཞན་ལྡན་སོགས་གཅོད་པའི་སྒྲ། ཉག་ཕྲན་མདའ་ཉ་རྒྱས་ཟླ་བ་ཉ་གང་བ་དང་ཉར་མ་ཉག་ཕྲ་བཀའ་ཉེས་བྱས་ཉེས་ཉེས་ལྟུང་བག་ཉལ་ཉུངས་སོགས་ཉ་རྐྱང་ངོ༌། ། ༼གཉ༽ རྒྱབ་དཔུང་གི་གཉེན་པ་རྩ་ལག་སྟེ་མགོན་སྐྱབས་དགེ་བའི་བཤེས་གྲོགས་ཀྱི་གཉེན་པ་ཉེ་བ་སྟེ་བླ་མ་སོགས་གཉིས་གྲངས་ཀྱི་ཁྱད་པར་གཉེན་པ་ཕན་བྱེད་ཉེ་དུ་རྩ་ལག །གཉའ་བར་དགལ་བའི་ཤིང་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གཉའ་ཤིང་གང་ཙམ་ལྟ་བུ་གཉེར་པ་དོན་ནམ་རྫས་གཉེན་མཁན་ཁྲོ་བའི་གཉེར་མ་དང་རྒས་པའི་གཉེར་མ་སོགས་དང༌། བཀའ་གཉན་པའམ་པོ་བཀའ་བཙན་པའམ་པོ་གཉན་བུར་སོགས་ཀྱི་ནད་དང་གཉན་ཁ་ཡང་དུད་འགྲོའི་བྱེ་བྲག་གཉན་ཞེས་པ་རི་དྭགས་ཤིག །གཉའ་བོ་དཔའ་པོ་དོན་དུ་གཉེར་བ་འདུན་ཅིང་འཇུག་པའམ་ལེན་པ་གཉན་དང་གཉགས་དང་གཉོས་འདི་གསུམ་རུས་མིང་སྟེ་གཉན་སྟོན་ཆོས་ཀྱི་ཤེས་རབ་གཉགས་ཛྙཱ་ན་ཀུ་མཱ་ར་གཉོས་ཁ་རག་སྒོམ་ཆུང་ལྟ་བུ། གཉིད་དབང་པོ་ནང་དུ་སྡུད་པ་གཉིད་མཐུག་ལྟ་བུ་དང་ཉལ་བ་གཉིས་ཀྱི་མིང་གཉེན་པོ་སྤོང་བྱེད་དམ་འཇོམས་བྱེད་ཞི་བྱེད་གནོན་བྱེད་ལ་སོགས་པར་འཇུག་གཉའ་བ་སྐེའི་རྒྱབ་ཆ་ལྟག་པ་རྐེ་རྒྱབ་ཀྱི་སྟེང་ཆ་དང་གྲི་ལྟག་ལྟག་ཆུ་གཉུལ་བ་འཚོལ་བའམ་སོ་བཙུགས་པའམ་བྱ་ར་བྱེད་པ། གཉི་མ་ཉི་མའི་གཟེར་ཟེར་གཉིག་གཅིག་ཏུ་ལུས་སོགས་གཉོང་ཀ་སྟོབས་སམ་སྲན་ཆུང༌། གཉའ་བ་རེངས་པ་ལང་ཤོར་རམ་དྲེད་པའམ་གྱོང་བ་གཉེ་མ་ནང་ཁྲོལ་རྒྱུ་མ་ཞིག་ཉག་པོ་དམའ་མོར་གཉག་པ་དམའ་བར་བྱེད་པའམ་ཟ་བའི་དོན་གཉེག་ལྟར་ན་དམའ་བ་ཉིད། གཉུག་མ་མ་བཅོས་པ་སོ་མ་རང་བཞིན་རྣལ་མ་གནས་ལུགས་གཉུག་སེམས་གཉུག་གནས་ལ་སོགས་པའི་དོན་དང་གཉིག་གཉིས་ཀ་སོགས་གས་འཕུལ་ཉའོ། ། ༼མཉ༽ མཉན་པ་གྲུ་པའམ་སྐྱ་བ་འཛིན་པ་ཐུགས་སེམས་མཉེས་པ་དགྱེས་པའམ་དགའ་བ་རྣ་བས་སྒྲ་མཉན་པ་ཉན་པ། མཉེད་པ་དང་མཉེས་པ་གཉིས་འཕུར་བ་འཛོམས་པ་རྡུང་བ་སྦྲུས་པ་མཉེན་པར་བྱེད་པ་ཤིང་སོགས་མཉེན་པ་སྙི་བ་འཇམ་པ་དུལ་བ་མཉན་དུ་ཡོད་པ་གནས་ཀྱི་ཁྱད་པར་ཞིག་སྟེ་འདིར་སྟོན་པ་ལོ་ཉེར་བཞི་བཞུགས། ཏིང་འཛིན་ལ་མཉམ་པ་མཚུངས་པར་གཞག་པ་འཇོག་པ་མཉམ་པ་འདྲ་བའམ་ཟླ་མེད་པ་མཚུངས་པའི་དོན་ཅན་གྱི་མཉམ་པ་སྐྱོན་ཡོན་རིང་ཐུང་ལྕི་ཡང་སོགས་མཉམ་པ། ར་མཉེ་སྨན་རྩ་བ་ལྔའི་གཅིག་ཡིད་མཉེས་པའམ་སྙི་ཞིང་གཤིན་པ་སྟེམཛའ་བའམ་གྲོགས་དང་ཞན་པའི་མཉམ་པ་མཉེལ་བ་སོགས་མས་འཕུལ་ཉའོ།། ༼རྙ༽ འདམ་དང་ཆུ་སོགས་ཀྱི་རྙོག་མ་ཉོག་མ་མི་དྭངས་པ་མི་གསལ་བ་དང་འདམ་གྱིས་རྙོག་པ་རྙེད་པ་ནོར་རྫས་དང་འཐོབ་པ་བཀུར་སྟི་རྗེད་པའམ་མཆོད་པའམ་དམ་པར་བྱེད་པའི་དོན་གསར་པའམ་སོ་མ་རྙིང་པའམ་མ་ཡུན་ལོན་པའི་དངོས་པོ་རྙེད་པ་འཐོབ་པ། སོ་ཡི་རྙིལ་སོའི་ཤ་རྙང་མ་མི་གཙང་བའམ་རླག་མོ་རྙོང་འཁྲུ་བ་དང་གལ་དང་རླག་མོ་དང་རྙི་རི་དྭགས་འཛིན་བྱེད་ཀྱི་རྒྱ། ལྕང་ལོ་སོགས་ཚ་བས་རྙིད་པ་རྙིས་པ་རློན་རྐྱང་མིན་པར་སྐམ་ཤས་ལྡན་པ་མ་རྙོབ་པ་ལག་པས་མ་སྙོབ་པ་ཨཎྜ་རྙིལ་རིན་ཆེན་དབང་སྔོན་ཏེ་ཨིནྡྲ་ནཱི་ལའི་ཟུར་ཆག །རྐང་པ་དང་ལག་པ་རྙོང་པ་རྐྱོང་བ་དང་དཀུ་མ་རྙོངས་རྙོགས་སོགས་རར་བཏགས་ཉའོ། ༼སྙ༽ གོ་སྙོད་སྔོ་སྨན་ཞིག་སྙིང་པོ་སྲ་བ་བརྟན་པ་གཙོ་བོ་སྦ་བ་རྣམ་གཡེང་རང་བཞིན་སྙིད་མོ་ཕའི་སྲིང་མོའམ་ཞང་པོའི་ཆུང་མའི་དོན་སྙིང་ནང་ཁྲོལ་ཞིག་གམ་སེམས། སྤུ་སྙོལ་བ་ཁྲོ་བ་སྐྱུང་བ་ཆང་མྱོས་འགྱུར་སྙོལ་བ་ཉལ་དུ་འཇུག་པའམ་བསྙལ་བ་དང་སྙོལ་ཅིག་སྙེ་མ་འབྲུ་དང་འབྲས་བུའི་དོག་པ་འབྲུ་ཕུང་དང་རི་རྩེ་སྙིལ་བ་འཇོམས་པ་བཤིག་པ་ཞིག་པ་སྐྲོད་པ་དང་སྙིལ་ཅིག །ཐ་སྙད་མིང་ངམ་ཤེས་བརྗོད་འཇུག་པའི་ཡུལ་ལམ་ཀུན་རྫོབ་ཇི་སྙེད་ཅི་ཙམ་དེ་སྙེད་དེ་ཙམ་སྙམ་པ་སེམས་པའམ་རྟོག་པའམ་ལྟར། སྙེམས་པ་ང་རྒྱལ་དང་སྐུལ་ཚིག་དང་སྙུན་པ་ནད་དམན་པ་དང་སྐུལ་ཚིག་མེད་དགག་ཚིག་སྙན་ཤལ་རྣ་རྒྱན་ནམ་རྣ་ཤལ་ལམ་སྙན་དར་སྙི་བ་འཇམ་པའམ་རྒྱའམ་དྭགས་པོའི་རུས། ཆ་སྙོམས་པར་འཇུག་པ་དགུ་སོགས་མཉམ་པར་གཞོལ་བའོ་ཆགས་སྡང་བདེ་སྡུག་འདུ་བྱེད་མི་བྱེད་བཏང་བ་སྤངས་ནས་སྙོམས་པ་མཉམ་པར་བྱེད་པ་སྟེ་བར་མའམ་སྤང་བླང་མེད་པའམ་ཉོན་མོངས་མེད་པ་སོགས་སྙོམ་ལས་ལེ་ལོའི་བྱེ་བྲག་བདེ་བར་ཞེན་ནས་བརྩོན་མི་ནུས་པ་དང༌། མཆོག་དམན་བར་མའི་བསོད་ནམས་སྙོམས་པ་མཉམ་པར་བྱེད་པ་ལྡོམ་བུའམ་སློང་མོ་སྙུགས་ཡུན་ནམ་རྒྱུན་སྲིངས་རིང་བའམ་བྱོན་ཤིག་དང་སྙུགས་ཚ་སྙུགས་གྲང་ཡང་རྗེས་སུ་སྙེག་པ་འཇུག་པའམ་འགྲོ་བའམ་འབྲང་བའི་སར་སྙོགས་ཤིག་སྙེག་པའི་སྐུལ་ཚིག་གམ་གྲུབ་མཐའ་སྙོགས་པ་ཡང༌། སྙིང་རྗེ་ཐུགས་རྗེའམ་ཅུང་ཟད་དམ་སྙིང་སྡུག་ལྟ་བུའི་མིང་སྙིམ་པ་ཁྱོར་བ་དོའི་ཚད་དམ་ཐལ་མོ་སྙོབས་ཤིག་ལག་པས་སྙོབ་པའི་སྐུལ་ཚིག་སྙོམས་ལ་འཇུག་མིན་དཔྱད་སྙེས་པ་སྔས་སོགས་ལ་ཉལ་འཕྲེས་བྱེད་པ། སྙོན་མོངས་ཉོན་མོངས་སམ་ཉོན་མོངས་པར་བྱེད་པ་སྙད་ཀ་སྐྱོན་ནམ་ཁག་འདོགས་པ་བཏགས་པ་རྒྱལ་མཚན་སོགས་སྙོལ་བ་བསྙལ་བའམ་སྐྱེལ་བ། གཏམ་རྣ་བར་སྙན་པ་འཇེབས་པའམ་རྣ་བ་སྙིགས་མ་ཚིགས་མའམ་རྙོག་མའི་དུས་དང་སྙིགས་ཤིག་སྐུད་པ་གཏམ་ཟས་སྙོད་པ་རིང་དུ་གཏོང་བ་འཆད་པ་ཟས་ཁ་ནས་ཁར་འཇུག་པའམ་བླུད་པ་ལྟ་བུ། སྙང་སྙོགས་བྱེད་པ་ཉག་ཉག་བྱེད་པའམ་རྨུགས་པ་ལྟ་བུ་ཡིན་ནམ་སེམས་སྙོམས་པ་མཉམ་པར་བྱེད་པའམ་འབྲིང་ངམ་བདེ་བར་གནས་པ་དང་སྙོམ་གཅིག་སྙི་སྙུལ་སྙུང་སྙིག་སྙོབ་སྙེན་སྙེར་སྙུག་སྙོར་སོགས་སར་བཏགས་ཉའོ། ། ༼བརྙ༽ མེ་ལོང་གི་གཟུགས་བརྙན་པའམ་པོ་གཡར་བའམ་པོ་དང་ཚབ་སྒྲ་བརྙན་ཡང་དེ་བཞིན་ཏེ་བྲག་ཅ་གཞན་ལ་བརྙས་པ་རྔན་ཆན་བྱས་པ་དང་བརྙས་ཐབས། མངའ་དབང་བརྙེས་པ་ཐོབ་པ་ཕྱག་བརྙན་ལག་གཡར་རམ་ཚབ་སྟེ་གཡོག་འཁོར་བརྙན་པོ་གཡར་བོའི་དོན་བརྙས་པ་གཡས་པའམ་གཡར་བ། གོས་སོགས་བརྙིངས་པ་རྙིང་བ་ཁ་བརྙོགས་པ་ཁ་འདྲིས་པའམ་ལང་ཤོར་དང་ཆུ་རྙོག་སྣང་བསྙན་སྐུ་འདྲའམ་འདྲ་ཅོག་བསྙན་པ་གཡར་བ་བརྙང་ལྟར་ན་རྙོང་བ་དང་བརྙིང་བརྙོག་བརྙ་སོགས། བས་འཕུལ་ར་མགོ་ལྡན་པའི་ཉའོ། །༼བསྙ༽ དགེ་བསྙེན་དང་བསྙེན་གནས་དང་བསྙེན་རྫོགས་ཏེ་སྤང་བྱ་ལྔ་བརྒྱད་ཐམས་ཅད་སྤོང་བར་མནོས་པའི་སོ་ཐར་གྱི་སྡོམ་པ་ཡིན་བསྙེན་པ་ཉེ་བ་ཕྱི་མ་ལ་རྫོགས་བསྙེན་དུ་ཡང་འགྱུར་བསྙེན་པ་བསྟེན་པ་ཉེ་བར་བྱས་པ་འགྲོགས་པ། བསྙོན་ཅན་བསྙོན་མཁན་བསྙོན་དོར་མིང་ཙམ་དང་བསྙོན་བཙུགས་པ་བསྙོན་ཏོལ་མིང་ཙམ་སྟེ་བསྙོན་པ་ཡིན་པ་ལ་མིན་པའམ་མིན་པ་ལ་ཡིན་པར་བརྗོད་པ་དང༌། བསྙེན་པ་དང་ཉེ་བའི་བསྙེན་པ་བསྒྲུབ་པ་དང་སྒྲུབ་པ་ཆེན་པོའི་ཡན་ལག་བཞི་ལྟ་བུ་བསྙེན་ཅིང་བཀུར་བ་ཞབས་ཏོག་སོགས་ཕྱེ་མ་ཞིབ་མོར་བསྙིལ་བ་སྙིལ་བ་འཐག་པ། གཏམ་བསྙད་པ་སྙོད་པ་བཤད་པ་བསྙམས་པ་སྙོམས་པ་མཉམ་པར་བྱས་ནས་ལག་པ་བསྙལ་བ་བསྙུལ་ཡང་སྣང་སྟེ་བཀྲུས་པའི་དོན། ཕྱིར་ཕྱི་རོལ་དུ་བསྙིལ་བ་བསྐྲད་པའམ་བཏོན་པ་མལ་དུ་བུ་སོགས་བསྙལ་བ་སྙོལ་བ་ལྷུང་བཟེད་བསྙིགས་པ་སྙིག་པ་སྙིགས་མར་བྱས་པའམ་ལྷུང་བཟེད་གདམས་པའི་ལྷག་མར་བྱས་པ། ལག་པས་བསྙབས་པ་སྙོབ་པ་རེག་པ་བསྙུང་བ་ན་བའམ་ནད་ཀྱི་གཞི་ཡིས་བསྙུན་པ་སྙུན་པ་ན་བར་འགྱུར་བའམ་ན་ཟིན་པས་བསྙེངས་པ་འཇིགས་པ། བསྙེལ་པ་བརྗེད་པ་མེད་པ་ནས་དང་ཉེས་ཅན་བསྙོར་བ་སྙོར་བ་རྡུང་བའམ་བཤིག་པ་ཡོ་བྱད་སྤྱད་དངོས་བསྙུངས་པ་སྙུང་དུ་བཏང་བ། བསྙེན་པ་ཉེ་བའམ་ཉེ་བར་བྱེད་པ་སྲིང་བ་རིང་བའམ་རིང་བར་བྱེད་པ་ཟས་བསྙོད་པ་སྙོད་པ་ཁ་ནས་ཁར་འཇུག་པའམ་བླད་པ་ལྟ་བུ་དང་བྱིན་པའམ་གསོ་བ་སྐྱུ་གང་མཚོན་གང་བསྙུག་པ་སྐྱུགས་པའམ་འབྱུག་པ། བསྙེམས་པ་སྙེམས་པས་སྙེས་སུ་བསྙེགས་པ་སྙེག་པ་ཁྲོ་བའི་གཉེར་མ་བསྙེར་བ་བསྡུས་པའམ་བསྟན་པ་དང་བསྙེག་བསྙིག་པ་བསྙང་བསྙགས་བསྙམ་བསྙབ་རྗེས་བསྙགས་ཀྱང་སྣང་བསྙེམ་སོགས། བས་འཕུལ་ས་མགོ་ལྡན་པའི་ཉའོ། ། ༼ཏ༽ ཏེ་པོར་སྲ་བ་དམ་པ་དྲག་པ་ཤིན་ཏུ་ལེགས་པར་ཏི་སེ་གངས་རིར་གོ་ཏལ་མ་དེ་མ་ཐག་པའམ་མ་ཐོགས་པར་གོ་སོང་བཞུད། ཛཱ་ཏི་སྨན་གྱི་ཁྱད་པར་སྣ་མ་ཏང་ཀུན་སྔོ་གོ་སྙོད་འདྲ་ཞིང་དྲི་ཞིམ་ཅན་ཏིག་ཏ་ཏི་ཀྟའི་ཟུར་ཆག་སྟེ་སུམ་ཏིག་སོགས་ཏིལ་དཀར་ནག་ཏིལ་ལ་སྣུམ་ལྟ་བུ། ཏུག་ཏུག་དང་ཏོང་ཏོང་དང་ཏོག་ཏོག་ཅེས་པའི་སྒྲ་བྱུང་ན་དེ་དང་དེ་ཟེར། ཏེལ་པ་སྟེའུ་དང་མེ་ཏེལ་ཏོག་རྩེ་འཇོར་བུ་དབྱུག་ཏོ་དབྱུག་པའམ་ཕྱག་མཚན་ཞིག་དང༌། དབུ་ཡི་གཙུག་ཏོར་སྤྱི་ཏོར་ཐོར་ཏོ་ཐོར་ཚུགས་སྤྱི་ཏོར་གཙུག་ཏོར་ཏོག་དཔལ་ཏེ་རྩེ་མོ་ཕུད་མཆོག་དང་སྒྲ་ཞིག་ཀྱང༌། མུ་ཏིག་རིན་ཆེན་ཞིག་མུཀྟིའི་སྒྲ་ཉམས་པ་མེ་ཏོག་པདྨ་སོགས་སམ་བསོད་སྙོམས་སམ་ཟླ་མཚན་ཏམྦུ་ལ་ཟས་ཤིག་གམ་སོ་རྩི། ལོ་ཏོག་ལོ་ཐོག་རྩི་ཏོག་རྩྭ་ཐོག་ཟ་མ་ཏོག་རིན་ཆེན་གྱི་སྣོད་དམ་མངར་ཆའི་སྣོད་དམ་གའུ། ཏིང་ངེ་འཛིན་པ་མཉམ་པར་འཛིན་པ་རྡོ་རྗེ་ལྟ་བུ་སོགས་མདོ་དཀོན་མཆོག་ཏ་ལ་ལ་སྒྲོན་མེའི་དོན་ཡིན། ཏིང་ལོ་ཟན་ཀོང་ཏལ་ཅུང་ཟད་དམ་ཡིད་ཙམ་ཏིག་གཏིག་ངེས་ངེས་མེད། ཡོན་ཏན་སྐྱོན་མིན་དགེ་བ་ལེགས་པ་ཁེ་དང་ལྕི་ཡང་སོགས་ཞབས་ཏོག་བསྙེན་བཀུར་རམ་དྲིན་ཅན་ལ་ཕན་པ་ནན་ཏན་དོ་གལ་ལམ་ནན་ཏར་རམ་བརྩོན་པ་དང༌། ནན་ཏུར་ཁྲིམས་ཀྱི་ཆད་པའམ་ཆད་ལས་གལ་ཏེ་གལ་སྲིད་བརྟག་པ་མཐའ་གཟུང་གལ་ཏེ་ན་གོའུ་ཏ་མ་རིགས་རྒྱུད་ཀྱི་ཁྱད་པར་རམ་ཐུབ་པ། ཁ་ཏོན་ཁ་འདོན་གྱི་མིང་ཙམ་ཞལ་ཏ་ཁ་ཏའམ་བྲན་གཡོག་ནན་ཏར་ནི་བཟང་པོ་དང་ནན་ཏན། ཏ་ཟིག་ཀླ་ཀློའི་ཡུལ་ཞིག་ཏ་མིང་རྒྱ་ནག་གོང་མ་ཏ་མིང་ལྟ་བུ་ཏ་ཞེས་པ་རྒྱ་ནག་གི་སྐད་དེ་ཆེན་པོའི་དོན་ཏེ་ཏཱའང་སྣང་ཏའི་སི་ཏུ་དང༌། ཏི་ཤྲི་དང་ཏ་དབེན་དང་ཏ་ཧུང་བཞི་རྒྱ་ནག་གི་གོ་སའི་མིང་དང་ཕྱི་མ་དར་དམར་ལའང་འཇུག་པ་དང༌། ཏཱ་ར་ཎ་རྟ་བབས་ཏེ་གཞལ་ཡས་ཁང་གི་སྒོའི་ཕྱི་ན་ཡོད་པའི་ཀ་བ་རྒྱན་ཅན་སོགས་དང་ཏེའུ་ཤང་ཤང་ཤང་གིས་བཏེག་པའི་ཁྲི། ཏམ་བུ་ར་སྒྲ་སྙན་ནམ་རྒྱུད་མང་དང་ཏིང་ཡོན་ཆབ་ཀྱི་སྣོད་ཏིང་ཤག་རོལ་མོ་ཞིག་ཏིང་ཤགས་ཀྱང་སྣང༌། ཉོ་ཏི་དང་ཏ་ལ་གཉིས་ཤིག་གི་བྱེ་བྲག་ཏྲེས་སམ་ཕྱེ་མའི་མིང་ཞང་ཞུང་གི་སྐད་དང༌། ཤང་ཤང་ཏེའུ་བྱ་ཤང་ཤང་ཆུང་ངུའམ་ཕྲུག་གུ་ཏེ་ཏེ་བརྡུང་བྱའི་རྔ་བརྔུང༌། འོན་ཏང་འོན་ཀྱང་ཡིན་མོད་ལིང་ཏོག་མིག་སྒྲིག་བྱེད་དང་འོན་ཏེ་ཏ་ཐཱ་ག་ཏ་གལ་ཏ་སུ་ག་ཏ་ཏུར་གྱིས་དྲན་ལྷག་བཅས་ཀྱི་ཏེ་སོགས་ཏ་རྐྱང་ངོ༌།། ༼གཏ༽ གཏན་ནམ་གཞག་རྒྱུན་གྱི་དོན་བསམ་པ་དམིགས་ཡུལ་ལ་གཏན་དུ་བར་གནས་པ་གཏན་དུ་གནས་པ་ལས་མི་འདའ་བར་བྱེད་པའི་ཚིགས་མཚམས་སུ་གྱུར་པ་སྒྲུབ་བྱེད་དམ་རྟགས་སོགས་གཏམ་བརྗོད་པ་གཏམ་པ་བཤད་པ། གཏུན་བུ་མས་གཏུན་ལག་པ་ལ་སོགས་པར་གཏད་པ་གཏོད་པ་བྱིན་པ་བཀལ་བ་ཕོག་པ་གཟིར་བ་མཐུ་གཏུན་ཤིང་ཡས་གཏུན་གཏུབས་པ་དུམ་བུར་འཐུབ་པ། བརྡུང་གཏག་རྡུང་འཚོག་གཏོང་བ་རྒྱབ་པའམ་སྦྱིན་པ་དང་གཏར་རག་ལེགས་འབུལ་གཏང་པ་སྦྱིན་པ། གཏེར་འབྱུང་གནས་སམ་ངེས་པར་འཛིན་པ་མཛོད་ནོར་ཁང་ཡོངས་སུ་གཏམས་པ་གང་བ་བཅོལ་བ་གཏད་པ་བཤད་པ་གཏོར་མ་འབྱུང་གཏོར་སོགས་ཟན་དང་ཆུ་མེ་ཏོག་གཏོར་བ་འཐོར་བ་བཀྲམ་པ་ཁ་འཐོར་དུ་འཇུག་པ། བུ་ལོན་ལེན་པའི་ནོར་གྱི་གཏའ་མ་དང་གཏེང་པ་དང་གཏའ་གསུམ་བུ་ལོན་གྱི་ཚབ་ལྟ་བུར་བཏག་པའི་དངོས་པོ། གཏན་པ་སྒོ་གཏན་ནམ་སྒོ་གླེགས་ཀྱིས་བཀད་པ་མེད་པའི་སྦྱིན་པ་བར་མ་ཆད་པའི་སྦྱིན་པ་གཏོང་བ་དང་གཏང་བ་གཉིས་སྟེར་བ་འདོར་བ་གློད་པ་རྒྱབ་པ། གཏུམ་པོ་ཁྲོ་རྔམ་ཅན་ནམ་གདོལ་བའི་དོན་ཞབས་རྐང་པ་ལ་སྤྱི་བོས་གཏུགས་པ་རེག་པའམ་ཐུག་པར་བྱེད་པའམ་བསྟེན་པ་ཟད་པའི་དོན་ཅན་གྱི་གཏུགས་པ་འཛངས་པ་ཀླས་པ་ཐུག་པ་ཡང༌། ལྷ་ཆེན་ལ་གོ་བའི་གཏོགས་འདོད་དབང་ཕྱུག་གཞན་ལ་རྫས་སོགས་གཏོད་པ་གཏད་པ། འབེམ་མདའི་དམིགས་ཡུལ་ལྟ་བུ་ལ་གཏོད་པ་གཏད་པ་གཟིར་བ་དང་བསྒོམ་བྱར་དམིགས་པ་བསམ་པ་གཏད་པ་རྩེ་གཅིག་ཏུ་སེམས་པ་དང་གཏོད་ཅིག་ཀྱང༌། གཏི་མུག་མ་རིག་པ་རྨོངས་པ་གཏོལ་ཆ་རྒྱུས་གདེང་ངེས་པ་ཐབས་མེད་མཚང་སྐྱོན་ནས་གཏོལ་བ་འབྲུ་བ། ཁྲག་གཏར་བ་གཙག་པ་འདོན་པ་ཆུ་དང་སྣུམ་གཏིགས་པ་ཐིགས་པ་འབས་ཏུ་འཇུག་པ་སེ་གོལ་གཏོགས་པ་རྒྱབ་པ། ནོར་བཅོལ་བའི་དོན་ལ་འཇུག་པའི་གཏམས་པ་གདམས་པ་དང་གྲངས་ཀྱི་ཁྱད་པར་གཏམས་དཀྲིགས། སྒོའི་གཏན་པ་གདན་བུའམ་སྒོ་འཕར་གཏིང་དབུས་ཀྱི་མཐའ་འམ་དཀྱིལ་ཟབ་མོ་དཔག་དཀའ་བ་མུན་པ་དང་སྤྲིན་སོགས་གཏིབས་པ་བཀྲིགས་པ་ཚོགས་པ། གཏུར་བུ་སྣམ་སྦྱར་སོགས་ཀྱི་སྣོད་སྤོས་རེང་སོགས་གཏུལ་བ་སྦར་བའམ་བདུག་པ་རི་བོ་ལ་སོགས་པའི་གཏོས་ཆེ་ཆུང་གི་ཚད་དམ་བོང༌། མགོ་བོ་སོགས་གཏུམས་པ་གཡོགས་པ་མཐའ་ལ་གཏུགས་པ་ཟད་པ་ཐུག་པ་བཀག་པ་བཀར་བ་ཁོངས་ཕྱོགས་སུ་གཏོགས་པ་འཐེ་བ་འདུས་པ་བརླན་པ། གཏན་དུ་གནས་པ་ལ་འབེབས་པ་དོན་གནས་དང་མཐུན་པར་བྱེད་པ་དང་གཏུམ་མོ་གཏར་ཁ་གཏི་ཐུག་གཏོང་བ་སོགས་གས་འཕུལ་ཏའོ། ། ༼བཏ༽ བྱ་སྒྲོ་མདའ་ལ་དོན་དུ་མེད་ཀྱང་སྦྱར་བ་ལྟར་མེད་པ་ལ་ཡོད་པར་བཏགས་པ་སྦྱར་བ་བཞག་པ་འདོགས་པ་མིང་བཏགས་པ་བརྡའམ་ཐ་སྙད་སྦྱར་བ་འདོགས་པ་ཁ་བཏགས་ལྷ་རེག་གམ་དར་དང་ཕམ་པར་བྱས་པ་བཏགས་པ་གཡོགས་པ་བཅིངས་པ་བརྒྱན་པ་འདོགས་པ། སྤྱིར་བཏང་བ་དམིགས་ཀྱིས་མ་བསལ་བའམ་ཐུན་མོང་དུ་བཏང་བའམ་ཐུན་མོང་བློ་སོགས་ཀྱིས་བཏང་བ་གཏོང་བ་དོར་བ་སྔགས་མེ་ཏོག་བཏུ་བ་དང་ཚད་མ་མངོན་པ་བསླབ་པ་མདོ་ཀུན་ལས་བཏུས་པ་གཉིས་འཐུ་བ་སྡུད་པ། སྲོལ་བཏོད་པ་ལུགས་ཀ་དོད་དུ་འཇུག་པའམ་འཛུགས་པ་གདན་དང་གཞི་བཏིང་བ་འདིངས་པ་འགྲེམས་པ་རྐྱོང་བ་འཛུགས་པ་ས་བོན་སྐྱེད་བྱེད་ཀྱི་རྒྱུ་བཏབ་པ་འདེབས་པ་རྒྱབ་པ། བཏང་བཟུང་ནི་ཀླུ་ཞིག་དང་རི་བཏང་བཟུང་གིས་དོན་གཉིས་ལ་གོ་བཏེག་པ་འདེབས་པ་གྱེན་དུ་སློང་བ་འཇལ་བ་འགྲོ་བ་གསོལ་བ་ཞུ་བ་བཏབ་པ་ཕུལ་བ་འདེབས་པ་བཏུད་པ་འདུད་པ་དགུ་བའམ་ཕྱག་འཚོལ་བ། བཏགས་སོ་ཐ་ག་པའི་འཐག་སྤྱད་ཀྱི་བྱེ་བྲག་རྒྱས་བཏབ་པ་རྟགས་ཀྱིས་མཚན་པ་བཟའ་བྱའམ་བཟའ་བ་ཟས་བཏུང་བྱའམ་བཏུང་བ་སྐོམ་བཏུབ་པ་བླའམ་རུང་བ་དང་གཏུབས་པ། མེ་ཏོག་དང་སྤུ་བཏོགས་པ་འཐོག་པ་འཐེན་ནས་ཐ་དད་དུ་བྱེད་པ་རྩ་བ་སོགས་བཏོན་པ་འདོན་པ་འབྱིན་པ་བཀོག་པ་བཀོལ་བ་བཏགས་པ་ཕྱེ་དང་ཐག་འཐག་པར་ཤེས་དགོས་ཤིང་བཏུལ་བ་བཀོལ་བའམ་ལས་སུ་རུང་བ་དང་ཕམ་པར་བྱས་པ་འདུལ་བ། མགྲིན་པ་གྱེན་དུ་བཏེག་པ་སྒྲེང་བ་འདེགས་པ་དང་བཏོག་བཏག་བཏང་སྙོམས་སྦྱིན་བཏང་བྱ་བཏང་སོགས་བས་འཕུལ་ཏའོ། ། ༼རྟ༽ མི་དགག་ཚིག་རྟག་པ་བརྟན་པ་འགྱུར་མེད་རྒྱུན་པ་མི་ཉམས་པ་རང་བཞིན་ཟད་མེད་རྒྱུན་མི་འཆད་མཉམ་ཉིད་རྟབ་རྟབ་དྲེལ་དྲེལ་ཚབས་ཚབས་སྐྲག་ཚུལ་རྟབ་རྟབ་པོ་ཡང་སྦྱར་དབང་པོ་རྟུལ་བ་མི་རྣོ་བ་བརྟུལ་བ་དང་རྟུལ་པོ་རྟགས་སྐྱོས་མ་མཚན་མ་རྒྱ་སྒྲུབ་བྱེད་མཚོན་བྱེད་ཤེས་བྱེད། མི་རྟོག་པ་ཡེ་ཤེས་དང་གཉིད་ཀྱི་ཤེས་པ་དང་དབང་ཤེས་སོགས་ཏེ་མི་སེམས་པའི་དོན་ཡིད་རྟོན་པ་ཆ་འཇོག་པའམ་ཡིད་ཆེས་པ་ཡིད་བརྟན་པ་རྟོག་པ་དཔྱོད་པ་དང་ལྡན་པ་རྟོགས་པ་ཤེས་པ་དང་ངེས་པ། དུས་རྟག་ཏུ་རྟག་པར་རྟ་མགྱོགས་འགྲོ་ལ་རྟེའུ་རྟ་ཕྲུག་གམ་ཆུང་ངུ་སྐྱེས་པ་རྟིང་མ་རྗེས་མ་ཕྱི་མ། རྟོལ་གོག་གླང་དང་མཛོ་མོ་འདུས་པའི་བུ་རྟོལ་ཕོའམ་མོ་རྟིང་པ་རྐང་བའི་ཕྱི་རྟིང་རྟོད་པ་འཆིང་བས་བཅིངས་པ་རྟོད་ཐག་རྟོད་ཕུར་སོགས་ཀྱང༌། རུ་རྟ་ཞེས་པས་སྨན་བྱེ་བྲག་པ་ཞིག་གོ་བར་བྱེད་ཉམས་ཤེད་མོ་རྟས་པ་རྒྱས་པ་གནས་སུ་རྟོལ་བ་སླེབ་པའམ་འབྱོར་བ་དང་རྣག་རྟོལ་བ། མོང་རྟུལ་བླུན་པོ་རྟུལ་ཕོད་སྙིང་སྟོབས་ཆེ་བའམ་ཕ་རོལ་གནོན་པ་རྟེན་གཞི་ཡན་ལག་ཅན་གནས་པ་སྐྱོས་མ་སྐྱབས་སོགས་རྟེན་ཅིང་འདྲེལ་བར་འབྱུང་བ་སྟོང་ཉིད་ཡོད་པ་དངོས་པོ་ལྟས། མཆོད་པའི་རྟེན་བརྒྱད་ལྟ་བུ་རྟ་བབས་ཏཱ་ར་ཎ་བྱ་མ་རྟ་བྱ་རྟ་མིན་པའི་མྱུར་འགྲོ་སྟེ་ཕོ་ཉའམ་བང་ཆེན། རྟ་ཐུལ་ལྔ་སྡེའི་གཅིག་རྟ་དབྱངས་སློབ་དཔོན་དཔའ་པོ་རྟོག་གེ་པ་རྟོག་པ་པོའམ་དཔྱོད་མཁན་ཏེ་སོ་སྐྱེ་ལྟ་བུ་དང་རྟོག་གེ་སྡེ་ལྔའམ་འབར་བ་ཡང༌། མི་གཙང་བ་ལ་གྲགས་པའི་རྟུག་པ་སྐྱག་པ་དང་རྟུག་དྲི་དང་རྟོན་པ་བཞི་ལྷ་རྟེན་རྣམ་རྟོག་སོ་སོར་རྟོག་པ་རྟོགས་པ་བརྟན་པའམ་དབང་དུ་བྱ་བ་རྟུལ་བ་སྡུད་པ་འཇམ་པ་འདུལ་བ་དཔའ་བ་ཞན་པ་མི་རྣོ་བ་རྟུལ་ཅིག་རྟེན་ཅིག་སོགས་རར་བཏགས་ཏའོ། །༼ལྟ༽ ལྟོ་བས་འགྲོ་བ་བྲང་འགྲོ་སྦྲུལ་ལྟོ་འགྲོའི་སྒྲ་ཡང་འཐད་ལྟག་པ་སྐེ་རྒྱབ་ཀྱི་སྟེང་ཆ་དེ་ལྟ་བུ་མཚུངས་པ། ལྟོ་བས་འཕྱེ་བ་འགྲོ་བས་བདག་གི་ཁྱད་པར་ལ་གོ་བའི་སྒྲ་ལྟེ་བ་ལུས་ཀྱི་དབུས་ཆ་ས་སོགས་ཀྱི་དཀྱིལ་མ་གཞི་ངོ་མར་གོ་ལྟད་མོ་དཟིགས་མོ་ལྟ་བ་བལྟ་བའམ་གྲུབ་མཐའི་ལྟ་བུ། ལྟོ་བ་གྲོད་པ་ཕོ་བ་མངལ་དཀྱིལ་ལྟོ་ཟས་སམ་བཟའ་བྱ་ཡིས་ལྟིར་གྱིས་ལྟེམ་གྱིས་ཏེ་བཀང་བའི་ཚུལ། བུར་བུ་རམ་མར་ཚོས་སོགས་ཀྱི་ལྟང་ཚེ་རྐྱལ་པའམ་སྣོད་འགྲང་པ་རྒྱགས་པ་ལྟོགས་པ་བཀྲེས་པ་ད་ལྟ་དུས་ཀྱི་ཁྱད་པར་རམ་མྱུར་བ་ལྟོས་ཤིག་ལྟ་བར་བྱོས་དང་ལྟོས་པ་ཞུ་བ་དང་གཅིག་ལ་གཅིག་ལྟོས་པ། དངོས་ལྟར་དུ་སྣང་བ་མངོན་པ་ཡང་དག་མིན་པ་ལྟག་ཆོད་སུན་འབྱིན་ལྟར་སྣང་གྲུབ་མཐའི་ལྟ་བ་ཕྱིན་ཅི་ལོག་གི། ལྟུང་བ་ལྷུང་བར་བྱེད་པ་སྟེ་ལྟུང་བ་སྡེ་ལྔ་སོགས་ཀྱིས་ལྟས་མཚན་མ་ངན་པ་མི་ལེགས་པ་ལྟ་ཆོས་ལྟ་ཞོག་སྲིད་ཀྱང་མི་ཤེས་ཞེས་པའི་ལྟ་ལྟ་བུ་ཅི་སྨོས། ལྟེང་རྒྱས་འོད་སྲུངས་ཀྱི་བྱེ་བྲག་གམ་ལྟེང་ཀ་རྒྱས་པ་ལྟེང་ཀ་ཆར་ཆུ་འཁྱིལ་བའི་གཤོང་བུ་ལྟེམ་གྱིས་ལྟིར་གྱིས་གང་པ། རེ་བའམ་ལྟོས་པ་བློ་གཏད་བྱེད་པ་དང་མིང་ཙམ་ཇ་ལྟ་ཕར་ཞོག་ཆུ་ཡང་མེད་མདའ་ཡི་ལྟོང་ཀ་གཞུ་རྒྱུད་དང་སྦྱར་རྒྱུའི་ཁ། ལྟར་ལྟར་དབྱིབས་སམ་མངལ་གྱི་གནས་སྐབས་ཤིག་ལྟེམ་རྐྱང་ངམ་ལྟེམ་ཀྱང་མི་བརྟན་པའམ་མཐོ་དམའ་དང་ལྟེབ་ལྟབ་ལྟོས་གྲུབ་ལྟར་ད་ལྟར་ལྟག་གོང་སྟེང་ཡན་ལ་འཇུག་པ་སོགས་ལར་བཏགས་ཏའོ། ། ༼སྟ༽ བསྟན་བྱ་སྟོན་པ་བསྟན་པ་དང་སྟོན་པོའི་དོན་བཞུགས་པའི་སྟངས་ཀ་འདུག་ཚུལ་བཀུར་བའི་ཡུལ་དུ་སྟི་བ་གནས་པར་བྱེད་པ་སྟེ་མཆོད་པ་སྟོབས་ཤིག་བྱིན་ཅིག་རོལ་ཅིག་བྱོས་ཤིག །སྟེས་སམ་སྟེས་དབང་སྟབས་ལེགས་མུ་སྟེབས་བྱེད་དམ་པ་ཕྱི་རོལ་པ་བྱད་སྟེམས་མཐུ་གཏད་ཀྱིས། མི་སྟོ་མི་སྐྱོན་ལྟ་སྟངས་ལྟ་ཚུལ་མེ་སྟག་མེའི་ཚ་ཚའམ་ལོ་སྟེགས་བུ་གཏོར་སྟེགས་སོགས། སྟ་གོན་འོག་གྲབས་སྟོང་བ་ཕན་པའི་གྲོགས་རོགས་ཤ་སྟག་འབའ་ཞིག་གམ་ཁོ་ན་བྱེད། གཞོགས་སྟེགས་ཟུར་མིག་འཇོ་སྒེག་མཛེས་པའི་རྣམ་འགྱུར་སྟངས་སྟབས་གོམ་པ་འདོར་ཚུལ་སྟ་ཟུར་དཀུའམ་དཔྱི་སྟོན་པ་བསྟན་པ། ཤིང་སྟག་པ་གྲོ་གའི་ཤུན་ཅན་གྱི་ཤིང་སྟུག་པོ་མཐུག་པོ་སྲ་བ་གར་མའི་ཁྲོད་སྟོབས་ནུས་པའམ་ཡེ་ཤེས་ཅན་སྟག་གཅན་གཟན་ཞིག །དགྲ་བོ་འཇོམས་བྱེད་ཀྱི་སྟ་རེ་མཚོན་སྟ་རེ་ཤིང་གཅོད་བྱེད་སྟེའུ་སྟ་རེ་ཆུང་བའམ་ཏེལ་པ་སྟོར་བ་འབོར་བའམ་རླག་པ། ཤིང་སྟར་བུའི་ཞུན་མ་སྨན་སྟར་ཐོག་གི་ཁཎྜ་སྟར་གའམ་ཀ་ཁམ་བུ་ཞིག་ལ་གོ་བའི་མིང་སྟོན་མོ་དགའ་སྟོན་ཤིང་སྟོན་སོགས་སྟེར་བ་སྦྱིན་པ། ལུས་སོགས་ཀྱི་སྟོད་དཀྱིལ་ཡན་ཆད་ལ་གྲགས་སྟན་གདན་དང་སྟུ་མོ་མཚན་མ་དགག་ཚིག་སྟོན་པ་བསྟེན་པའི་རྟེན་པའི་བྱེ་བྲག་གམ་འགྲོགས་པ་དང་སྟེན་ཅིག་སྟོན་ཡང་སྣང༌། སྟོན་ཀ་དང་དཔྱིད་ཀ་དུས་ཀྱི་ཁྱད་པར་གང་བ་འཕེལ་བའམ་གཏམས་པ་དང་སྟོང་པ་འགྲིབ་པའམ་འབྲི་བ་ཡ་སྟགས་མདོས་ཡས་དང་སྟགས་གྲོང་ཚིག་སྟོང་ཕྲག་བརྒྱ་ཚོ་བཅུ། སྟིམ་པ་ཐིམ་དུ་འཇུག་པར་བྱེད་པ་སོ་སྟོ་སོ་ཟིང་སོ་ཐགས་མི་བཟང་བར་གོ་སྟོར་ཁུང་མི་གཙང་བ་ཁྲུས་ཆུ་སོགས་འབབ་པའི་ཁུང་བུ་དང༌། སྟང་ཟིལ་དངུལ་རྡོ་སྟབས་གཅིག་གོམ་འགྲོས་གཅིག་ལྷན་ཅིག་གི་སྟབས་ཅིག་ལ་ཡང་འཐད་སྙམ་སྟབས་འབུལ་སྟབས་ཀ་སོགས་སྟར་ཕྲེང་བརྒྱུས་པ་བརྒྱུ་བ་སྟེང་མ་ཐོག་ཀ་གོང་བླ། སྟོང་པ་ཟོམ་སྟོང་ཁང་སྟོང་ལྟ་བུ་སྣོད་ནང་དུ་དངོས་པོ་གཞན་མེད་པའི་དོན་སོགས་སྟོང་པ་ཉིད་རང་བཞིན་མེད་པ་རྟེན་འབྱུང་སོགས་དང་སྟར་བ་སྒྲིག་པ་རྒྱུད་པ་ཕྱི་དོར་བྱེད་པ་ཉསམ་སུ་ལེན་པ་གཟབས་པ་དང་ཆ་སྟ་སྟེག་ཆོས་འཕང་སྟོད་སྟོངས་སྟངས་ཀ་སྟུད་སྟིབས་སོགས་སར་བཏགས་ཏའོ། ། ༼བརྟ༽ བརྟག་པ་དང་དཔྱད་པ་གཉིས་རྟོག་དཔྱོད་དེ་འཇལ་བའི་དོན་ཡུལ་དང་བསླབ་པའི་གནས་སུ་བརྟན་པ་གནས་པ་མི་ལྡོག་པ་ཀུན་ཏུ་བརྟགས་པ་བློས་བཞག་པ་གཉིས་སྣང་ལྟ་བུ་ངོ་བོ་ཉིད་གསུམ་གྱི་གཅིག་བརྟགས་པ་རྟོག་པ་དཔྱད་པ། ཡིད་བརྟན་ཡིད་རྟོན་ནམ་ཡིད་བརྟན་པོ་བརྟད་པ་གློ་བུར་པ་བརྟུལ་བ་བསྡུས་པ་སྤངས་པ་ཞུགས་པ་འཇུག་པ་ལེན་པ་སྟེ་སྤྱོད་པ་བརྟན་པའམ་པོ་རྟོག་པ་བྱང་སེམས་སམ་འགྱུར་ལྡོག་མེད་པ། སྒོ་ངའི་སྦུབས་སོགས་བརྟོལ་བ་རྟོལ་བ་བཤངས་པ་བརྟུན་པ་བརྩོན་པ་རྟུན་པ་སྤྱི་བརྟོལ་ཕོད་པའམ་ངོ་ཚ་མེད་པ་བརྟབས་པ་འཇིགས་པ་རྟབ་པ། ཡོངས་འདུ་ས་བརྟོལ་དཔག་བསམ་ཤིང་ས་བརྟོལ་ས་ཕུག་སྟེ་ཤིང་བརྟག་པ་རྒྱུད་ཀྱི་དུམ་བུ་བརྟག་པ་གཉིས་པ་དང་སོ་གཉིས་པ་སོགས་དང་བརྟག་པ་བརྒྱད་བརྟུལ་བ་རྟུལ་བ། བརྟེན་པ་རྟེན་གྱི་ཅིག་ཤོས་ལ་གོ་བརྟེན་པ་རྟེན་པ་གནས་པ་ལྟོས་པ་འགྲོགས་པ་སོགས་ཕུར་བུ་ཕུར་བས་བརྟོད་པ་རྟོད་པ་བཅིངས་པ། བརྟས་བརྟ་བརྟབ་རྟོག་བྱེད་ཀྱི་བརྟག་བྱ་སོགས་བས་འཕུལ་ར་མགོ་ལྡན་པའི་ཏའོ། ། ༼བལྟ༽ བལྟོས་པ་ལྟོས་པའི་ས་ཐུབ་དབང་དང་ཕ་སོགས་བལྟོས་པ་ལྟོས་པའི་ཆོས་སློབ་མ་དང་བུ་སོགས་བལྟ་བར་རུང་བ་འོས་པ་མིག་གིས་བལྟས་པ་ལྟ་བ། བལྟ་བྱ་མིག་ཡུལ་སོགས་སྐུ་དང་རྫིང་བུ་བལྟམས་པ་སྐྱེས་པ་དང་གང་བ་གོས་གདན་གཟན་བལྟབ་པ་ལྟེབ་པ་ལྟབ་པ་ཉིས་ལྟབ་སུམ་ལྟབ་བྱེད་པ་དང་བལྟབས་བལྟ་མཚན་མ་དེ་འདི་མལ་བལྟས་ཞེས་སོགས། བས་འཕུལ་ལ་མགོ་ལྟན་པའི་ཏའོ། །༼བསྟ༽ བསྟི་སྟང་མཆོད་པ་དང་གནས་བསྟུད་པ་མཐུད་པའམ་འདུད་དུ་འཇུག་པའམ་བརྒྱུད་པ་བར་ཆད་དུ་མ་བཅུག་པ་བསྟུད་མ་བརྒྱུད་མ་ཞེས་པའི་དོན་བསྟི་བ་ངལ་གསོ་བའི་གནས་གནས་ཆེན་སོགས་བསྟར་བ་སྟར་བ། ཐུབ་དབང་གི་བསྟན་པ་ཆོས་དང་བསྟུན་པ་སྟུན་པ་མཐུན་པར་བྱེད་པ་བསྟོད་པ་བསྔགས་པ་དང་འཕང་སྟོད་པ་ལ་འཇུག་པར་འོས་བསྟེན་པ་སྟེན་པ། བསྟང་བ་ཕན་པའམ་མགོན་གྲོགས་དང་བཅས་པས་མ་བཟུང་བ་དོན་མེད་ཀྱི་བསྟན་བཅོས་སོགས་དགུ་ལྟ་བུ་བསྟན་པ་སྟོན་པ་བཤད་པ། ཐག་དང་གོས་སོགས་ཀྱི་རིང་པོ་བསྟུངས་པ་ཉེ་བའམ་ཐུང་དུ་བཏང་བ་བློའམ་གདོང་སྣ་བསྟད་པ་ཁ་ཕྱོགས་པའམ་གཏད་པ་སོགས་འགྲོ་ཆས་འགྲོ་བའི་གྲབས་བསྟད་པ་གཤོམ་པ་སྒ་བསྟད་པ་སྒ་རྒྱག་པ། བསྟིང་བའི་ཚིག་འཕྱ་ཚིག་བསྟིམ་པ་སྟིམ་པས་མི་བསྟོངས་པ་མི་ཕན་མི་སྟོང་མོད་ཀྱང༌། བསྟི་བ་ངལ་གསོར་མེད་པ་མནར་མེད་མངོན་པར་བསྟོད་པ་བསྔགས་པའམ་མངོན་པར་དགའ་བ་བྱིན་ལེན་དང་ཡོ་བྱད་བསྟབས་པ་སྟོབ་པ་དང་བསྟིས་པ་བསྟབ་པ་བསྟིམས་པ་བསྟུང་བ་སོགས། བས་འཕུལ་ས་མགོ་ལྡན་པའི་ཏའོ། །༼ཐ༽ ཐུན་མོང་སྤྱི་ཐུན་ཐུ་བོ་རྒན་པའམ་གཙོ་བོ་ཕུ་བོ་ཐ་གྲུ་ཡུལ་གྲུའམ་རྒྱ་ཁྱོན་ཆེ་བ། ཐུ་མི་སམྦྷོ་ཊའི་རུས་ཐོན་མི་ཞེས་པ་ཐོན་ཡུལ་གྱི་ཐུ་མི་བསྡུས་པ་འདྲ་ཐོར་ཅོག་དང་ཐོར་ཚུགས་གཉིས་དོ་ཀེར་དང༌། ཐ་མ་དམན་པ་ཕྱི་མ་ཆུང་ངུ་ཐ་མ་ན་ཆུང་ངུན་ཐྲིག་ཐྲིག་ལྷམ་གྱི་སྒྲ། ཐུར་གྱེན་མིན་པའམ་ཐུར་མ་དང་ཐ་མལ་ཕལ་པ་རང་བཞིན་དང་ཐུལ་ཐར་ཐང་ཐེག་ཐོགས་ཐུམ་པོ་ཐིག་ལེ་ཐུག་ཐུགས་ཐོན་ཐུབ་པ་ཐུ་བ་ཐལ་འགྱུར་ཐོད་པ་ཐལ་བ་སོགས་ཐ་རྐྱང་ངོ༌། །༼མཐ༽ མཐོ་བ་མཐོན་པོའི་རིས་ཕྱོགས་སམ་རིགས་མཐའ་དག་པ་ཐམས་ཅད་མཐའ་ཀླས་པ་མཐའ་ཡས་སམ་མཐའ་གཏུགས་པ་མཐོང་མིག་གིས་རིག་པ་མཐོང་ལམ་སོགས། མཐའི་ཆར་ཐུག་པ་མཐའ་ལ་རེག་པ་ནུས་པའི་དོན་ཅན་གྱི་མཐུ་སྟེ་སྟོབས་དང་ངན་སྔགས་མཐུན་པ་མཚུངས་པ་གཅུགས་པ་འབྱོར་བ་མི་མཐུན་པ་སྔ་མའི་ལྡོག་ཕྱོགས། ལག་པ་སྣོད་སོགས་ཀྱི་མཐིལ་ལྟོ་བའམ་འོག་གི་ཆའམ་དཀྱིལ་ལམ་གཞི་ལྟ་བུ་མཐེ་བོང་ངམ་བོ་སོར་མོ་སྦོམ་ཤོས་མཐེའུ་ཆུང་སོར་མོ་ཕྲ་ཤོས། མཐོན་ག་དང་མཐོན་ཀ་དང་མཐིང་ག་སྔོན་པོའམ་སྔོ་བ་སྟེ་མིང་མཐའ་ཅི་རིགས་དྲང་ཞིང་མཐིང་ཁ་ལྟ་བུ་ལ་མཐིང་གི་ཁ་དོག་བསྡུས་ཀྱང་འགལ་བ་མེད་ལ་ཚུལ་འདི་རིགས་མཐུན་ཀུན་ལ་སྦྱོར་མཐང་སྨད་གོས་གྱོན་པ་མཐུག་པའམ་བོ་སྟུག་པོ་སྲབ་མིན། མཐར་གྱིས་རིམ་གྱིས་ཏེ་མཐར་གྱིས་པའི་སྦྱོར་བ་ལྟ་བུ་རྟའི་མཐུར་མགོ་མཐུར་ཐག་མཐོ་སོར་བཅུ་གཉིའི་ཚད་སོགས་གང་བ་ཁ་ཚང་བ་མཐུད་པ་བར་སྦྲེལ་བ་མི་འཆད་པར་བྱེད་པ། མཐོ་འཚམས་པ་འགྲན་པའམ་གནོད་པ་བྱེད་པ་མཐོ་བཙམས་པ་མཐོལ་བ་མི་གསང་བར་སྨྲ་བ་སྟེ་སྡིག་པ་བཤགས་པ་མཐོ་ཡོར་མི་བགྲེང་ལྟ་བུའི་རྡོ་རྩེག་སོགས་མཐོ་བ་མི་དམའ་བ་མཆོག །མཐོན་པོ་མཐོ་བའི་མིང་ཙམ་ལ་གོ་བའི་སྒྲ་རྒྱ་མཐོངས་རྒྱ་ཆེར་མཐོང་བའི་གནས་སམ་དཀྱིལ་ཁང་པའི་རྒྱ་མཐོངས་སོགས་ཡུལ་དབུས་ཀྱི་མཐའ་ལ་འཁོབ་པ་ཁྱབ་པའམ་གནས་པ་མཐའ་དོན་དྲུག་ལ་འཇུག་རྟག་ཆད་ཀྱི་མཐའ་སོགས། མཐིང་རིལ་ཆུ་བྱ་ཞིག་མཐིང་ཁ་སྔོན་པོ་དང་མཐོན་ཀ་ཆེན་པོ་མཐོས་མཐོང་ག་མཐས་ཀླས་པ་མཐུ་བོ་ཆེ་མཐེབ་མཐར་ཆགས་སོགས་མས་འཕུལ་ཐའོ། །༼འཐ༽ འཐབ་མོ་འཁྲུག་པར་གོ་ཞིང་འཐབ་པ་ཡང་འཐོན་པ་བཏོན་པའམ་འགྲོ་བ་མགོ་འཐོན་འཐོན་ཕྱག་ལྟ་བུ་དང་འབྱུང་པའི་དོན་ཡང་ཡིན་གྲོགས་དང་རྟ་སོགས་སུ་འཐམས་པ་འཁྱུད་པ་འཛིན་པ་བདག་བྱེད་པ་སྤྱོ་བ་ཤི་སྤར་འཐམས་པ་ལྟ་བུ། སྤྲིན་དང་རིག་པ་འཐིབས་པ་འཁྲིགས་པ་མི་གསལ་བ་ཆུ་དང་ནོར་འཐོར་བ་གཏོར་བ་འབོར་བ་ཁ་འཐོར་བ་འཐོར་ཞིང་འཐུང་བ་ཁྲུས་ཤིག་དང༌། བློ་དང་ལུས་འཐུམས་པ་གཏུམས་པ་མི་གསལ་བ་མགོ་འཐོམས་པ་འཁོར་བ་མི་ཤེས་པ་དུ་བ་དུད་པ་འཐུལ་བ་འཕྱུར་བ་གཏུལ་བ་ཚོས་པ། སྲ་བའི་དོན་ཅན་གྱི་འཐས་པ་མཁྲེགས་པ་ཤིན་ཏུ་ཞེན་པ་འཐེམས་ནན་ཞེས་པ་ནན་ཏན་གྱི་དོན་འཐེམས་པ་མི་འཕྱུག་པ་ཆད་ལྷག་སྤོང་བ་ཁ་ཚང་བ་མནན་པ་འཐན་པོ་བརྟན་པོ་ནན་པོ། ཆུ་སྦྲང་རྩི་ཇ་འཐུངས་པ་བཏུང་བ་འཐུང་ཡང་འཐད་ཤ་སྤུ་ནས་འཐེན་པ་ཚུར་འདྲེན་པ་ཚན་གྱིས་འཁྲིད་པ་ལྟ་བུའི་དོན་ཡིན་ཞིང་མེ་ཏོག་སྤུ་འཐོག་པ་གཏོགས་པ། སྨོད་པའི་ཚིག་དང་འཐིང་སླད་གཉིས་དོན་གཅིག །འཐེན་པ་རྔུབ་པ་འཐུང་བ་འཇོག་པ་ཕྱིར་འཐེན་པ་འཐད་པ་རིགས་པ་འོས་པ་རུང་བ་འདོད་པ། སྐྱིད་ཟས་སོགས་ལ་འཐུ་བ་དང་འཐུས་པ་འདུ་ཆ་རྒྱབ་པ་བཏུ་བ་འགྲིག་པ་ཚོགས་པ་འཐེ་བ་ཕྱེ་མ་ཞིབ་མོར་འཐག་པ་བཏགས་པ་འཇོམས་པ་ཐག་འཐག་རང་འཐག །ཞ་བ་ཡན་ལག་ཉམས་བ་འཐེང་པོ་གྱོལ་པོ་རྐང་པ་རིང་ཐུང་མི་མཉམ་པས་འཐེང་ནས་འགྲོ་མཁན་ཏེ་ཞ་ཞིང་འཐེང་བ་ཡང་མལ་གོས་ཉལ་ཆས་འཐེབ་པ་ལྷག་པོ་ལྷག་པ་ཉིད་ཀྱིས་འཐུམ་པ་གཏུམས་པ་གཡོགས་པ། དུམ་བུ་ཚལ་བར་འཐུབ་པ་གཏུབས་པ་དང་འཐབས་པ་ནན་ཆགས་འཐེམས་འཐན་པ་ནན་ཏན་བྱེད་པའམ་བརྟན་པ་སོགས་འས་འཕུལ་ཐའོ། །༼ད༽ གང་ཟག་གཞན་གྱི་དྲིང་ཞེས་པ་ཚུལ་ལམ་འདྲིན་པའམ་ལུགས་ལ་རེ་ལྟོས་མི་འཇོག་པ་སྟེ་གཞན་ལ་རག་མ་ལས་པ་བཀའ་དྲིན་སྐུ་དྲིན་ཞེས་པ་ཕན་བཏགས་པའམ་བྱས་པ་དྲན་པ་མི་རྗེད་པའི་སེམས་པ། དྲིལ་བུ་དྲི་ལ་ཆེན་དྲིལ་ཆུང་དྲི་སྣའི་ཡུལ་མཆོག་བཟང་པོ་སྟེ་ཁ་ཆེ་སྐྱེས་ལྟ་བུ་དྲ་བ་དྲ་ཕྱེད་མཆོད་རྫས་ཀྱི་ཁྱད་པར། སྔ་དྲོ་ཞོགས་པ་ཕྱི་དྲོ་དགོངས་ཀའི་དོན་དྲི་བ་ཞུ་བ་གཏམ་འདྲི་བའི་མིང་ཙམ་དྲིས་པའི་ལན་ཞུས་ལན་དྲི་བ་བྱས་པའི་ལན། གདུལ་བྱ་འགའ་ཞིག་ཟབ་དོན་ནམ་བསྟན་པ་ལ་ཁ་དྲང་བར་བྱ་བའི་དོན་ཅན་གྱི་གསུང་སྟེ་ངེས་དོན་མིན་པ་གཡུང་དྲུང་འགྱུར་མེད་རྟག་པ་དང་བཀྲ་ཤིས་པའི་མཚན་རིས་དྲང་པོར་སྲོང་བ་ཐུབ་པ་སོགས་དྲུག་གྲངས་ཀ་ཞིག །ཁྲིམས་ངོ་ཚ་ཆུ་དྲལ་བ་འཇིག་པ་འཇོམས་པ་རལ་བ་ལྕམ་མོ་དང་དྲལ་པོ་མིང་སྲིང་ཟས་ཐུག་སོགས་དྲངས་པ་དྲང་བ་འབྲིམ་པ་དྲོངས་ཤིག་ཅེས་པ་དྲང་བའི་སྐུལ་ཚིག་ངེས་པ་དྲོངས་པ་ངེས་པ་རྙེད་པ། དྲང་པོ་བཤན་པོ་མི་འཁྱོག་པ་བདེན་པའི་དོན་ཤིང་དང་ཞབས་ཀྱི་དྲུང་རྩ་བ་ཉེ་བ་ཞེ་སའི་བརྡ་དྲུང་འཁོར་དྲུང་ཡིག་སྤུན་དྲུང་དྲེལ་དུད་འགྲོ་དྲེའམ་དྲེའུ་དྲེའུ་རྡོག་སྟན་ཁྲ་བོ་པར་ཏང་གྲུམ་ཙེ་དོན་གཅིག །མོན་དྲེ་དང་སྨིན་དྲུག་གཉིས་རྒྱུ་སྐར་གྱི་བྱེ་བྲག་མ་དྲོས་པ་མི་དྲོ་བའམ་བསིལ་བ་སྟེ་ཀླུ་རྒྱལ་ཞིག་ཡིན་དེ་གནས་པའི་མཚོ། དྲེག་ནི་ནད་ཀྱི་ཁྱད་པར་དྲེག་པ་ནག་པོ་ཆགས་པའི་དྲི་མའམ་ལྗན་ལྗིན་དྲི་མ་དྲེག་པ་དྲི་ནག་དང་ཉོན་མོངས་སམ་སྐྱོན་དང༌། ཁ་དྲག་པ་ཁ་མཁས་པའམ་ཁ་བཙན་པ་དྲག་ཞན་སྐུ་དྲག་དྲག་པོའི་ཤུལ་ལྡན་པ་ཁྲོ་བའི་རྣམ་འགྱུར་ལུས་ངབ་ཏུ་དོད་པ་ས་དང་མོ་མཚན་སོགས་ལ་གཟན་དང་ཕོ་མཚན་དྲུད་པ་འདྲུད་པ་སྦྱར་ནས་འཐེན་པའམ་འཕུལ་བ་ལྟ་བུ་དྲུད་ཅིག་ཀྱང༌། དྲོད་དྲོན་མོ་བསིལ་དྲོད་དང་དྲོ་བ་ཚ་བ་དྲོས་པ་ཟན་ཟས་དྲོན་མོ་དྲོ་པོ་གཡོས་ཟན་དྲིལ་བ་སྒོང་བ་སྒྲིལ་བ་སྡེབ་པ་ལྟབ་པ། དྲེད་མོ་གཅན་གཟན་ཞིག་ལྤགས་པ་པགས་པ་གོས་མིང་དྲས་པ་གྲི་སོག་གིས་འདྲ་བའམ་གཤགས་འདྲ་བ་དྲུབས་པ་འཚེམ་པའམ་རྨ་ཁ་གསོ་བ་དྲེས་མ་ཐག་པ་སོགས་བྱ་རུང་བའི་རྩྭ་ཞིག་ཐག་པས་དྲགས་པ་སྡོམ་པ་དྲོགས་ཤིག་སྡོམས་ཤིག །དྲེད་པོ་གྱོང་པོ་མ་དུལ་བ་ཆོས་དྲེད་ཞབས་དྲེད་དྲུ་བ་སྒྲོ་གུའི་དོན་དྲ་བ་སྐུད་པ་འབྲེལ་བའི་སྣོད་ཉ་རྒྱ་ལྟ་བུ་དྲ་ཕད་སྒྱུ་དྲ་དྲ་མིག་རྟོག་པའི་དྲ་བར་གོ་དྲངས་པ་འདྲེན་པ། དྲིལ་ཆེན་བསྒྲགས་པ་ཁྲིམས་བསྒྲགས་པ་སོགས་དྲ་མ་མཁས་པ་ཡ་རབས་ཕུལ་ཕྱིན་ལེགས་པའི་དོན་གནས་སུ་དྲོངས་འདྲེན་པའི་སྐུལ་ཚིག་གམ་ཚོགས་པ། །དྲེགས་པ་རྒྱགས་པ་ཁེངས་པ་དྲུང་པ་རྩ་བའམ་རྩད་ནས་ཕྱུང་བ་བཏོན་པ་སུན་ཕྱུང་ཡིད་ཕྱུང་ཁ་ཡི་དྲོག་ཁ་སྐྱིད་པ་འཚེངས་པ་ཚིམ་པ། ནད་དྲག་ནད་ལས་གྲོལ་བ་དྭ་ཕྲུག་ཕ་མ་མེད་པའི་བུ་དཱ་བ་སྨན་དང་རྒྱ་གྲོ་མ་ལྟ་བུ་ཞིག་ལ་གོ་བའི་འབྲུ་འབྲས་བུ། ཐལ་ཆ་ཆེ་བའི་དོན་ཅན་གྱི་དྲགས་པ་སྟེ་བཤད་དྲགས་པ་ཆེ་དྲགས་པ་ཆུང་དྲགས་པ་དང་དྲེད་དྲུས་ཚེམ་དྲུབ་དོར་དོ་གལ་དྲང་བ་དྲག་པ་མཁས་པ་བཙན་པ་ཤུགས་ཆེ་བ་མཐོ་བ་མཆོག་འགྲིག་པ་དྲིས་ཤིག་སོགས་ད་རྐྱང་ངོ༌།། ༼གད༽ གདུགས་ཉི་ཆར་སྒྲིབ་བྱེད་མེད་པ་གདོང་པ་བཞིན་རས་ཁ་མདུན་གདུགས་ཉིན་པར་རམ་ཉི་མའམ་ཉིན་བྱེད་ཀྱིས་གདུངས་པ་གདུང་བ་ཚ་བར་བྱེད་པའམ་མནར་བ། གདོན་མི་མིན་གྱི་གནོད་བྱེད་ལྟར་དཔེ་སྒྲ་གདུག་པ་མ་རུངས་པ་མི་བཟད་བའི་དོན་གདོལ་པ་དམངས་རིགས་ཀྱི་བྱེ་བྲག་གདུལ་བ་བཏུལ་བ། གདམས་བྱའི་ངག་ཕན་པའི་ངག་གསལ་གདབ་པ་བཏབ་པ་བརྗེད་དུ་མི་འཇུག་པ་གདིང་བ་དགེ་ཚུལ་སློང་གི་ཡོ་བྱད་ཅིག་དང་མལ་གདིང་དང་བཏིང་བ་གདན་སྟན་གདན་བུ་གདན་འདྲེན་གདན་ས། ལག་རྐང་གཔུང་པའི་གདུ་བུ་མཛེས་རྒྱན་གདང་གོས་སོགས་འགེལ་ས་དཔྱང་ཐག་དང་དྲེ་གདང་སོགས་དང་གདུང་མ་ཀ་བའི་གདེག་བྱར་གོ་གདགས་པ་བཏགས་པ། གདུང་ནི་རུང་སམ་འཕེལ་གདུང་སྐད་སྒྲའི་གདངས་དབྱངས་འཛེག་པའི་སྐས་ཀྱི་གདང་བུ་སྐས་རིམ་མམ་སྐས་ཐེམ། གདུང་རུས་པའི་ཞེ་ས་བརྒྱུད་པ་བར་མ་ཆད་པ་གདུང་རུས་སམ་རིགས་འཛིན་པ་པོ་འཚོབ་པ་པོ་གསོལ་བ་གདབ་པ་བདག་ཅག་ལ་དགོངས་སུ་གསོལ་བར་ཞུ་བ་གདོན་པ་བཏོན་པ། གཉེར་བ་དང་གདམས་པ་གཉིས་གཉེར་གཏད་བྱེད་པ་ཡང་ན་གཉེར་བར་གདམས་པ་བཅོལ་བ་དང་གདམས་པ་གཉིས་གཏམས་པ་རྙེད་པ་ནོར་ལ་གདུ་བ་ཞེན་ཅིང་ཆགས་པ་ཐུག་པ་གདུ་བ་གར་པོ་བྱེད་པ། མིང་ཐ་སྙད་གདགས་པ་བཏགས་པ་སྦྱར་བ་སྙུན་ནད་གདངས་པ་དྲག་པ་ས་བོན་སྐྱེད་བྱེད་གདབ་པ་བཏབ་པ། ཁ་སོགས་གདངས་པ་ཕྱེ་བ་བགྲད་པ་མཚོན་ཆ་གདེངས་པ་འཕྱར་བ་གཟས་པ་གདོན་མི་ཟ་བ་ཐེ་ཚོམ་མེད་པ་ངེས་པ། ད་གདོད་ད་གཟོད་དེ་ད་ལྟ་ལྟ་བུའི་རྗེས་ཀྱི་དུས་སོས་གདལ་བདེ་བར་གནས་པའམ་སྙོམ་ལས་གདེང་ངེས་པ་སྤོབས་པ་ཚད་ཡིད་བརྟན་རྒྱུ་མཚན་རྩིས་ཐོབ་པ་རྙེད་པ་གདའ་འདུག་གམ་མངོན། གདོས་པ་གྲུའི་རྣ་བའམ་རླུང་གཡོར་ཏེ་གྲུའི་དར་པོ་ཆེ་ཐུད་གདར་མར་ཆུར་བསྲེས་པའི་ཐུད་གྲུ་བཞི་ལྟ་བུ་མར་གདར་ཡང་སྲང་འཇལ་བྱེད་ལ་གོ་གདེག་པ་བཏེག་པ་འཇལ་བ། གདགས་པའི་བསྟན་བཅོས་མངོན་པ་སྡེ་བདུན་གྱི་གཅིག་སྟེ་མོའུ་འགལ་གྱི་བུས་བརྩམས་པའམ་བསྡུས་པ་གདམ་ང་འདམ་ཀ་བྱེད་པ། གདེངས་ཀ་ཡོད་པ་ཅན་ཀླུ་རྒྱལ་སོགས་གདུལ་བྱ་སེམས་ཅན་ནམ་རྟ་ལྟ་བུ་དམ་ལ་གདགས་པ་བཏགས་པ་གཞག་པ། ཁྱབ་གདལ་གནས་ལུགས་དང་ཡོངས་གྲགས་གདོད་མ་ཐོག་མ་ནས་མིང་གདགས་བྱའི་གཞི་གནས་ཏེ་བདག་གི་ཕུང་ལྔ་ལྟ་བུ་བྲལ་མེད་པ། ཁྱིམ་བདག་གདངས་ཅན་ཐུབ་པའི་སྦྱིན་བདག་ཡིན་ལ་དེས་ཕུལ་པའི་ཀུན་དགའ་ར་བ་དང་ལག་གདུབ་སོར་གདུབ་གདུབ་ཀོར་གདབ་པ་གདལ་བ་གདས་པ་སོགས་གས་འཕུལ་དའོ། །༼བད༽ བདག་ངའམ་ངེད་ཐ་མི་དད་ཀྱི་གཅིག་རང་བཞིན་དབང་བ་བདེན་པ་རྣལ་མ་ངོ་མ་མི་སླུ་བ་དྲང་པོ་བདུད་འཆི་བྱེད་གནོད་བྱེད་བར་ཆད་བདུན་གྲངས་ཤིག་མདུན་གྱི་ཕྱོགས་ཉིད་དུ་བདར་བ་གྲལ་སྒྲིག་པ། བདེ་བ་སྐྱིད་པ་དགའ་བ་སིམ་པ་བདོ་བ་དར་བ་འཕེལ་བ་ཟས་ཐུག་སོགས་བདའ་བ་རོ་ཞིམ་པ་མེ་ལ་བདུག་རྒྱུའི་སྤོས་བདུག་པ་བདུག་བྱ་དང་འདུག་བྱེད་པ། བདའ་བ་དང་དེད་པ་གཉིས་རྗེས་སུ་འདེད་པའམ་མིང་ཙམ་བདག་པ་པོ་དབང་བ་པོ་གཙོ་བོས་བུ་ལོན་ཕྱུགས་སོགས་བདའ་བ་འདེད་པའམ་དབང་མེད་པའི་དོན་ཡིན་ཞིང་བདས་པ་དེད་ཟིན་པ། བདེ་བ་ལེགས་པའམ་བཟང་བར་གཤེགས་པ་སོང་བའམ་རྟོགས་པ་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་བདེ་ཞིང་ལེགས་པ་དགེ་ལེགས་བདེན་པ་མི་སླུ་བ་བདར་བ་བཤད་པ། གཞུ་མདའ་སྟན་བདུངས་པ་བཀུག་པའམ་བཀང་བ་བདོག་པ་ཡོད་པ་དང་ནོར་རྫས་ལ་སོགས་པའི་མིང་སྐྱེལ་བདར་སྐྱེལ་གླ་ཕེབས་སྐྱེལ་བྱས་པའི་རྔན་པ་བདར་བ་སྦྱིན་པ་བདོག་པ་ཡོད་པའམ་འདུག་པ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཡོད་པ་གཉིས་དང་བདེན་བཞི་སོགས་བདུད་འཆི་བ་རྩི་འཇོམས་བྱེད་ཀྱི་རྫས་ཏེ་མི་འཆི་བའམ་འཆི་མེད་ཀྱང་ཟེར་ཕྱེ་མ་ཞི་མོར་ཚནྡན་སོགས་བདར་བ་བརྡར་ནས་ཕྱེ་མར་བྱེད་པ། ཕྱག་བདར་འཕྱག་པའི་མིང་ངམ་ཕྱག་ཅིང་བདར་བ་ཕྱི་བདར་ཕྱི་བའི་མིང་ངམ་ཕྱི་ཞིང་བདར་བ་དང་བདུགས་བདག་ཉིད་བདག་གི་བ་བདག་ལྟ་སོགས་བས་འཕུལ་དའོ། །༼མད༽ མདའ་ཉག་ཕྲན་ནམ་ལུང་པའི་མཐའ་མེ་མདའ་མདའ་ཚད་མ་སྐར་མདའ་མདུང་མཚོན་ཆ་ཞིག་འཕང་མདུང་སོགས་མདེའི་མདའ་ཆུང་བ་མེ་མདའ་སོགས་ཀྱི་མདེལ་ལམ་ལམ་བཞི་དང་སུམ་མདོ་འཛོམས་འགག་དན་ཀའི་དོན་མདོས་ཡས་སྟགས། མདུན་དྲུང་སྔུན་ཉེ་བ་མདོངས་སྒྲོ་ཐིག་གམ་དཔྲལ་བའི་ཐེག་ལེ་མདོག་ཁ་དོག་གམ་བཀྲག་མདངས་ཚོན་སོགས་ཀྱི་བཀྲག་གམ་གཟི་བྱིན་མདོ་ཉུང་ངུར་བསྔུས་སྡུད་པ་མདོ་སྡོམ་པ་དཀྲི་བ་མདོ་སྡེ་མདོ་ཕྱོགས་མདོ་སྔགས། མདངས་ཁ་སང་མདངས་དགོངས་དང་མདང་ཞེས་ཀྱང་འཐད་སང་ཉིན་མདོང་གསོལ་ངོ་དགའ་བསྟོད་པ་འདུན་པ་ར་མདའ་རོགས་སམ་དཔུང་དང༌། མདུད་པ་བཅིངས་པ་གོས་མདུད་མདུད་པོ་བོར་བ་དང་མདག་མ་མིག་མདོངས་མདན་པ་ལ་སོགས་མས་འཕུལ་དའོ། །༼འད༽ མྱ་ངན་སྡུག་བསྔལ་འདའ་བ་དང་འདས་པ་གཉིས་རྒལ་བ་འཆི་བ་ཟད་པ་དང་ཕྱི་མ་འདི་དུས་གསུམ་གྱི་གཅིག་འདུན་པ་དོན་གཉེར་འདོད་པ་གུས་པས་འདུད་པ་བཏུད་པ། འདམ་པ་འཇིམ་པ་འདམ་སྐྱེས་ཁྲོད་ནང་འདུར་འདུར་འགྲོ་ཚུལ་འདོང་པ་འགྲོ་བའི་མིང་ཡིན་ཞིང་འདུག་པ་སྡོད་པ་གནས་པ་ཡོད་པ་མངོན་པ། སྒྲ་དང་བྱ་བ་སོགས་ནང་འདོམ་པ་དུས་སམ་ཕྱོགས་གཅིག་ཏུ་ཚོགས་པ་འཛོམ་པ་རྗེས་སུ་འདེད་པ་བདའ་བ་སྐུལ་བ་གསོལ་བ་འདེབས་པ་གདབ་པ་ཞུ་འབུལ་བྱེད་པ་འདོན་པ་བཏོན་པ་ལག་ནས་འདོན་པ་སོགས། ལྷ་འདྲེ་མི་མ་ཡིན་འབྱུང་པོ་ཤིང་འདྲུད་པ་དྲུད་པ་ཁུང་བུ་ག་འདྲུ་བ་དྲུས་པ་རྐོ་བ་སྔོག་པ་རྟོལ་བ། འདུ་བྱེད་ལས་སམ་རྩོལ་བ་དང་དངོས་པོ་སོགས་འདུས་ཤིང་བྱས་པ་མི་རྟག་པ་དངོས་པོ་རྒྱུ་འབྲས་འདྲེས་མ་འདྲེས་པའི་མིང་ཙམ་འདྲེ་བ་ཆུ་འོ་མཉམ་དུ་འདུས་པ་འདྲ་སྙམ་པ་མཚུངས་པ་དྲས་པ། འདྲུལ་པ་རུལ་བའི་དོན་གཏམ་གླེང་མོ་འདྲི་བ་དྲིས་པ་དྲི་བ་བྱེད་པ་ཡི་གེ་འདྲི་བ་འབྲི་བ། འདྲིད་པ་སླུ་བ་མགོ་སྐོར་བའི་དོན་ལ་འཇུག་ཅིང་ཁྲིམས་དང་ཆུ་ངོ་ཚ་འདྲལ་བ་དྲལ་བ་སྲོག་སོགས་འདོར་བ་གཏོར་བ་སྤོང་བ་འབོར་བ་དོར་བ་འདར་བ་འགུལ་བ་འཕྲིག་པ། འདེགས་པ་བཏེག་པ་འདི་ཐག་ཉེ་བ་དང་ད་ལྟ་བ་ཆོས་འདི་པ་འདོད་པ་ཁས་ལེན་པ་ཆགས་པ་དགའ་བ་མོས་པ་འདུལ་བ་འདུལ་བྱེད་དམ་འདུལ་པོ་དང་སྡེ་སྣོད་གསུམ་གྱི་གཅིག་དང་འདུལ་སྦྱོང་གིས་འདུལ་བ་བཏུལ་བ་གདུལ་བ། འདམ་བུ་འདམ་རྩྭའི་མིང་འདབ་མ་ལོ་མ་གཤོག་པར་གོ་འདབ་མ་གཤོག་པ་ཆགས་པ་ལྡན་པ་སྟེ་བྱ་འདུ་བ་འདུས་པ་ཚོགས་པ་ནོར། རི་བོའི་འདབས་རི་ངོགས་སམ་ལོགས་འདབ་ཀྱང་འཐད་འདོལ་ས་ས་གཤིན་པོའམ་ལེགས་པར་གོ་འདག་གུ་སྐྱོ་མའམ་སྤགས་འདག་པ་ལྕེས་ལྡག་པ་དང་འདམ། བློ་དང་རྟ་སོགས་འདྲོག་པ་དོགས་ནས་འཛུར་བ་དཀྲོགས་པ་ཁུར་དྲགས་པ་ཞབས་རྐང་པ་འདྲེད་པ་དྲེད་པ་རྡོག་སྟབས་ཤོར་བ་ལྟ་བུ་འདྲད་པ་དྲད་པ་བརྡར་བ་སེན་མོས་འདྲུད་པ་ལ་ཐོབ་ཅིང་འདྲུད་པ་དྲུད་པ། འདྲེན་པ་པོ་ཐུབ་པ་ལྟ་བུས་དྲང་བྱ་དྲངས་ཆོས་བསླབ་བྱ་འདོམས་པ་གདམས་པ་སྟོན་པ་འཆད་པ་སློབ་པ་དགེ་བ་ལ་འདུན་པ་དོན་དུ་གཉེར་བའམ་ཚོགས་པ་ཡང་ན་དགེ་བའི་ཚོགས་འདུས་པ་འདུ་བའམ་ཚོགས་པ། འདོ་མེད་བཟོ་མེད་དམ་གནད་མི་ཤེས་པ་གླེན་པ་ལྟ་བུ་འདོམས་གསང་གནས་སུ་གོ་འདོམ་པ་ཁྲུ་བཞིའི་ཚད་གཞུ་འདོམ་གང་བ་ཁ་ཚང་བ་འདོགས་པ་བཏགས་པ་གདགས་པ། འདོད་པ་ཆགས་པའི་ཡུལ་དང་ཡུལ་ཅན་འདུ་ཤེས་བསམ་པའམ་མཚན་མར་འཛིན་པ་འདུ་འཛི་གཡེང་ཡུལ་ལམ་ཆུང་མ་ལ་སོགས་པར་གོ་འདྲིས་པ་གོམས་པ་རྒྱུན་དུ་འགྲགས་པ། སྐྲ་འདྲེག་པ་གཅོད་པ་བཞར་བའི་མཁན་པོའམ་བྱེད་པོ་འདེང་བ་འགྲོ་བའམ་གཞན་དུ་གཏོང་བའི་ཕྱིར་ཆེད་འདོ་བ་རྟའི་འདམ་པ་འདམ་ཀ་བྱེད་པ། འདི་ལས་འདས་པ་པོ་གཤིན་པོ་འཆི་པོའི་དོན་འདད་པ་སེམས་ལ་འཕྲེང་བའམ་ཆགས་སེམས་སོགས་ཀྱིས་འཁོར་འདབ་འཁོར་ཉེ་དུ་བཅས་འདུམས་པ་མཐུན་པ་ཚོགས་པ་འགྲིག་པ་སྡོམ་པ་འདུན་ཡང་སྣང༌། མིང་བླ་དྭགས་འདོགས་པ་བཏགས་པ་ཆུ་སོགས་འདལ་བ་དལ་བ་དལ་པོའི་བྱ་ཚིག་སྐྱོ་མ་དང་སྣག་ཚ་འདལ་བ་ཁྱབ་པ་དལ་གྱིས་འགྲོ་བ། འདག་ཆལ་ཁྲུས་རྫས་སམ་འདག་བྱེད་ཀྱི་རྫས་བ་བྱང་གོ་འདུན་སྣ་ཚོགས་པ་དེ་མ་འདྲོག་དེ་མ་ཐག་གམ་དེ་བློ་འདྲོག་མ་སོང༌། དྲི་མ་སོགས་འདག་པ་དག་པ་སྦྱོང་བ་དང་འདུན་ས་འདྲེན་མ་འདྲི་བ་འདུམ་པ་སོགས་འས་འཕུལ་དའོ། །༼རྡ༽ གྲོང་རྡལ་གྲོང་གིས་ཁྱབ་པའམ་གྲོང་ཁྱེར་མཐར་གྲོང་ཐར་ཐོར་རམ་ལྗོངས་ཐོག་དང་མཐིལ་རྡིབ་པ་ཕྱི་ནས་ནང་དུ་འབུར་བའམ་ལྷུང་བ་ལྟ་བུ་རྡོ་བའི་རྗེ་བོ་ཕ་ལམ་ལ་སོགས་པའི་མིང་རྡུལ་སྤབས་ཟླ་མཚན་སྐྱོན་གྲངས་ཅན་པའི་ཡོན་ཏན་གསུམ་གྱི་གཅིག་རྡོ་རྗེའི་རྡུལ་གནམ་ལྕགས། རྡོ་བ་སྦེད་བྱེད་རྡེའུ་རྡེལ་རྡོ་ཆུང་ངུ་དང་ནད་ཀྱི་ཁྱད་པར་དང་རྩིས་རྡེལ་རྡོག་པོ་རྡོག་མ་རིལ་བུའམ་གོང་བུ་ཉག་མ་འབྲུ་རྡོག་པོ་གཅིག་ལྟ་བུ་རྡེགཔ་རྡུང་བ་བཅུག་པ་འདྲེས་པ་སོགས་ཀྱང་གོ་རྡུགས་པོ་ཐོགས་པ་ཐབས་རྡུགས་པོ་ལྟ་བུ། རྡུང་འཚོག་རྡུང་རྡེག་དང་རྡུང་བ་དཀྲོལ་བ་སྣུན་པ་གཏུབས་པ་འཁྲབ་པ་མཉེད་པ་རྒྱབ་པ་ཕེག་རྡོབ་རོལ་མོ་ཞིག་དང་ལག་པ་རྡེབ་པའི་མིང་ཙམ་ཕེབ་རྡོབ་ཀྱང་སྣང་ཆ་ལང་རོལ་མོ་ཞིག་རྡེབ་པ་བརྡབ་པ་དཀྲོལ་བ་སྤྲུག་པ་རྒྱབ་བ། གློ་རྡེག་མགྱོགས་པ་སོགས་རྡབ་ཅིང་འཆལ་བ་གཏད་མེད་དུ་འགྱེལ་བའམ་འགག་རྡབ་པ་ལུས་པོ་རྡོས་གཏོས་སམ་བོངས་ཚོད་ཆེ་བ། ལག་པ་དང་མཇུག་མ་སོགས་རྡུམ་པ་མེད་པའམ་ཆད་པ་གློ་ལྟོ་བ་རྡོལ་བ་རྟོལ་བ་འཐོན་པ་བརྡོལ་བ་དབུ་བ་ལྦུ་བ་རྡོས་པ་ཐོན་པ་ཐོགས་པ། གྲི་སོགས་རྡོར་བ་རྣོ་འདོན་པ་བཀན་ནས་འདྲུད་པ་བརྡར་བ་རྡོར་ཅིག་ཀྱང་རྡོལ་ཆོས་རྩིང་ཆོས་སམ་སྤྱོད་རྩིང་དང་རྡབ་པ་རྡུལ་ཕྲ་རབ་རྡུལ་ཕྲན་རྡལ་བ་རྡོ་རྗེ་སེམས་དཔའ་རྡོ་རྗེ་ལྟ་བུའི་ཏིང་འཛིན་སོགས་རར་བཏགས་དའོ།། ༼ལྡ༽ ནམ་མཁའ་ལ་ལྡིང་བ་འཕྱོ་བ་གཡོ་བ་བྱ་སྤྱི་དང་ཁྱུང་འབྲུག་སྒྲ་བརྒྱ་ལྡིར་བ་སྒྲ་འབྱིན་པ་ལྡིར་སྐད་སྒྲོག་པ་ལྡབ་ལྡིབ་མི་གསལ་བ་གསང་པོ་མེད་པའི་སྐད། ལྡ་ལྡི་མཆོད་རྫས་ཤིག་ལྡེ་མིག་སྒོ་ལྕགས་འབྱེད་བྱེད་ཡོད་པའི་དོན་ཅན་གྱི་ལྡན་པ་བཅས་པ་མཐུན་པ་འགྲོགས་པ། མགོ་ལྡོག་མགོ་འཇུག་ལོག་པའམ་ཕྱིན་ཅི་ལོག་པ་ལྟོ་བ་གྲོད་པ་ལྡིར་བ་འབུར་བ་ལྟུག་པ་རྒྱ་ཆེ་བ་ལྡུར་ལྡུར་ཤིན་ཏུ་ཚོས་པ་སིལ་བུར་གྱུར་བ་ལྡུགས་པ་བླུག་པ་བཅུག་པ། སེང་ལྡེང་ཤིང་ངམ་སྨན་ཞིག་ལྡེམ་ལྡེམ་མཉེན་ལྕུག་གམ་གཡོ་ཚུལ་ལྡེར་བཟོ་འཇིམ་བཟའི་དོན་ལྡེབས་ལོགས་པ་ལེབ་མ་ཤོག་ལྡེབས་སོགས། ལྡོང་རོས་ཚོན་ནམ་སྨན་ཞིག་ངད་དྲི་སོགས་ཀྱི་ཤུགས་སམ་ནུས་པ་ལྡང་བ་འཐུལ་བ་ལང་བ་ལྡེ་གུ་སྨན་སོགས་ལྡིར་བའི་སྐྱོ་མའམ་བག་ཟན་སླ་བ་ལྟ་བུ་བྱུག་པ་འབྱུག་པ། རྗེས་སུ་འཇུག་པ་འགྲོ་བའམ་ལེན་པ་ལྡོག་པ་འདོར་བ་མི་མཐུན་པ་ལོག་པའམ་མེད་པ་ལྡོབ་པའམ་ལྡོབས་པ་ནི་སློབ་པ་སྐྱེན་པ་མྱུར་བ་སྟེ་ཤེས་པར་སླ་བ་ཕྱིར་སླར་མི་ལྡོག་པ་མི་ལོག་པ་བརྟན་པ། སྐོམ་བཏུང་ལྡུད་པ་བླུད་པ་སྦྱིན་པ་མེ་དང་ཉི་མ་ལྡེ་བ་སྲོ་བའམ་ཚ་བར་བྱེད་པ་མིང་གི་དོན་ཅན་གྱི་ལྡེ་དཔལ་ལྡེ་སྐྱིད་ལྡེ་འོད་ལྡེ་ཁྲི་སྲོང་ལྡེའུ་བཙན་སོགས། ལྡུམ་བུ་སྔོའམ་ཚལ་གྱི་ར་བ་ཚལ་ཞིང་དང་སྐྱེད་ཚལ་ལྟ་བུའི་མིང་ལྡུམ་བུ་རྩྭ་སྔོན་ནམ་སྣེའུ་ལྡབ་ལྡོབ་མཉེན་པའམ་སྙི་བ་དང༌། བཅོམ་ལྡན་འདས་སངས་རྒྱས་ལྡེམ་པོ་འཁྱོག་པོར་དགོངས་པ་བསམ་པ་མཐའ་དྲུག་གི་གཅིག་དྲིས་པའི་ལན་ལྡོན་པ་འཇལ་བ་འདེབས་པ། བསྐྱར་བ་དང་ལྡབ་པ་གཉིས་ཡང་ཡང་དང་ཟློས་པ་ཉིས་ལྡབ་ཉིས་འགྱུར་སུམ་ལྡབ་ལྡབ་ལོག་སོགས་ལྷག་མ་ལྷག་པོ་ལྡས་པ་ལས་པའམ་ལུས་པ། ལྡན་པ་ཁའི་འགྲམ་པ་མདན་པའི་སྡེབ་ཀྱང་རུང་སོ་ཚེམས་ལྡེར་པ་གཡོ་བ་བླད་པ་ཟ་བ་མིག་ལྟ་བྱེད་ཀྱང་ལྡོབས་པ་ལོང་བ་མདོངས་ཀྱང་རུང༌། ནེའུ་ན་ཚོད་ཆུང་ངུའམ་ན་ཚོད་ལྡང་མཉམ་པ་སྟེ་ན་མཉམ་ན་ཟླ་ལྡོམ་བུ་བསོད་སྙོམས་ལྡོམ་བུ་བ་བསོད་སྙོམས་པ་སྟན་གདན་ལས་ལྡང་བ་ལང་བ། བསྟན་བཅོས་དང་གོས་སོགས་ཀྱི་ལྡང་བ་ཁ་ཚང་བའི་ཚད་དང་ལྡག་པ་ལྡེམ་པ་ལྡིང་ཐག་ལྡད་པ་ལྡེའུ་མིག་ལྡེག་སོ་རྗེས་སུ་འགྲོ་ལྡོ་གཞན་སེལ་གྱི་ལྡོག་པ་ལ་སོགས་ལར་བཏགས་དའོ།། ༼སྡ༽ ཞེ་གཏིང་ནས་སྡང་བ་ཁྲོ་བ་གནོད་པ་སྡང་བའི་མིག་མིག་ལོག་སྡིགས་མོ་བྱེད་པའི་མཛུབ་མོ་སོར་མོ་ཞིག་སྡིག་པ་གཤེ་བ་འཇིགས་སུ་འཇུག་པ་འབེན་ལ་གཟིར་བ། སྡར་མ་དཔའ་མིན་ནམ་སྙིང་སྟོབས་ཆུང་བདེ་བ་དགེ་འབྲས་སྡུག་བསྔལ་མི་དགེ་བའི་འབྲས་བུ་དང་སྐྱིད་སྡུག་དགེ་བ་ལེགས་སྤྱད་བཅུ་ལྟ་བུ་སྡིག་པ་མི་དགེ་བ་བཅུ་སོགས་དང་ངན་པ་སྡོམ་པ་སྤོང་བ་སྡུད་པ་སྲེ་བ་འཆིང་བ་སྡོམ་ཚིག་ལྟ་བུ། སྡིངས་གཏིང་ངམ་ཞེ་དང་དཀྱིལ་དབུས་སོགས་ཀྱི་དོན་སྡོང་པོ་ཡལ་ག་གྱེས་པའི་རྟེན་ནམ་ལྗོན་པའམ་རྩ་བ་སྡོང་བུ་སྡོང་པོ་ཆུང་བའི་དོན་སྡེ་མང་པོའི་ཚོགས་སམ་ཚོམས་རང་སྡེ་གཞན་སྡེ་སྡེ་བཞི་ལྟ་བུ། ཚེ་སྲོག་དང་སྡོ་བ་བརྗེ་བ་སྡུར་བ་སྲོག་གཏོང་བའི་དོན་ཡིན་ཞིང་སྡེ་ཚན་དུམ་བུ་བམ་པོ་ཚོ་སྡེབ་པ་སྦྱོར་བ་སྡོམ་པ་འགྲོགས་པ་སྒྲིག་པ། སྲོག་ཆགས་སེམས་ལྡན་ཆུང་བའི་བྱེ་བྲག་སྡོམ་པའམ་བ་རྒྱ་བྱེད་མཁན་སྡིག་པ་དངོས་དང་སྡིག་སྲིན་སྡེར་མོ་གཅན་གཟན་སོགས་ཀྱི་སེན་མོ་རྣོ་བ་རྣོན་པོ། སོ་བྱང་སྔགས་ཀྱི་སྡོམ་པ་སྤོང་བ་སྤྱོད་པ་མི་འདའ་བ་བསྲུང་བྱའི་སྡོམ་པ་དགེ་བསྙེན་སོགས་སྡོད་གནས་འདུག་གནས་སྡོད་པ་བསྡད་པ་གནས་པ་སྡོད་ཅིག །སྡེབ་སྦྱོར་རིག་གནས་ཆུང་བ་ལྔའི་གཅིག་དང་རིག་བྱེད་ཀྱི་ཡན་ལག་དྲུག་གི་སྡེབ་སྦྱོར་རྣམ་དབྱེ་དང་ཡི་གེའི་སྦྱོར་བ་སོགས་མཛེས་པའི་དོན་ཅན་གྱི་སྡུག་པ་ཡིད་དུ་འོང་བ་སྡུག་གུ་ཡང་ནོར་དང་ཆོས་སོགས་ཕྱོགས་གཅིག་ཏུ་སྡུད་པ་བསྡུ་བ་གསོག་པ་སྡོམ་པ་ཚོགས་པར་བྱེད་པ། སྡུམ་པ་ཁྱིམ་མམ་ཁང་པར་འཇུག་མཆོད་སྡོང་མཆོད་པའི་རྟེན་དང་མཆོད་སྦྱིན་གྱི་ཕྱུགས་འདོགས་པའི་ཀ་བ་སྡོམ་བུ་ཁང་ཆུང་གིས་བསྐོར་བ། སྡེར་མ་སྣོད་སྤྱད་ཀྱི་ཁྱད་པར་རག་སྡེར་ལ་སོགས་པའི་སྒྲ་ཐུག་པ་སྐྱོ་ཚ་ལ་གདབ་རྒྱུའི་སྡོར་ཤ་ཚིལ་སོགས་ལག་པ་སོར་མོ་ལྔ་བས་སྡོམ་པ་འཛིན་པ། རྒྱལ་བའི་བཀའ་གསུང་ལ་སྡོད་པ་གནས་པ་ཆོས་སྐྱོང་སོགས་སྡེ་སྣོད་གསུམ་སྟེ་བྲེ་བོ་ཆེའི་དོན་ལྟར་བཤད་དགོས་སྡོང་བ་སྡོས་སྡུམ་པ་སྡུས་སྡུར་བ་སྡོམས་སྡུག་པོ་སྡིགས་སྡིག་ཏོ་ཅན་སྡང་པོ་སོགས་སར་བཏགས་དའོ།། ༼བརྡ༽ གྲི་མཚོན་བརྡར་བ་རྡོར་བ་བརྡེག་ཅིང་འཆོས་པ་བརྡུང་ཞིང་བཅོས་པ་སོགས་བརྡུང་བྱ་ཉེས་ཅན་ལྟ་བུ་བརྡུངས་པ་རྡུང་བ། ཁ་བརྡར་བ་གཏམ་མང་བཤད་པ་བླ་བོ་གཏམ་བརྡོལ་པ་བ་བྱུང་རྒྱལ་དུ་ཐོན་པ་སྟེ་བབ་ཅོལ་ལམ་ཉིད་གཏམ་ཆལ་མར་རམ་ཆ་ལང་བརྡབ་པ་དང་བརྡབས་པ་གཉིས་རྡེབ་བ་པའམ་རྡབ་པ། རྔ་བརྡུང་བ་རྡུང་བ་སྣུན་པ་བྲོ་བརྡུང་བ་རྡུང་བ་འཁྲབ་པ་གོ་བྱེད་ལ་འཇུག་པའི་བརྡ་ལག་བརྡ་གོ་བརྡ། ཆལ་མ་ཐང་མར་བརྡལ་བ་རྡལ་བ་བཀྲམ་པ་ཁྱབ་ནས་གཡབ་མོ་སོགས་བརྡུལ་བ་གཡོབ་པ་དང་བཏུལ་བའི་དོན་ཡིན་ཞིང་བརྡེག་པ་རྡེག་པ། ཆུ་བརྡོལ་སྣོད་བརྡོལ་བརྡུང་བ་སོགས་བས་འཕུལ་ར་མགོ་ལྡན་པའི་དའོ།། ༼བལྡ༽ བལྡབས་པ་བསྐྱར་བ་ལྡབ་པ་བཟླས་ནས་བལྡག་པ་ལྡག་པ་ལྕེས་འབྱོག་པ་བལྡེག་པ་ལྡེག་པ་ལ་ཐོབ་ཅིང་བལྡད་པ་ལྡད་པ་ཞིབ་མོར་བླད་པའམ་རྨུར་བ། བལྡབ་པ་སོགས་བས་འཕུལ་ལ་མགོ་ལྡན་པའི་དའོ།། ༼བསྡ༽ བསྡུ་བྱ་ནོར་སོགས་བསྡུ་བ་བཏུ་བ་བསྡུས་པ་བཏུས་པ་སྡུད་པ་བསྡུར་བ་སྡུར་བ་མཉམ་པར་བྱེད་པ་འགྲན་པ་བསྒྲུན་ནས་བསྡད་པ་སྡོད་པ་འདུད་པ། ཉེས་སྤྱོད་སོགས་བསྡམས་པ་སྡོམ་པ་སྤངས་པ་བསྡོམས་པ་སྡོམ་པ་བསྡུས་ནས་སྲོག་དང་བསྡོས་པ་སྡོ་བ། འོག་བསྡོགས་འོག་གྲབས་སམ་སྟ་གོན་ཉེ་བར་བསྡོགས་པ་ཉེ་བར་བརྩམས་པ་སྟ་གོན་བསམ་གཟུགས་ཀྱི་སྔོན་འགྲོ་གཞན་ཉེས་ཅན་དང་འཕེན་ལྟ་བུ་ལ་བསྡིགས་པ་སྡིག་པ་གཤེ་བ་སོགས། གྲོགས་རོགས་དང་བསྡོངས་པ་འགྲོགས་པ་མཉམ་དུ་འགྲོ་བ་སྡོང་བ་བསྡེབས་པ་སྡེབ་པ་སྦྱོར་བ་སོགས་སྣ་ལ་བཏགས་པའི་ཐག་པ་དང་གྲུ་གུ་བསྡོགས་པ་བསྡུས་པ་དྲིལ་བ་བརྩམས་པ་སྡོག་པ། འགལ་བ་མི་མཐུན་པ་བསྡུམ་པ་སྡུམ་པ་མཐུན་པར་བྱེད་པ་ཆིངས་སྒྲིག་པ་གྲོས་བྱེད་པ་དང་བསྡིག་པ་བསྡེབ་པ་མདོར་བསྡུས་སོགས་བས་འཕུལ་སར་བཏགས་དའོ། ། ༼ན༽ གན། ཕན་པ་བདེ་བར་བྱེད་པ་གནོད་པ་མི་བདེ་བར་བྱེད་པ་མནར་བ་གནས་པ་ཡོད་པ་འདུག་པའི་སྐབས་གོའམ་ཚུལ་ལམ་ཐབས་སམ་དུས་ཏེ་གནས་ཚུལ་དང་འཕྲལ་མའམ་མཐར་ཐུག་མིན་པ་དང་གནས་ཐབས་གནས་དུས་གནང་བ་སྟེར་བའམ་སྒྲུབ་པའམ་བྱེད་དུ་རུང་བ་བཀག་པ་དགག་པ་བྱེད་དུ་མི་རུང་བ་སྟེ་འདི་གཉིས་འདུལ་བའི་བརྡ་གནད་གསང་ངམ་མདོག་གམ་རྩ་བ་གནད་ཀ་དོན་གནད་ལུས་གནད་སོགས། གནོད་སྦྱིན་གདོན་ནམ་ལྷའི་བྱེ་བྲག་གནག་ནོར་རམ་འབྲི་གཡག་སོགས་ཕྱུགས་དུད་འགྲོ་རྟ་ལུག་སོགས་ཀྱང་གོ་གནམ་རྒྱུ་སྐར་གྱི་ལམ་ལྟར་དཔེ་སྒྲ་གནག་པ་ནག་པོའམ་ནག་པོའི་བྱ་བ། གནས་བརྟན་བཅུ་དྲུག་གམ་འོད་སྲུངས་ཆེན་པོ་སོགས་ཉེ་བར་གནས་པ་གམ་དུ་སྡོད་པ་ཐག་ཉེར་ཡོད་པ་གནས་ཀྱི་སློབ་མ་གནས་པ་འདུས་སའི་ཁང་པ་ཁྱིམ་གནས་པ་སྡོད་པ་ཡོད་པ་བརྟེན་པ་མི་འགྱུར་བ་འོས་པ། གནོད་བྱེད་འཚེ་བྱེད་རླག་བྱེད་ཟིལ་གཟི་བརྗིད་ཀྱིས་འོག་ཏུ་གནོན་པ་མནན་པ་ཞུམ་པར་བྱེད་པ་གནའ་སྔོན་ནམ་སྔ་མའི་མི་སྨྲ་ཞིང་དོན་གོ་བའི་གང་ཟག་གནུབས་རུས་ཤིག་སྟེ་སངས་རྒྱས་ཡེ་ཤེས་སོགས། བྱིང་རྒོད་ཞི་ནས་དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པ་སྟེ་བསམ་གཏན་སོགས་སྔར་གྱི་གནས་སྐབས་དོར་ནས་གཞན་དུ་འགྱུར་བ་སྟེ་ཆུ་རྙོག་མ་དྭངས་པ་ལྟ་བུ་ཡིན་ལ་གནས་ཡོངས་གྱུར་པ་ཡང་ཟེར་དོན་ལ་གནས་པའི་ལུགས་ཀ་གཤིས་ལུགས་ངོ་མ་གནས་ཚུལ་སྟོང་ཉིད་རྟོགས་པ་ཤེས་པ། གནངས་སང་གི་ཕྱི་ཉིན་གཞེས་གནངས་ཀྱི་ཕྱི་ཉིན་གནམ་རུ་གཞུ་མདའ་སྟན་རྐང་པ་ཞབས་ཀྱིས་གནོན་པ་མནན་པ་ཁ་གནོན་ལོག་གནོན་རྣམ་གནོན། ཞེ་གཏིང་གནོང་བ་ནོངས་པ་སྟེ་སྐྱོན་གྱིས་ཞུམ་པའམ་འགྱོད་པའམ་ནོངས་འཁུར་བ་གནད་གཅོད་འཆི་ནད་ལྟ་བུ་གནས་ངན་པ་ལེན་པ་སྐྱེ་གནས་མི་ལེགས་པར་སྐྱེ་བའམ་ཡང་ན་སྒོ་གསུམ་གྱི་གནས་ངན་ལེན་ལས་སུ་མི་རུང་བའམ་བག་ཆགས་ལྟ་བུ། གནོད་པའི་གནས་ཡུལ་ལམ་ཛམྦྷ་ལ་དང་གནས་གནས་མིན་གནོས་ཤིག་བཀའ་གནང་གནའ་བོ་གནོད་བྱ་ལ་སོགས་པ་གས་འཕུལ་ནའོ། ། ༼མན༽ མནལ་གཉིད་ལོག་པ་གཉིད་འཆི་བ་གཟིམས་པ་གཉིད་ལོག་པ་མནའ་མ་བུའི་ཆུང་མ་བག་མ་འོག་ཏུ་མནན་པ་གནོན་པ་མི་མཐོ་བར་བྱེད་པ། མནབ་རྩལ་ཁ་ཟ་དྲི་སྣའི་ཡུལ་མནམ་པ་སྣོམ་པའམ་བྲོ་བ་དང་དཀུ་བ་མནར་བ་གཟིར་བ་དེ་ལས་ལྷག་པོ་མེད་པ་སྟེ་དམྱལ་བ་ཞིག་མནར་བ་གཟིར་བ་གནོད་པ་ཉེན་པ། ཀུན་ནས་མནར་བ་འཚེ་བ་གནོད་པའི་སེམས་བསམ་པ་ཟས་སོགས་མནོག་པ་ཞིམ་པ་མང་བ་གྱ་ནོམ་པ་མནོག་ཁེའམ་སྤོགས་དང་ཕན་ཆུང་བ་ཕྲན་བུ། མནོལ་བ་གྲིབ་བམ་མི་གཙང་བའི་རིགས་རྒྱུད་དམ་གྲས་མནོལ་རི་ལྟར་ན་རི་རྩེག་མནའ་བྲོ་བསྐྱལ་བ་བོར་བའམ་སྒོག་པ་ན་བཟའ་གོས་མནབས་པ་མནབ་པ་གྱོན་པ་གོན་པ་གསོལ་བ། མནོ་བ་དང་བསམ་པ་གཉིས་བསམ་བློ་གཏོང་བའམ་བསམ་བློ་མནོས་པ་མནོ་བ་བསམས་པ་ཐོབ་པ་ལེན་པ་དང་མནའ་ཆུ་མནོལ་ཅིག་སོགས་མས་འཕུལ་ནའོ། ། ༼རྣ༽ རྣམ་པར་ཤེས་པ་སེམས་སམ་ཤེས་པ་རྣོན་པོ་རྟུལ་མིན་ནམ་མཆོག་གམ་རྣོ་བའི་མིང་ཙམ་རྣལ་མ་གཉུག་མར་འབྱོར་བ་སྦྱོར་བ་སྒོམ་པ་ཏིང་ངེ་འཛིན་ཐབས་ཤེས་ཟུང་འཇུག་རྣམས་མང་ཚིག་སྟེ་སངས་རྒྱས་རྣམས་ལྟ་བུ། རྣམ་པར་རྟོགས་པ་ཀུན་རྟོག་སེམས་ཀྱི་འཆར་ཚུལ་རྣམ་དབྱེ་རྟོག་པ་ཉོན་མོངས་རྣམ་གྲངས་དབྱེ་བའམ་རྣམ་པམ་མིན་དོན་གྱི་རྣམ་གྲངས་པ་ཉོན་སོགས་རྣམ་པ་རྣམ་གྲངས་མཛེས་པ་རྣམ་འགྱུར་རང་བཞིན་མི་རྟག་པའི་རྣམ་པ་སོགས་མང་བ་ཉུང་མིན། རྣ་བ་སྒྲ་འཛིན་ནམ་ཉན་བྱེད་ཀྱི་གཤོག་པ་འདབ་མ་སྟེ་འབག་སོགས་ཀྱི་རྣ་ཆས་གཤོག་པ་ལྟ་བུའམ་སྙན་གཤོག་རྩེ་མོ་དང་པོ་རྣོ་བ་རྣོན་པོའི་བྱ་བ་རྣལ་མ་གཉུག་མ་བདེན་པ་ངོ་མའི་དོན་བརྗོད་བྱ་སོགས། རྡུལ་དང་ཁུག་སྣ་ལྷོ་བུར་རམ་དུ་བ་འཁྲིགས་པ་ལྟ་བུ་ཞིག་རྣག་ཅེས་པ་ཁུག་རུལ་ནས་དཀར་པོར་སོང་བ་ཞིང་ལོ་ཏོག་སྐྱེ་བའི་ས་གཞིའི་རྣང་མ་ཆུས་ཁྱབ་པའི་ཆེད་དུ་མུའམ་སྒང་འཐེན་པ་སྟེ་དོན་ཞིང་ཆུ་མ། ཚིག་ཕྲད་ཀྱི་བྱེ་བྲག་རྣམ་པར་ནི་ཡོངས་སུ་ཞེས་པ་ལྟ་བུ་སྟེ་རྣམ་པར་དག་རྣམ་པར་བཤད་པ་སོགས་ར་ལ་དོན་དང་རྣམ་མཁྱེན་རྣམ་འགྲེལ་རྣམ་པའི་ཕྲ་མོ་རྣམ་ཀུན་རྣ་དབང་རྣ་ཆས་རྣ་ཤལ་རྣ་རྒྱན་སོགས་རར་བཏགས་ནའོ། །༼སྣ༽ སྣར་མ་དང་སྣྲོན་དང་སྣྲུབས་གསུམ་རྒྱུ་སྐར་གྱི་བྱེ་བྲག་སྣ་ཚ་ཡི་གེ་འབྲི་བྱེད་ཀྱི་རྫས་དང་སྣག་གི་ཚ་བོ་སྟེ་གཉེན་ཞིག་སྣུར་བ་འདུལ་བ་ལྡུར་ལྡུར་བྱེད་པ་ཞིབ་མོར་འཐག་པ། སྣང་བ་གསལ་བ་སྒྲུབ་པ་མངོན་པ་ཡུལ་མཐོང་བ་ཆ་སྣ་ཁ་ཐ་དད་དམ་དབྱེ་བའམ་དུ་མ་ཚོགས་པ་འདུས་པ་སྣ་སྣོམ་བྱེད་ཐོག་མ་རྩེ་མོ་ཡི་དོན་སྣབས་སྣའི་ལུད་པའམ་ཟག་ཆུ། སྣམ་བུ་ཞེང་ཆུང་ལ་ཆུ་རིང་བ་བལ་གྱི་གོས་སོགས་དང་འདོད་པའི་སྣམ་བུའི་དོན་སྣམ་ཕྲན་སྦྱར་བའི་གོས་ཏེ་ཆོས་གོས་གསུམ་གྱི་གཅིག་སྣལ་མ་གོས་རྒྱུའམ་སྣམ་བུའི་སྤུན་ནམ་སྐུད་པའི་དོན་སྣེ་མོ་རྩེ་མོ་འགོ་མ་ཐོག་མ་ཟུར། གནམ་སའི་བར་གྱི་སྣང་བ་མཐོང་བ་བར་སྣང་དུ་འཕུར་བ་ལྟ་བུ་སྣང་བ་དང་གསལ་བ་གཉིས་མུན་པ་མེད་པའམ་འོད་ཆགས་པ་སྒྲོན་མ་སྣུམ་འབྲུ་མར་རྩི་མར་སོགས་དང་སྣུམ་པ་སྣུམ་པོ་མདོག་མི་སྐྱ་བའམ་སང་སེང་མེད་པ་དྲི་དང་མཚོན་སྣོམ་པ་ཚོར་བ་དང་ཐོགས་པ། ལམ་སྣ་ལམ་སྟོན་ནམ་སྣ་འཁྲིད་པར་གོ་སྣ་བོ་གཙོ་བོ་ཐོག་མར་དཔོན་པོའི་དོན་སྣག་ཉེ་དུ་ཞིག་དབོན་པོ་སྤུན་ནམ་ཚ་བོ་སྣང་ཡོད་དམ་མངོན། ཡང་དག་པ་ལྟ་བུར་སྣང་བ་མཐོང་བ་སྟེ་དངོས་མིན་པ་ཡང་དག་མིན་པ་མངོན་རྗེས་སྒྲུབ་པ་སུན་འབྱིན་ལྟར་སྣང་ལྟ་བུ་སྣ་ཁ་རིགས་མི་འདྲ་བ་མང་པོ་སྣྲེལ་ཞི་འཚོལ་བའམ་གོ་རིམས་སུ་མི་གནས་པ་དང་འཕྲེད་སྣོད་སྣོད་སྤྱད་དང་སྣོད་དུ་རུང་མི་རུང་སོགས། ཡུག་སྣམ་བཙག་གམ་རྡོ་ཞིག་དང་ཡུག་ཚང་བའི་སྣམ་བུ་སྣམ་ཕྲན་སྣམ་སྦྱར་གྱི་སྣམ་ཕྲན་ནམ་སྣམ་བུ་ཆུང་བ་སྣ་མ་ཛཱ་ཏིའམ་ཛཱ་ཏིའི་མེ་ཏོག་དང་སྲིན་ཤིང་སྣེའུ་སྔོའམ་སྔོ་དྲི་འགགས་སེལ་བ་དང་རྩེ་ཆུང༌། སྣད་ཡར་རྨས་པའམ་སྐྱོན་ཞུགས་པ་སྣད་པའི་མིང་ཙམ་སེར་སྣ་དམ་དུ་འཛིན་པའམ་འཇུངས་པའི་དོན་སྣོན་མ་ཁ་སྐོང་སྣོན་ཁར་གོ་སྣོམས་ཤིག་སྣོམ་པའི་སྐུལ་ཚིག་སྣོལ་ལྟར་ན་བསྣོལ་བ། རྒྱབ་ཀྱི་དོན་ལ་གོ་བའི་སྣམ་ལོགས་རྒྱབ་བམ་ངོས་སམ་ཟུར་དང་སྣུན་པ་སྣོན་པ་སྣར་བ་སྣོར་བ་སྣུར་བ་སྣུར་ཅིག་སྣང་བྱེད་སྣུབ་པ་སྣད་པ་སོགས་སར་བཏགས་ནའོ། ། ༼བརྣ༽ བརྣབ་པ་ཆགས་པའམ་གཞན་ནོར་བདག་གིར་འདོད་པའི་སེམས་བསམ་པ་ལྟོ་ཟས་སོགས་ལ་བརྣན་པ་ནན་ཏན་བྱེད་པའམ་དོ་གལ་བྱེད་པའི་དོན་ཡང་ཡིན་བརྣངས་པ་ཆུ་རྩམ་སོགས་གྲེ་བར་འགགས་པ། བརྣག་པ་བཟོད་པའམ་བསམ་པར་དཀའ་བ་མི་ནུས་པའི་དོན་བརྣག་པ་བཟོད་པའི་བསམ་པས་མདུན་གམ་དུ་བརྣུར་བ་འཐེན་པའམ་ཚུར་འདྲེན་པ། ས་ལ་སྦས་པའི་དོན་ཅན་གྱི་བརྣོགས་པ་གབ་པ་དང་ངེས་གཟུང་ལ་འཇུག་པའི་བརྣན་པ་དམིགས་སུ་བཟུང་བའམ་བཀར་བ་ནི་སྒྲའི་འཇུག་ཡུལ་ལྟ་བུ། བརྣང་བརྣོག་སོགས་བས་འཕུལ་ར་མགོ་ལྡན་པའི་ནའོ། ། ༼བསྣ ༽ གནད་གསང་དུ་བསྣུན་པ་སྣུན་པ་རྡེག་པ་མཚོན་ཆ་ལག་ཆ་བསྣུན་པ་སྣུན་པ་རྒྱབ་པ་ནུ་མོ་འོ་འཛིན་ནམ་ནུ་ཞོ་བསྣུན་པ་སྣུན་པ་ནུ་རུ་འཇུག་པའམ་བླུད་པ། སྲོལ་ཀ་བསྣུབས་པ་སྣུབ་པ་ཉམས་པའམ་ནུབ་པར་བྱས་པ་གོང་འོག་ལྟག་འོག་བསྣོར་བ་སྣོར་བ་ནོར་དུ་འཇུག་པ་དཀྲུགས་པ་བརྗེ་བ་ལྟ་བུའི་དོན་ཡིན་ཞིང་བསྣོལ་བ་སྣོལ་བ་བརྗེ་བ་དང་ཕན་ཚུན་ནམ་བླ་འོག་རིམ་མིན་དུ་སྦྱོར་བའམ་རྩེག་བ་སེང་གེ་མཇིང་བསྣོལ་དང་རྡོ་རྗེ་རྒྱ་གྲམ་ལྟ་བུ་སྣོལ་མར་བྱས་པ། མཚོན་ཆ་བསྣམས་པ་ཐོགས་པ་ཁྱེར་བ་བཟུང་བ་སྣོམ་པ་དུས་ཕྱི་བསྣུར་ཕྱི་བཤོལ་སྣུར་བ་འཐེན་པའམ་ཉེ་རུ་བཏང་བ་ཞིབ་མོ་ཞིབ་པར་བསྣུར་བ་སྣག་ཚ་སོགས་སྣུར་བ། མཇུག་མ་རྔ་མ་བསྣར་བ་སྣར་བ་བརྐྱང་བ་དྲི་སྣའི་གཟུང་བྱ་བསྣམས་པ་སྣོམ་པ་བྲོ་བར་བྱས་པ་བསྣོམས་ཀྱང་མཐོང་ནེམ་ནེམ་སྣེལ་པའི་ཚུལ་བསྣེམས་པ་སྣེམ་པ་མནན་པའམ་ནེམ་ནེམ་བྱས་པ། མང་པོ་དང་ཡང་ཡང་དུ་ཁ་བསྣན་པ་སྣོན་པ་སྣོན་མ་བཅུག་ནས་འདྲེས་པ་བསྲེས་པའམ་ལེགས་པར་གོ་བསྣོས་པ་སྣོ་བ་བརྫིས་པ་མཉེད་པ་འཕུར་བ་སྦྲུས་པ། བསྣམ་བསྣོམ་བསྣོ་བསྣད་པ་སོགས་བས་འཕུལ་ས་མགོ་ལྡན་པའི་ནའོ། ། ༼པ༽ པང་པ་པང་པའམ་ཐུ་བ་མ་པང་བུ་འཇུག་ལྟ་བུར་གོ་པར་བུ་སྣོད་ཀྱི་བྱེ་བྲག་མར་པར་ཞག་པར་སོགས་པི་ཝང་སྒྲ་སྙན་ནམ་རྒྱུད་མངས་འཛིན་པ་འཆང་བ། གཅིག་པུ་གྲོགས་མེད་པ་རྐྱང་པ་རེང་བུར་གོ་པིར་རི་མོ་འབྲི་བྱེད་དམ་ཚོན་འབྱུག་བྱེད་ལ་གོ་བའི་དོན་ཅན་གྱིས་ངོས་ལ་པ་ཏྲ་ཤིང་ལོའམ་རི་མོ་བྲིས་པ་འབྲི་བ། པུ་ཤུ་མདའ་ཡབ་ལན་ཀན་སྤེན་རྒྱའི་དོན་པུ་ཤུད་འདབ་ཆགས་ཤིག་པུར་གྱིས་འཕུར་ཚུལ་པུར་བ་འཕུར་བ་མཁའ་ལ་འགྲོ་བ། པུཎྜ་རཱི་ཀ་གདུགས་དཀར་ཆུ་སྐྱེས་དཀར་པོ་སྟག་དང་ཕྱོགས་ཀྱི་གླང་པོ་དང་བུར་ཤིང་གསུམ་གྱི་བྱེ་བྲག་པི་པི་ལིང་པི་སྤ་ལཱི་ཟུར་ཆག་པ་སྟེ་གྲོག་མ་དང་དབྱིབས་མདོག་འདྲ་བའི་སྨན་ཞིག་ཡིན་པས་གྲོག་སྨན་ཡང་གྲགས། པ་ཤི་བོད་ཀྱི་བཙུན་པ་རྒྱ་ནག་ཏུ་ཕྱིན་པའི་མིང་པདྨ་འཕྱོ་བ་འདམ་སྐྱེས་པ་ལ་ཤ་རྒྱ་སྐྱེགས་ཀྱི་ཤིང་བལ་ཤ་ཡང་ཟེར། པུས་མོ་སྒྱིད་ཁུག་གི་མདུན་ཆ་པུས་ཚིགས་པུས་ལྷང་བཙུགས་པ་འཛུགས་པ་པོག་སྤོས་པོར་པ་ཕོར་པ་བླུག་སྣོད་ག་པུར་ཀརྦུར་ཟུར་ཆག་པ་སྟེ་ནུས་ཅན་ཡིན་ག་པུར་ཡང་ཟེར་བ་སྨན་ཞིག་འཐུལ་བ་དྲི་ངད་ལྡང་བ་དུ་བ་འཕྱུར་བ། པར་མ་སྤར་ཟིན་པའི་དངོས་པོ་དང་པར་ཞེས་པ་འདྲ་བ་དང་སྤར་བའི་མིང་ཙམ་མཚོན་པའི་སྒྲ་པོ་ཏི་གླེགས་བམ་སྟེ་པུསྟ་ཀ་ཟུར་ཆགས་པ་པཎྜི་ཏ་བློ་གྲོས་དང་འགྲོགས་པ་མཁས་པ་ལྔ་རིག་པ། ཟེ་པྲོག་སྒོ་ལྕགས་ཀྱི་ཟེ་མའི་རྩེ་དང་ཟེ་བའི་རྩེ་ཡིན་སྙམ་པྲོག་ཞུ་དབུ་རྒྱན་དང་རྩེ་ཞྭ་སྲོག་ཅེས་པ་རྩེ་ལ་གྲགས་འོག་པག་སྐ་རགས་ཀྱི་རྒྱན་ནམ་རྐེད་པ་ལ་འཕྱང་བའི་ཚར་ཚར་དང༌། པུར་རོའམ་གདུང་དེའི་ཁང་པ་རོ་ཁང་གདུང་ཁང་སྲེག་ཁང་པར་ཏང་དྲེའུ་རྔོག་གམ་སྟན་ཁྲ་པོ་ཊ་ལ་གྲུ་འཛིན་ཏེ་སྒྲ་ཉམས་ནས་པོ་ཏ་ལ་སྒྲོལ་མའི་གནས་རི་ཞིག་དང་དམར་པོ་རི། པུ་ས་ལ་སྨན་འོ་སུ་དང་པུ་ཤེལ་ཙེ་སྨན་ཞིག་སྟེ་བྱ་ཟས་དང་ཁྲུ་ང་ཡང་བྱེད་རུང་བའི་རྩྭ། པ་སངས་པ་ཝ་སངས་གཟའ་བདུན་གྱི་གཅིག་པྲ་ཕབ་པ་པྲ་སེ་ན་འབེབས་པ་སྔགས་སོགས་ལ་བརྟེན་ནས་ལྐོག་གྱུར་གསལ་བར་སྟོན་པ་མོ་བཏབ་པ་པྲི་ཡངྐུ་སྔོ་གླིང་འབྲུ་གསུམ་གྱི་བྱེ་བྲག་ལ་འཇུག །པགས་པ་ཤུན་པ་སྐོགས་པ་གཟིག་གི་པགས་པ་སོགས་ལག་པོད་ལག་ཚབ་ལག་པ་གཡར་བ་ཕན་ཚུན་ལས་ཀའི་རོགས་རེ་མོས་བྱེད་པའི་མིང་ཙམ་པོ་ཟོས་པ་ཇི་ལྟར་ཐོགས་པ་རེ་ལྟར་ཐོགས་པ་ཇི་ཙམ་འགོར་བར་གྱུར་ཀྱང་ནི་སྡུད་སྒྲ་སྟེ་རེ་ལྟར་ཐོགས་ཀྱང་ལན་བདུན་པ་ལྟ་བུ། པར་གྱིས་འཕར་ཚུལ་འཕར་བ་འཕག་པ་དང་ཅོད་པན་པ་ན་ས་ཨུཏྤལ་ཏེ་པོར་པུཥྤ་སྐུ་པར་སོགས་པ་རྐྱང་ངོ༌། ། ༼དཔ༽ དཔག་པ་འཇལ་བའི་ཚད་དེ་རྒྱང་གྲགས་བརྒྱད་སོགས་དང་རྟགས་མཐོང་འབྲེལ་བ་ངེས་པའི་རྗེས་སུ་ལྐོག་གྱུར་དཔག་པ་འཇལ་བ་ངེས་པ་རྟོགས་པར་བྱེད་པ་དཔག་བྱ་ལྐོག་གྱུར་གྱི་གཞལ་བྱ་དམ་བཅའ་རྟགས་ཀྱི་ཡུལ་བ་སྒྲུབ་བྱ་རྟོགས་བྱ་དང་གཞལ་བྱ་ཙམ་དཔོག་པ་འཇལ་བ་ངེས་པ་རྟོགས་པར་བྱེད་པ། རྒྱལ་པོ་ས་གཞི་སྐྱོང་བ་ལ་སོགས་པའི་མིང་དཔྱ་ཞེས་པ་ཁྲལ་ཡིན་ལ་ལག་དཔྱར་ཡང་འགྱུར་སྣང་དཔྱང་པ་འཕྱང་བ་ཐུར་དུ་དཔྱོངས་བྱེད་ཀྱི་ཐག་པ་གདང་ཐག་སོགས་དཔྱངས་པ་འཕྱང་བ་ཐུར་དུ་བཏང་བ། དཔག་པ་ཚད་དམ་གཞལ་དུ་མེད་པ་མ་མཆིས་པ་དམག་གཡུལ་གྱི་དཔུང་ཚོགས་སམ་རྒྱལ་བྱེད་དཔུང་བུ་ཆུང་རྐང་ཐང་གི་དམག་རྐང་དམག །དོན་ནམ་དཔེ་ཅན་གྱི་དཔེའམ་དཔེར་བརྗོད་དམ་བཀོད་ན་ངེས་བཟུང་ངམ་དམིགས་ཀྱིས་འབྱེད་པ་དཔེ་དང་ཕལ་ཆེར་འདྲེལ་བའི་བྱད་གཟུགས་ཡིན་ནམ་སྙམ་སྟེ་དཔྱད་དོན་སེན་མོ་ཟངས་མདོག་སོགས་བརྒྱད་ཅུ་དཔེ་ཆ་གླེགས་བམ་ཡིག་ཆ་དཔེན་པ་མཁོ་བ་ཡིད་དུ་འོང་བ་ཕངས་པ། རྣམ་པར་དཔྱོད་པ་ཁྱད་འཕགས་ཀྱི་ཤེས་རབ་དང་རྣམ་པར་དཔྱད་པ་རྟོག་པ་དང་དཔྱོད་པ་གཉིས་བློས་འཇལ་བ་ཙམ་མམ་རྩིང་ཞིབ་ཀྱི་ཁྱད་ཀྱང་ཡོད་བརྟག་པ་དང་དཔྱད་པ་གཉིས་གཞལ་བ་དང་རྟོག་དཔྱོད་ཀྱི་ཡུལ་ལམ་བྱ་ལས་དང་གཅིག་ཏུ་སྦྲེལ་ན་མིང་ཙམ་ཡིན་པ་འདི་གོང་འོག་ལ་བསྒྲེ་དགོས་པ་དང༌། རྗེ་བོ་གཙོ་བོ་གཞོན་ནུ་གདོང་དྲུག་དཔོན་པོ་དབང་བྱེད་པོ་སློབ་པའམ་ཀློག་པའི་དཔོན་པོ་བླ་མ་སེམས་པ་བསམ་པ་དཔའ་བ་མི་ལྡོག་པ་སྙིང་སྟོབས་བརྟན་པ་ཆེ་བ་ཆེན་པོ་རྒྱལ་སྲས་སོགས། དཔྱིད་ཐིག་ལེའམ་དཔལ་དང་དུས་ཀྱི་དབྱེ་བ་དཔྱིད་ཀ་དཔྲལ་བ་སྨིན་མའི་སྟེང་གི་ངོས་སམ་ཐོད་པར་གོ་དཔྱི་མགོ་སྟ་ཟུར་རམ་དཀུ་དཔྱི་དང་ནུ་མའི་བར་ཟེར་བ་ལྟ་བུ་དཔྱོངས་པ་དཔྱང་བ་དང་དཔྱོངས་ཤིག་ཀྱང༌། ཤིང་ང་དཔུང་བཅད་དགེ་སློང་མའི་ནུ་སྒྲིབ་ཀྱི་གོས་ཕུ་བཅད་ལུས་ཀྱི་དཔུང་པ་མཛེས་བྱེད་ཀྱི་རྒྱན་དཔུང་གདུབ་དང་། དར་གོས་ཐུར་དུ་དཔྱངས་པ་རྒྱན་ཞིག་དཔངས་ཞེས་པ་མཐོ་དམན་གྱི་ཚད་དམ་འཕང་ངམ་མཐོ་ཚད་དཔག་བསམ་གྱི་ཤིང་ལྷའི་ལྗོན་ཤིང་སོགས། དཔའ་བོ་སྙིང་སྟོབས་ཅན་སྡར་མ་མིན་པ་དཔའ་བ་སྤྲོ་བ་འཕེལ་བ་སྙིང་སྟོབས་བརྟན་པའི་དོན་དཔང་པོ་ཆེ་བཞིའམ་གཉའ་བོས་ཡི་གེ་སོགས་དཔོད་པ་གཞན་ལ་འབྲིར་བཅུག་ནས་རང་གིས་སྨོས་པ་ལྟ་བུ། སྨན་ཁོང་དུ་བཏང་ནས་ནད་གསོ་བར་བྱེད་པ་དང་དཔྱད་ཐུར་མ་སོགས་ཀྱིས་ནད་ཕྱི་ནས་འདྲེན་པའམ་ཕྱིར་འདོན་པའམ་འབྱིན་པར་བྱེད་པ་སྟེ་གསོ་རིག་དཔྱིས་མཐའམ་གཏིང་ཕྱིན་པ་སོན་པ་ཐོན་པ་དཔྱས་པ་འཕྱ་བའམ་དཔྱ་བའམ་སྐྱོན་མི་འདོགས་པ་སྦྱོར་བ། དཔལ་ཇི་སྐད་དུ། དཔལ་མོ་དབྱངས་ཅན་བློ་དང་སྡེ་གསུམ་གྱི། །ཕུན་སུམ་ཚོགས་དང་འབྱོར་པ་མཛེས་པ་དང༌། །འཚོག་ཆས་འཇིགས་མེད་ཚལ་དང་འཕགས་པ་དང༌། །བདུད་རྩི་རྣམས་ལ་དཔལ་ཞེས་རབ་ཏུ་གྲགས། །ཞེས་པའི་དོན་དང་ལྡན་པ་བཅས་པ་དཔང་རུས་ཤིག་ལོ་ཙྭ་བ་བློ་གྲོས་བརྟན་པ་དང་དཔྱལ་དཔུང་གཉེན་དཔག་ཡས་དཔག་གཞི་དཔགས་དཔའ་མོ་སོགས་དས་འཕུལ་པའོ། ། ༼སྤ༽ ཕ་སྤད་ཕ་བུའམ་ཕ་ཁུ་སྤུན་ཟླ་སྐུ་མཆེད་ཉེ་དུ་སྤང་བྱ་དོར་བྱ་གཞོམ་བྱ་སྦྱང་བྱ་སྤོང་བྱེད་ཀྱི་ཡུལ་སྤངས་པ་དོར་བ་སོགས་འདས་པ། སྤྲང་པོ་དབུལ་པོ་མེད་པོའི་མིང་སྤར་མོ་ལག་པའི་སྤར་བ་ཆངས་པ་ལྟ་བུ་དང་སྦར་མོའི་དོན་སྤ་ཤིང་གི་བྱེ་བྲག་སྦ་ཡང་ཟེར་སྤ་དབྱུག་སྤ་འཁར་སྤྲད་པ་སྤྲོད་སྟེ་པ་སྟེར་བ་གཏད་པ་འཕྲོད་པ། བདུག་པ་བྱུག་པ་སོགས་ཀྱི་སྤྲོས་ལྟ་བུ་སྤྲིན་པ་ཆུ་འཛིན་སྤྲོ་བ་ད་ལྟ་མ་འོངས་དང་སྤྲོས་འདས་སྐུལ་ཏེ་དོན་འོད་སོགས་འཕྲོ་བ་གཏོང་བ་རྒྱས་པར་བྱེད་པ་ལོངས་པ་ཚང་བར་སྤྱོད་པ་སྤྱད་པ་འདོད་ཡོན་ནམ་འབྱོར་བའི་མིང་ཡང་ཡིན་སྤྱོད་པ་སྤྱད་པ་འཇུག་པ་ཉམས་སུ་མྱོང་བ་བརྟུལ་ཞུགས་བྱ་བ་བྱེད་ཚུལ་བསླབ་པ་ཡ་རབས་ཀྱི་སྤྱོད་པ་སོགས། སྤང་སྤོས་བདུག་སྤོས་རལ་བ་ཅན་ཞིག་སྤར་བ་དང་སྤོར་བ་མེ་སོགས་འབར་དུ་འཇུག་སྔ་མ་འདས་མ་འོངས་ཕྱི་མ་ད་ལྟ་བ་སྐུལ་ཚིག་སྟེ་འདི་རིགས་ལ་རྟགས་འཇུག་ནས་དུས་གསུམ་འབྱེད་ཚུལ་དངོས་སུ་མ་བསྟན་ཀྱང་འདི་ལྟར་ལག་ལེན་ཉེར་སྤྱོད་དང་བསྟུན་ནས་རིགས་བསྒྲེ་སྤེན་མ་རྩི་ཤིང་ཞིག་སྤྱིལ་བོ་རྩྭ་སོགས་ཀྱི་ཁང་བ་སྤྱིལ་བུ་ཁང་ཆུང་སྤྲོ་བ་དགའ་བ་སྐྱིད་པ་དྲོ་བའམ་ཚ་བ་བརྩོན་པ། སྤེན་ཏོག་རྒྱན་ཞིག་སྤུག་རིན་ཆེན་ཞིག་སྟེ་ཆབ་རོམ་ལོ་སྟོང་ལོན་ན་སྤུག་ཏུ་འགྱུར་བར་བཤད་སྙམ་རིན་ཆེན་མཆོག་གིས་སྤུད་པ་བརྒྱན་པ་སྤྲས་པས་སྤ་བ་མཛེས་པ་བརྗིད་ཆགས་པ། གོ་གནས་དང་གོང་སོགས་མཐོ་བར་སྤར་བ་སྤོར་བ་འཕར་དུ་འཇུག་པ་བཏེག་པ་འདྲེན་པ་པར་རྒྱབ་པ་སྤེལ་བ་བྱ་འདབ་ཆགས་དང་ཤོག་བུ་སྤུར་བ་འཕུར་དུ་འཇུག་པ་ལྡིང་བར་བྱེད་པ་སྤུར་བྱ་སྤུར་སྤུར་བྱེད་ཟིན་སྤུར་ཅིག་ཅེས་པ་ལྟ་བུ་བྱ་ཚིག་དུས་གསུམ་གཟུགས་མི་འགྱུར་བ་ཀུན་ལ་སྦྱར་གནས་གཞན་དུ་སྤགས་པ་འཕག་ཏུ་འཇུག་པ་བཏང་བ་སོང་བ་འབུར་བ། མགོ་ལས་སྐྱེས་པའི་སྤུ་སྐྲ་དང་བ་སྤུ་སོགས་སྤྲུག་སྤྲུག་རྡུལ་སོགས་སྤྲུག་ཚུལ་ལམ་མིང་ཙམ་ཐག་པའི་ཐགས་སུ་བྲན་པ་ཉིད་ཀྱི་རྒྱུ་ལ་སྦྱར་རྒྱུའི་སྤུན་སྣལ་མ། སྤེའུ་མཁར་རམ་ཁང་ཆུང་ངམ་སྡོང་པོའི་མིང་གཅེས་སྤྲས་གཅེས་པོ་རྩིས་ཆེན་སྙིང་སྡུག་སྤྱད་བྱའི་དངོས་པོ་ཀ་ཅ་ནོར་གྱི་སྤྱི་མིང་སྤེལ་བ་འཕེལ་དུ་འཇུག་པ་སྐྱེད་པ་སྦྱར་བ་སྲེ་བ། སྤ་མ་ཤུག་པ་ལྟ་བུའི་ཤིང་ཞིག་སྤྲུ་ནག་མ་སྔོ་སྨན་ཞིག་སྤྲ་བ་མེ་ལེན་གྱི་རྫས་མགོ་སྤྲ་བའི་མེ་ཏོག་ལྟར་དཀར་ཟེར་བ་ལྟ་བུ་སྤུངས་པ་སྤུང་བ་དུ་མ་གཅིག་ཏུ་ཕུང་པོར་བྱས་པ་སྡོམ་པ་བཅེར་བ། སྤྲ་ཆལ་འདོ་མེད་དམ་གཏད་མེད་ལང་ཤོར་རྒན་པོ་སྤྲ་ཆལ་ལང་བ་ལྟ་བུ་སྤོད་ཟས་ཀྱི་བྲོ་བ་སྐྱེད་བྱེད་སྒ་པི་སོགས་དང་ཞོ་འོ་མ་ཆུ་སོགས་ཀྱི་སྤྲིས་མ་ཁའི་ཞག་ལྟ་བུ་སྤགས་པ་བསྲེས་པ་བསྒོས་པ་སྤགས་མ་དང་སྤགས་གཉིས་སྤགས་ནས་ཟ་ལྟ་བུ། ཕན་ཚུན་འཐབ་མོ་འཁྲུག་འཛིང་སྤྲད་པ་དང་སྤྲོད་པ་གཉིས་སྦྱོར་བ་ཐུག་པའམ་རྒྱབ་ཏུ་འཇུག་པ་སྤྱོས་པ་སྤྱོ་བ་གཤེ་བ་བསྡིགས་ནས་སྤྱུགས་པ་གཞན་དུ་བརྫངས་པའམ་བསྐྲད་པ། སྤྱི་ཐུན་མོང་གཙོ་བོ་ལྡོག་པ་རིགས་སྒོས་བྱེ་བྲག་གམ་སྒེར་སྤེལ་མ་རེ་མོས་སམ་འདྲེས་མ་ལྟ་བུ་ར་གོ་འཕྲིན་ཆ་སྤྲིང་བ་དང་སྤྲིངས་པ་གཉིས་སྐུར་བ་སྲིང་བ་འབྲི་བ་འགྲོ་བ། རྨོངས་མུན་གྱིས་སྤྲུལ་པ་བསྐྱེད་པ་སྟེ་རང་བཟོ་ལྟ་བུ་སྤོང་བ་པ་སྤོང་བ་པོའམ་སྒོམ་པ་པོ་སྤོང་བ་བསམ་གཏན་གྱི་འཁོར་ལོ་ལྟ་བུ་སྤོངས་ཤིག་སྤོང་བའི་སྐུལ་ཚིག་སྤྱོད་པ་པ་མུ་སྟེགས་ཀྱི་བྱེ་བྲག །ཚུར་སྤྱོན་བྱོན་ནམ་འབྱོན་དུས་གསུམ་གཟུགས་གཅིག་སྙམ་དཀའ་བའི་ལས་སྤྱད་པ་སྤྱོད་པ་ཆོས་སྤྱོད་ཡི་གེ་འབྲི་བ་དང་སྦྱིན་པའི་ཕར་ཕྱིན་དང་སེམས་བསྐྱེད་སོགས་བཅུ་ཚན་གསུམ་ལྟ་བུ་སྤོར་བ་མང་དུ་སྤེལ་བ། སྤྲོས་པ་འགག་པ་སོགས་དང་མཚན་མ་དང་རྟོག་པ་སོགས་དང་བྲལ་བ་སྤངས་པ་སྤྲུལ་པ་སྦྱིན་པའམ་སྟོབ་པ་བསྐྱེད་པ་འཕྲུལ་དུ་འཇུག་པ་མཆོག་སྤྲུལ་སོགས་གཟའ་བདུན་གྱི་གཅིག་ལ་སྤེན་པ་ཟེར། གོས་གྱོན་པ་གནས་རིགས་པ་སྤོ་བ་སྤོས་པ་བརྗེ་བ་སྒྱུར་བ་བསྒྲེ་བ་ཆུ་བོར་གྲུ་ཤན་སོགས་སྤྱིངས་པ་སྤྱིང་བ་བྱིང་དུ་བཅུག་པ་སྤྲ་ཚིལ་སྦྲང་རྩིའི་རོ་མའམ་སྙིགས་མ་ལྷུང་བཟེད་གློན་བྱེད་དང་ལྕགས་གཡའ་ལེན་བྱེད་སྤྱིན་འབྱོར་བྱེད་ཀྱི་རྫས་ཤིག་ཁ་སྤྱིན་ལྟ་བུ། ཁེ་ལ་འཇུག་པའི་སྤོགས་རྒྱལ་ཁ་སྐྱེད་བོགས་འདོན་པ་སྤྱང་ཀི་གཅན་གཟན་ཞིག་སྤྲ་སྤྲེལ་ཆེ་སྤྲེའུ་སྤྲེ་གཡོ་བྱེད། སྤྱང་པོ་གྲུང་པོ་སྒྲིན་པོའི་མིང་སྤོབས་པ་གདེང་མི་འཇིགས་པ་སྔོན་མ་ཐོས་པའི་ཆོས་དོན་རྟོགས་ནས་བསྐལ་བར་བཤད་ཀྱང་མི་ཟད་པར་བདེ་པས་དགེ་བ་ལེགས་སྤྱད་མི་དགག་ཚིག་སྤྱོམ་པ་ངོམ་པའམ་བདག་ཉིད་སྒྲོག་པ་སྤྱོམས་པ། སྤྱི་བླུགས་ཆབ་བུམ་རིལ་བ་ཁ་སྤུབ་ཁ་འོག་ཏུ་བསྟན་པ་ལྷུང་བཟེད་ཁ་སྤུབ་པ་སྤུབ་པ་རྒྱན་དང་དཔལ་གྱིས་ལུས་ལ་སྤྲས་པ་མཚན་པ་བརྒྱན་པ་སྤུད་པ། སྤྱི་བོ་སྤྱི་གཙུག་མགོ་བོ་རྩེ་མོ་རྡུལ་ཅན་གྱི་གོས་སྤྲུགས་པ་སྤྲུག་སྤྲུག་བྱས་པ་རྡུལ་གྱི་དོན་ལ་ཐོབ་པའི་སྤབས་རྡུལ་ཆགས་པ་རྣ་སྤབས་སོགས། སྒོ་གསུམ་གྱི་སྤྱོད་པ་བྱེད་ལུགས་སྤ་བཀོང་བ་ཞུམ་པར་བྱས་པ་རི་བོ་ཡི་སྤོ་རྩེ་མོའམ་མཐོ་བའམ་རྩེའི་ཐང་ངམ་རྨང་འགྲམ་ཡང་ཡིན་སྙམ། མིག་གི་དོན་ལ་འཇུག་པའི་སྤྱན་འདྲེན་བྱེད་སྤྱན་པ་ལྟ་རྟོག་མཁན་ནམ་གཉེར་པ་ལྟ་བུ་དང་སྤོས་པ་སྤོང་བ་སྤུ་ལ་བབ་པ་སྤྲུག་པ་སྤྱི་མཚན་སྤང་སྤོངས་སྤུན་པ་བསྲེས་པའམ་ཐུང་བ་སོགས་སར་བཏགས་པའོ། ། ༼ལྤ༽ སྟག་ལྤགས་སྟག་གི་པགས་པ་སྟེ་འདིར་གཞི་དང་མ་འབྲེལ་བ་དང་དྲུག་སྒྲ་ཡོད་ན་པ་རྐྱང་དང་དྲུག་སྒྲ་མེད་ན་ལ་མགོ་ཅན་ཏེ་མ་འབྲེལ་བ་ནི་པགས་པ་ལྟ་བུ་དང་མི་ལྤགས་སྙིང་ལྤགས་ལ་སོགས་ལར་བཏགས་པའོ། ། ༼ཕ༽ ཕང་པ་པང་བའམ་ངོས་དང་ཐུ་བར་གོ་ཕུན་སུམ་ཚོགས་པ་དཔལ་ལེགས་པ་དགེ་ཚོགས་ཕུན་ཚོགས་ཀྱི་གཞི་ཚུགས་ཟུག་པའམ་ཆགས་ཤིང་ཚིག་ཕྲད་དམ་རྐང་འཐུང་ཕུན་ཞེས་པ་ཚད་ཀྱི་ཁྱད་པར་ཏེ་ཕུན་གང་ཕུན་རེ་སྡུད་ལྟ་བུ། ཕྲུག་གུ་ན་ཕྲ་བའི་བྱིས་པ་དང་ཕྲད་པ་མཇལ་བ་ཐུག་པ་སྤྲད་པ་འཕྲད་པ་རྡུལ་ཕྲན་རྡུལ་ཕྲ་རབ་བདུན་ལྟ་བུ་ཕྲན་བུ་ཆུང་བ་གྱི་ན་ཅུང་ཟད་ཕྲ་བ་ཟབ་པ་ཞིབ་པ་ཕྲ་མོ་ཆུང་ངུ༌། བརྒྱ་སྟོང་ཁྲི་ཕྲག་ཚོ་ཕྱང་བ་འཕྱང་བའི་མིང་ཕྲུལ་བ་འཕྲུལ་བའི་མིང་ངམ་ཡང་ན་ཐུར་དུ་ཕྱང་ཞིང་ཕྲུལ་བའི་རྒྱན་ཕྱལ་གྲོད་པའི་ཞེ་ས་ཕྱང་ངེ་བ་འཕྱང་ཚུལ་འཇོལ་ལེ་བ། ཕྱུག་པ་པོ་ནོར་ཅན་འབྱོར་ལྡན་འབྱོར་པ་ཡོད་པའི་དོན་ཕྱིར་ཆེད་དོན་སླད་དུ་ཕྱོགས་ཆོས་དང་ཆོས་ཅན་དང་དེ་ཚོགས་པའི་བསྒྲུབ་བྱའམ་དམ་བཅའ་དང་རྒྱབ་རྟེན་དང་རིས་དང་མཐུན་དང་ཤར་སོགས་མཚམས་བཅས་བཅུར་གོ་ཕྱིན་པ་འགྲོ་བ་སོན་པ་སོང་བ་ཐོབ་པ། ཕྱག་དར་ཕྱགས་སྙིགས་ཕྱག་དར་ཁྲོད་སོགས་ཕྱི་ས་དྲི་ཆེན་བཤང་བའི་མིང་ཕྱེ་མ་ཞིབ་ཏུ་བཏགས་པའི་སྨན་སོགས་ཕྱེ་རྩམ་པ་ཕྱེ་མ། ཕྱྭ་གཙོ་བོ་མོ་དཔལ་ལམ་གཡང་མཁན་པོ་བྱེད་པོ་ཕོངས་པ་དབུལ་བ་ཉམ་ཐག་པ་དེས་ཕྱིང་བ་མ་བཏགས་པའི་གོས་ཕྱིང་ཞྭ་ཕྱིང་དམར་རུལ་པ་འདྲུལ་བའམ་རྙིང་བ་ཕྱར་བ་གདེངས་པ་གཟས་པ་བརྩམས་པ་འཕྱར་བ། ཕྱི་བདར་ཕྱི་ཞིང་ཕན་ཚུན་བདར་བའམ་མིང་ཙམ་མམ་ཕྱི་བའི་རས་དུམ་གྱིས་ཅོག་ཙེ་དང་རི་མོ་ཕྱིས་པ་དག་པར་བྱས་པ་དབྱི་བ་ཕྱིས་ཤིག་ཀྱང་ཕྱགས་མ་རྡུལ་འཕྱག་བྱེད་ཀྱིས་ཕྱགས་པ་འཕྱག་པ་གད་རྒྱག་པ། ནམ་མཚན་ཕྱེད་དགུང་ཕྱེད་ཀ་ཕྱེད་མ་ཕྱེན་འོག་རླུང་རྟུག་དྲི་གཏོང་བ་བཏང་བ་ཕྱི་རྡོ་འཕོངས་ཕྱི་བའི་རྡོ་དང་ཕྱི་རྒྱབ་ཀྱི་རྡོ་ཕང་བ་འཕེན་པའི་མིང༌། དབང་གིས་ཕྱུག་པ་ལྷ་ཆེན་རྒྱལ་པོ་གཙོ་བོ་མགོན་པོ་དབུགས་ཕྱུང་བ་སེམས་གསོ་བཏང་བ་གནས་སྤར་བ་དབུགས་བཏོན་པ་ཙམ་ཕྱུང་བ་འབྱིང་པ་བཏོན་པ་སྒོ་ལ་སྲོལ་ཕྱེ་བ་འབྱེད་པ་བཏོད་པ་བརྩམས་པ་ཕྲལ་བ་བཀྲོལ་ནས། ཕྱགས་ལྷམ་རྐང་པ་ལ་གྱོན་རྒྱུའི་ལྷམ་མཆིལ་ལྷམ་སོཊ་ཕྲན་ཚེགས་ཆུང་ངུའམ་ཉུང་ངུ་དང་འདུལ་ལུང་སྡེ་བཞིའི་གཅིག་ཕྲེང་བ་གོ་རིམས་སུ་བསྟར་བའི་གྲལ་ལྟ་བུ་ཕྲོགས་པ་འཕྲོག་པ་ལེན་པ་ཚར་གཅོད་པ་ཕྲོགས་ཤིག །ཕྲ་མེན་ལྷའི་གཡོག་འཁོར་རམ་གདོན་ཕྲིན་ལས་ལས་ཀ་མཛད་པ་བྱ་བ་བྱ་བྱེད་ཀྱི་ལས་ས་ཐོས་བསམ་སོགས་ཕྱོད་ཆེ་བ་ཚེགས་ཆུང་གིས་དོན་ཆེན་སྒྲུབ་པའི་མིང་ངམ་སླེབ་ཆེ་བ། ཕྱུགས་བདུད་འགྲོའི་བྱེ་བྲག་རྟ་སོགས་ཀྱི་མིང་ཕྲུ་མ་མངལ་གྱི་བུ་སྣོད་དམ་ཤ་མ་ཕྱེ་མ་ལེབ་མེ་ལྕེར་ལྕེབས་པའི་སྲོག་ཆགས་ཤིག །ཕྲུ་བ་སྣོད་རྫ་མའམ་རྫིའུ་ཁོག་མའི་མིང་ཕྱིར་ཕྱི་རུའམ་ཕྱི་རོལ་ཏུ་ཕྱུང་བ་འབྱིན་པ་བཏོན་པ་བཀར་བ་བཀོལ་བ་བསྐྱེད་པ་ཕྱག་ལག་པའམ་སོར་མོ་ལྔ་པ་དག་གིས་དར་སོགས་ཕྱོར་ཅིག་འཕྱར་བའི་སྐུལ་ཚིག །སྨིན་མ་མཆེ་བའི་ཕྲག་པར་མཚམས་ཕྱག་འཚའ་བ་བདུད་པ་ཕྱག་བྱེད་པ་ཉིན་མོ་དང་མཚན་མོའི་དུས་ཕྱད་པ་རྒྱུན་པ་རྟག་པ་ཕྱད་པར་རྒྱུན་དུའམ་རྟག་ཏུ། ཕྲ་མ་དབྱེན་ནམ་སྐྱོ་མ་མི་མཐུན་པར་བྱེད་པའི་ཚིག་ཕྲག་དོག་གཞན་གྱི་ཕུན་ཚོགས་ལ་མི་དགའ་བའི་སེམས་ཕྲག་པ་དཔུང་མཚམས་ཀྱི་ཆ་ཕྲག་པར་ཁུར་ལོངས་ཕྲག་གོང་ལྟ་བུ་ཕྲལ་བ་འཕྲལ་ཕྱེ་བ་བྲལ་བ་ཐ་དད་དུ་བྱེད་པ། ཕྱིན་ཆད་ཕན་ཆད་སླད་ཀྱི་ཆ་ཡིད་སེམས་ཕྱུང་བ་མི་དགའ་བའམ་སྐྱོ་བ་བསྐྱེད་པ་ཡིད་བྱུང་བ་སུན་ཅི་ཕྱིན་པ་རང་གིས་རང་སུན་འབྱིན་པ་དང་གཞན་ལ་སུན་ཅི་ནུས་འབྱིན་པ། ཕྱི་རྗེས་འབྲང་པ་སྙེག་པ་ཕྱིར་ཕྱི་རུའམ་རྒྱབ་ཏུ་དང་ཡང་ངམ་སླར་ཕྱོགས་པ་ཁ་བསྟན་པ་གཞོལ་བ་འཇུག་པ་ཕྱིན་ཅི་ལོག་པ་ནོར་བ་གོ་ལོག་པ་མི་བདེན་པ། མི་ཕམ་པ་མ་ཕམ་པ་རྒྱལ་བ་རྒྱལ་ཚབ་བྱམས་པ་ཚིག་ཕན་ཚུན་ཕྲད་པ་སྦྱོར་བ་སྟེ་སླར་བསྡུ་སོགས་ཡིན་ཚིག་དང་དོན་རྣམ་པར་དབྱེ་བ་འབྱེད་པ་ཐ་དད་པར་བྱེད་པ་དང་པོ་སོགས་ཕྱེད་པ་ཁྱད་པར་ཤེས་པ་མ་འདྲེས་པར་རྟོགས་པ་ངོས་འཛིན་པ། ཕྲུ་མ་དམག་སྒར་དང་ཕོ་བྲང་ཕྱར་བ་འཕྱར་བ་རྒོད་ཅིང་གཡེང་བ་སྟེ་རྣམ་གཡེང་དང་ཕྲུ་དང་ཞབས་ཕྱི་ཞེ་སའི་ཕྱག་སྔ་ཕྱི་ཕྱི་ནང་ཕྱི་མིག་རྒྱུ་མཚན་གྱི་ཕྱིར་ཕ་བུ་ཕ་ལམ་ཕུ་ནུ་ཕར་ཕྱིན་ཕོ་བ་ཕོ་ལོང་སོགས་ཕ་རྐྱང་ངོ༌།། ༼འཕ༽ གཞན་སྐྱོན་ཅན་ལ་འཕྱ་བ་དང་འཕྱས་པ་གཉིས་སྨོད་པ་སྐྱོན་བརྗོད་པ་དཔྱ་བ་འོད་དང་སེམས་འཕྲོ་བ་དང་འཕྲོས་པ་འགྱེད་པ་འཚེར་བ་གཡེང་བ་སྤྲོ་བ། འཕྱི་བ་ས་ཁུང་གི་སྲོག་ཆགས་ཤིག་འཕྱེ་བོ་རྐང་མེད་ལྟོ་བ་སོགས་ཀྱིས་འགྲོ་མཁན་དུས་ཚོད་འཕྱི་དང་འཕྱིས་པ་འགྱངས་པ་འགོར་བ། རྣམ་པར་འཕྲུལ་བ་སྤྲུལ་པ་གཡོ་བ་འགྱུར་བ་སྒྱུ་མའི་མིག་འཕྲུལ་རྣམ་འགྱུར་སྣང་ཆ་སྤྲུལ་པ་སྒྱུ་དྲ་སོགས་མདའ་སྒྲོ་ལྡན་འཕེན་པ་དང་འཕངས་པ་སྐྱེལ་བ་སྐྱུར་བ་རྡེག་པ་རྒྱབ་པ་འཕང་བ་རླག་པ། ནམ་མཁའི་འཕང་མཐོན་པོ་ཁྲི་གདན་འཕང་མཐོན་པོའམ་སྟེང་གོ་འཕང་གོ་གནས་སམ་གོ་ས་མཐོན་པོ་འཕྲོག་པ་ཕྲོགས་པ་དང་འཕྲོག་བྱེད། མཚོ་དང་དུད་པའམ་དུ་བ་ལྦུ་བ་འཕྱུར་བ་བླུད་པ་འཐུལ་བ་ཐོན་པ་འཚུབས་པ་དུང་འཕྱུར་གྲགས་གནས་ཤིག་ལམ་འཇུག་ངོགས་འཕྱུག་པ་དང་འཕྱུགས་པ་གཉིས་ནོར་བ་འཛོལ་བ་འཆུགས་ཀྱང་འཐད། སྙིང་དོན་གྱི་རྒྱལ་པོའམ་སེམས་འཕྱོ་བ་གཡོ་བ་མི་བདེ་བའི་དོན་འཕྱོན་མ་སྨད་འཚོང་མ་འཇུད་མཐུན་མས་ཕྱེ་རྩམ་སོགས་སྤུན་པ་འཕྱར་བ་ཕྱར་བ་རླུང་ལ་བསྟན་པ་བཀག་པའམ་བརྐྱང་བ་ལྟ་བུ་འཕངས་པ་འཕེན་པ་ཆུད་ཟོས་པ་འཕངས་བསྟོད་སྨད་ཀྱང༌། འཕོངས་ཚོས་རྐུབ་ཚོས་ཚང་ར་རྐུབ་ཀྱི་མིང་འཕག་འཕག་གྱེན་དུ་འཕག་ཚུལ་ལམ་ཡང་ཡང་འཕག་པ་མགོ་བོ་དང་ཐུམ་པོ་འཕུར་བ་མཉེད་པ་དང་མཁའ་ལ་འགྲོ་བ། འཕོང་མདའམ་མདའ་རིག་འཕོང་དཔྱད་འཕོང་སྐྱེན་སྣ་ལྔ་དག་གིས་གཞན་ཕ་རོལ་འཕམ་པ་ཕམ་པ་གླགས་རྙེད་པ་ཐུབ་པ་འཕལ་ཀ་རི་མོའམ་ཤིང་སོགས་སྦྱོར་མཚམས་ཀྱི་ཁ་འགྲིག་པ་སྒྲིག་པ། འཕྱན་པ་དབང་མེད་དུ་འཁྱམ་པའམ་ཡན་པའི་དོན་ཡིན་ཞིང་འཕྱོ་བ་གཡོ་བའམ་ལྡིང་བ་ལྡིང་ལྡིང་བྱེད་པ་དར་བོ་ཆེ་སོགས་འཕྱར་བ་ཕྱར་བ་སློང་བ་འཕྲལ་མ་མྱུར་བ་དེ་མ་ཐག་གློ་བུར་ཏེ་འཕྲལ་དུ་སོང་ལྟ་བུ། འཕྲིན་གཞན་ལ་བསྐུར་བའི་གཏམ་མམ་ལོན་ཏེ་འཕྲིན་ཡིག་འཕྲིན་པ་ལྟ་བུ་འཕྲོད་པ་སྤྲོད་པ་མཐུན་པ་ཕན་པའང་འཕྲོད་པ་འཆི་འཕྲས་ཤི་སྡུག་གམ་མྱ་ངན་སེམས་སྙིང་ལ་འཕྲེང་བ་ནི་འཛིན་པ་མ་བརྗེད་པར་དྲན་པ་ཆགས་པ་དང་བགྲང་འཕྲེང༌། འཕྲལ་བ་གདོང་གི་དཔྲལ་བ་དང་སོ་སོར་ཕྲལ་བ་སྐྲ་དང་བལ་འཕྱིངས་པ་དམ་དུ་འདྲེལ་བའམ་ཕྱིང་པ་ལྟར་གྱུར་པ་ཕྱག་དར་ཕྱགས་སྙིགས་འཕྱག་པ་ཕྱགས་པ་བྱི་དོར་བྱས་པ། འཕྱང་བ་ཐུར་དུ་དཔྱང་བ་མཆུ་འཕྱང་རྣ་འཕྱང་ལྟ་བུ་དང་འཕྱེ་བ་འགྲོ་བའམ་བྲང་སོགས་ཀྱིས་འགྲོ་བ་དང་བགྲད་ཀྱང་ཡིན་སྙམ་འཕང་འཕྲེས་འཕྲལ་འཕགས་འཕུལ་རྫུ་འཕྲུལ་ཆོ་འཕྲུལ་འཕར་འཕྱངས་འཕོ་འཕོས་འཕན་འཕེལ་སོགས་འས་འཕུལ་ཕའོ། ། ༼བ༽ བླ་མ་ནི་གོང་མ་སྟེང་མ་ཕྱི་མ་དམ་པ་སློབ་དཔོན་ལྕི་བའི་དོན་བླ་ན་གོང་ནའམ་གོང་མ་ན་སོགས་བླ་དྲེ་མཆོད་རྫས་སམ་ཐོག་ཡོལ་དྲེ་བ་དང་དྲེས་པ་ཕན་ཚུན་སྦྲེ་བ་སྦྲས་པ། བྱམས་པ་བདེ་བ་དང་ལྡན་འདོད་ཕན་འདོད་མཛའ་བ་མ་ཕམ་པས་བྱད་མཐུ་གནོད་པ་མྱ་ངན་བྱུར་མྱ་ངན་ལྟས་ངན་གང་ཚུལ་བྱབས་པ་ཐུར་དུ་འཐེན་པའམ་འོག་ཏུ་འདྲེན་པ་དང་སེལ་བ་དོར་བས་བྱེར་བ་བྲོས་པ་འཐོར་བ་སོང་བ་ཁྱབ་པ། བྲེ་འཇལ་བྱེད་བྲེ་བོ་ཆེ་བྲེ་ཁ་ལ་སོགས་པ་ཡི་དོན་བྱེ་མ་ཕྱེ་མ་གངྒཱའི་བྱེ་མ་སོགས་ཀྱིས་བྲབས་པ་འབྲབ་པ་གཏོར་བ་སྣུན་པ་རྒྱབ་པ་འཇུ་བས་བྱང་བ་སྦངས་པ་སྦྱངས་པ་མཁས་པ་འབྱོངས་པ་དག་པ། བྲན་ཕོ་མོ་གཡོག་ཕོ་མོ་བྱེས་གཞིས་མིན་པ་ཕྱོགས་བྱེས་པ་སོགས་བྱོན་པ་འབྱོན་པ་ཕེབས་པ་བྱུང་བ་བྱུག་པ་སྣུམ་སོགས་འབྱུག་རྫས་བྱིན་པ་སྦྱིན་པ་སྟེར་བ་གནང་བ། བྱིས་པ་ཤེད་མ་བྱེ་བ་སྐྱེ་འཕགས་མཁས་བླུན་རྒན་གཞོན་གྱི་ཟླས་ཕྱེ་བའི་བྱིས་པས་བྱ་ར་ལྟ་རྟོག་སྤྱན་པ་མེལ་ཚེའི་མིང་བྱ་བ་དགོས་པ་ལས་ཀ་མཛད་པ་བྱ་བའི་ལས་བྱོས་ཤིག་གྱིས་ཤིག་བླུགས་ཤིག །བྲམ་ཟེ་བྲཱཧྨ་ཎ་ཟུར་ཆག་པ་སྟེ་ཚངས་པའི་བུ་རྒྱུད་རིགས་བཞིའི་གཅིག་བྲག་གི་རི་བོ་དང་བྲག་ཞུན་བྲག་སྐྱིབས་ལྟ་བུའི་དོན་བྱང་ཕྱོགས་བཞིའི་ཡ་གྱལ་དུ་གྲགས་བྱོལ་བ་འཛུར་བའ་ཡོལ་བ་འབྱོར་བ་བྱོལ་ཅིག་ཀྱང༌། བྱ་འདབ་ཆགས་དང་རུས་ཤིག་དང་བགྱི་བྱིའུ་བྱ་ཆུང་ངམ་བྱ་ཕྲུག་བྱི་བ་ལོ་སྐོར་བཅུ་གཉིས་ཀྱི་དང་པོ་བྱི་ལ་བྱི་བའི་དགྲ་བྱད་བཞིན་དབྱིབས་ཚུགས་དགྲ། བྱོལ་སོང་དུད་འགྲོ་དང་ཐོགས་མེད་དུ་འགྲོ་བ་བྲང་གིས་འགྲོ་བ་སྦྲུལ་ལ་སོགས་པའི་མིང་བྲང་ལུས་ཀྱི་མཐོང་ག་དང་བླ་བྲང་ཕོ་བྲང་བྱིལ་བྱིལ་བཤུད་པའམ་བཤད་པའི་ཚུལ་ལམ་དབྱིབས་ལྟ་བུ། བླ་གབ་སྟེང་ངམ་ཐོག་གཡོགས་བླ་གོས་སྟེང་ངམ་སྟོད་གོས་བླུས་པ་བླུ་བ་རིན་གྱིས་ཉོས་པ་བླུས་ཤིག་ཀྱང་གོ་བླ་རུང་བཟོད་ཆོག །བླུན་པ་སེམས་མེད་ལྟ་བུའམ་རྨོངས་པ་པོ་ཅན་ནམ་བདག་སྒྲ་ཡིན་སྙམ་འདམ་དང་ཆུར་བྱིང་བ་ནུབ་པ་སྦྱིངས་པ་བློ་གྲོས་རིག་པ་ཤེས་རབ་བློང་བློང་པོ་རྟབ་རྟབ་པོ་ཚབས་ཚབས་པོ་མི་བདེ་བ་རིག་པ་མི་གསལ་བ། བྲོ་ཞེས་པ་ནད་ཀྱི་མིང་བྲོ་འཚལ་བ་ན་བ་ཐབས་སྒྲུབ་བྱེད་དང་བྲལ་བ་འབྲལ་བ་འཕྲལ་བ་སྤངས་པ་བྲོ་བོར་བ་མནའ་བསྐྱལ་བའམ་སྒོག་པ་བྲོས་པ་འབྲོས་པ་འཁྱུས་པ་བྲོས་ཤིག །བྱན་མོ་གཡོག་མོའམ་ཐུག་ཚོད་མའི་དོན་བྱི་བོ་བྱི་བྱེད་པོ་གཞན་གྱི་ཆུང་མ་སྤྱོད་མཁན་ནམ་འཆལ་པོ་དང་བྱི་མོ་བྱི་ཕྲུག་ཀྱང་མཚོན་པར་བྱེད་རང་བྱན་ཆུད་པ་རང་དབང་ཐོབ་པའམ་གྱུར་པ། བྱག་མཁན་མདའ་མཁན་ནམ་གར་མཁན་བྲོ་ཞབས་བྲོ་གར་ཟློས་གར་ལྟ་བུ་བྱེ་བ་གྲངས་ཤིག་དང་རྒྱས་པ་དང་བྲལ་བས་དྲེལ་བ་དལ་ཁོམ་མེད་པ། ཁའི་སོ་ཡིས་བླད་པ་ལྡད་པ་འཆའ་བ་བཅེམ་པ་ཆུ་ཆང་བླུད་པ་ལྡུད་པ་སྟེར་བ་ཟས་ཐུག་བྲིམས་པ་འབྲིམ་པ་སྟེར་བ་འདྲེན་པ་བྲིམས་ཤིག་བྲོད་པ་དགའ་བ་དང་རྩེ་བ་བྲོད་པོ་རྩེད་མོའམ་དགའ་པོ། བྱ་ན་བྱཉྤན་ཟུར་ཆག་ཐུད་པའམ་ཚོད་མ་སྟེ་སྤགས་མའམ་རོ་གསལ་བའི་དོན་ཡོ་བྱད་སྤྱད་དངོས་བྱུར་བུ་གང་ཚུལ་ལམ་ཕྱུར་བུར་གོ་བླུགས་པ་བླུག་པ་བཅུག་པ་ལྡུགས་པ་བླུགས་ཤིག་ཀྱང༌། ད་བྱིད་སྟོབས་སྐྱེད་སྨན་སྐྱིན་གོར་རོ་རྒོད་དྲི་བྲོ་བ་མྱོང་བ་ཚོར་བ་བྲ་བ་བྱི་བ་ལྟ་བུའི་སེམས་ཅན་བྲུན་ལུད་སྐྱག་བྱ་བྲུན་ལྟ་བུ། དོང་ཁུང་སོགས་སུ་བྲུབས་པ་འབྲུབ་པ་ནང་དུ་བཅུག་པ་ནང་དུ་བཅུག་པ་མི་ཐར་བར་བྱེད་པ་བྲུབས་ཤིག་ཆུ་བོ་བྲུག་པ་རྒྱས་པ་གང་བ་བྲུ་བ་ཚ་བ་དང་བྲུ་བ་ནི་ལྟོགས་པ་བཀྲེས་པ། གོས་གྱོན་གོས་སོགས་བྱེར་བ་དམན་པ་ཞན་པ་ངན་པ་ཡིན་སྙམ་གོས་བྱེད་ལྟར་ན་ཚེམ་བུ་པ་བཙོ་བླག་ཚོས་སམ་ཁྲུས་བཙོ་བླག་མཁན་ལྟ་བུ་གོས་སོགས་ཀྱིས་བྱིབས་པ་གཡོགས་པ་བཀབ་པ། བླ་གཉན་པོ་གནད་རྟེན་རྩ་བ་ཡིན་སྙམ་ཚེ་བླའི་དོན་ནམ་སྲོག་བྱང་བུ་བརྗེད་བྱང་ཆུང་བ་ཁ་མིང་མཛད་འགྱུར་ཤིང་བྱང་ལྟ་བུར་གོ་བ་བླ་ཚོན་སེར་པོ་ཞིག་བྱུགས་པ་བསྐུས་པ་འབྱུག་པ་བྱུགས་ཤིག །ཁ་དང་ལག་པ་ཡིས་བླངས་པ་བླང་བ་སྒྲུབ་པ་འཇུག་པ་བླ་ཐབས་བརྗོད་བདེའམ་རུང་ཐབས་བདེ་བླག་སླ་བ་གློ་བུར་ས་བླ་ས་སྟེང་ངམ་ས་ལས་འཕགས་པའི་སྟེང་གིས་ཁྱེར་བ་ཁུར་བ། བློ་རིག་བྲིད་པ་འབྲིད་པ་བསླུས་པ་བླ་དྭགས་མིང་གི་རྣམ་གྲངས་སམ་མིང་བཏགས་པའམ་ཐོགས་པ་ཡི་གེ་རི་མོར་བྲིས་པ་བཀོད་པ་བྲི་བ་བྲིས་ཤིག་ཀྱང༌། སྤུ་སྐྲ་བྱི་བ་མ་བཏོགས་ཀྱང་མེད་པར་གྱུར་པ་དང་རི་མོ་བྱི་བ་ཡང་ཆ་བྱད་ཆ་ལུགས་གཟི་བྱིན་གཟི་བརྗིད་ཟིལ་ནུས་པ་བྲི་བ་འབྲི་བ་ཉམས་པ་འགྲིབ་པ་འབྲིད་པ། བྱི་བཞིན་དང་བྲ་ཉེ་གཉིས་སྐར་མ་ཐ་དད་པར་གོ་བྲ་བོ་འབྲུའི་ཁྱད་པར་རྒྱ་བྲ་སོགས་ཕྱེ་རྩམ་ཆང་བྱོ་བ་འབྱོ་བ་བླུག་པ། བྱུག་རིས་གྲལ་ལམ་གོ་རིམས་བྱ་བ་བགྱི་བའམ་ཟེར་བའི་མིང་བྱེ་བྲག་ནང་གསེས་ཁྱད་པར་གསལ་བ་ལ། རྒྱལ་པོ་ས་སྐྱོང་གི་བློན་པོ་གྲོས་བྱེད་པོ་མདུན་ན་འདོན་བློ་གྲོས་ཀྱི་མིག་སྤྱན་བདེ་བླག་བྱ་སླ་བ་དཀའ་ཚེགས་མེད་པ་ངེས་པར་བྱེད་པ་བགྱིད་པ་བྱེད་ལས། བླང་བ་ལེན་པ་དོར་དོར་བ་བློན་འདེབས་པ་ཟུར་ནས་གྲོས་འདེབས་པའམ་སྟོན་པ་བླ་བོ་གཏམ་མམ་བརྗོད་པ་ལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་འབྱུང་བ་ཕྱུང་བའམ་ཕུལ་བྱུང་སྐྲ་ཁ་སྤུ་བྲེགས་པ་འདྲེག་པ་གཅོད་པ་རྣ་བ་ཉན་བྱེད་བླགས་པ་རྣ་བ་གཏོད་པ་ཉན་པ་བློགས་ཤིག་ཉོན་ཅིག །ལྟོ་གོས་ཟས་གོས་བྲང་དྲེང་ངན་ངོན་ནམ་གྱི་ན་བྱ་དགའ་གནང་སྦྱིན་ནམ་ཞོ་ཤར་གོ་བྱིན་པ་སྟེར་བ་སྦྱིན་པ། སྨན་གྱི་བླ་མ་སྨན་རྒྱལ་བྱང་བ་སྤངས་པ་ཆུབ་པ་རྟོགས་པའམ་བྱང་ནས་ཤེས་པའམ་གོམས་ཆ་ཆེ་བ་བླ་ན་གོང་ན་མེད་པ་མ་མཆིས་པ། གཟི་བྱིན་གྱིས་རླབས་པ་རློབ་པའི་མིང་ཙམ་ནུས་པའི་དོན་འདྲ་བྱུ་རུ་དང་བྱི་རུ་རིན་ཆེན་དམར་པོ་དང་བྲང་སྐྱེས་ཁ་བྲག་བྱིངས་གཏོང་བྲ་བ་བྱུང་བ་བྱིན་རྟེན་བོང་བབ་ཅོལ་བུལ་བ་བབས་པ་བུ་ག་བྲུས་བྲང་ངེ་སོགས་བ་བ་རྐྱང་ངོ༌། ། ༼དབ༽ དབྱེན་པ་མི་མཐུན་པ་ཕྲ་མ་དབྱེ་བའི་མིང་དང་དབྱེ་བ་ཕྱེ་བ་བྱེ་བྲག་ཁྱད་པར་བྲལ་བ་སྤངས་པ་ཆོས་རྣམས་ཀྱི་དབྱིངས་རང་བཞིན་ཁམས་འཛིན་བྱེད་འབྱུང་གནས་སྒྲའི་སྐབས་བྱིངས་ཀྱང་ཟེར་དབྱིབས་གཟུགས་ཀྱི་ཁྱད་པར་རིང་ཐུང་སོགས། དབྱེ་བ་བྱར་མེད་པ་ཐ་མི་དད་པ་གཅིག་པ་དབུ་མ་དང་དབུང་དང་དབུས་མ་གསུམ་དཀྱིལ་མ་བར་པ་མཐའ་བྲལ་གྱི་དོན་གཅིག་ཀྱང་ཚིག་སྦྱོར་ལེགས་ཚུལ་གྲགས་པ་བཞིན་བྱེད་དབུས་ན་མོ་ཡང། དབྱུ་གུ་ཆུ་ཚོད་དང་ཤིང་བུ་དང་དབྱུག་པ་ཆུང་བ་དབྱིག་པ་དང་དབྱུག་པ་གཉིས་བེར་ཀའི་མིང་སྔ་མ་བརྡ་རྙིང་དབྱུང་པ་དབྱུག་པ་སྐྱུར་བ་འཕེན་པ་སྣུན་པ་དོར་བ་ཡང་འཇུག་མེད་པ་འདི་ད་ལྟ་བ་དང་མ་འོངས་པར་འཐད་དབྱུགས་ཤིག་ཀྱང༌། རྫིང་བུའི་ཆུ་དབོལ་པ་བཏང་བ་འཆོར་བ་རྟོལ་བ་ཆུ་དང་འབྲུ་དབོ་བ་ཕོ་བ་འབོ་བ་བཤོས་པ་སྐར་མའི་འི་ཁྱད་པར་ལ་འཇུག་པའི་དབོ་དང་དབོ་ཟླ། ཕྱིར་དབྱུགས་བ་ཕྱིར་ཕྱུང་བ་འབྱིན་པ་བཏོན་པ་སུན་དབྱུང་བ་འབྱིན་པ་ཕྱུང་བ་བཏོན་པ་མཚོན་དང་ལྕགས་གཟེར་གྱིས་དབུག་པ་ཕུག་པ་འབུགས་པ་རྟོལ་བ། དབུལ་བ་པོ་བཀྲེན་པོ་མེད་པོ་མེད་པོ་སྤྲང་པོས་དབུགས་ཁ་སྣའི་རླུང་ལྟ་བུ་དབྱུང་བ་ཕྱུང་བ་འབྱིན་པ་བཏོན་པ་ནོར་སྤྱད་དངོས་མི་དགག་ཚིག་དབྲོག་པ་འཕྲོག་པ་འཇོམས་པ། ཚོན་རྩི་ཡི་གེ་དབྱི་བ་འབྱིད་པ་ཕྱིས་པ་འདག་པར་བྱེད་པའམ་སུབ་པ་དབྱིག་མོ་འཇམ་པོ་ལ་སོགས་པར་གོ་དབྱིག་དབྱིག་དབུར་ཚུལ་འཇམ་འཇམ་བྱིལ་བྱིལ་སྒྲའི་ཁྱད་པར་ཡང་ཡིན་སྙམ་དབུར་བ་འཇམ་པོར་བྱེད་པ་འཁྲུད་པ། དབོན་པོ་ཚ་བོ་སྐུ་མཆེད་རྩིས་པས་དབྱངས་གདངས་ང་རོ་འཇམ་དབྱངས་དབྱངས་ཅན་མ་དབུལ་བ་འབུལ་བ་ཕུལ་བ་སྐུར་བ་སྦྱིན་པ་མཆོད་པ་སྨ་དམའ་བའི་དོན་ཡིན་འདྲ་མི་དགག་ཚིག་དབབ་པ་འབེབས་པ་འབབ་ཏུ་འཇུག་པ་བབ་པ་སྦྲིལ་ན་སྨ་འབེབས་མི་བྱེད་པའི་དོན། དབྱིག་གཉེན་ཀུན་མཁྱེན་གཉིས་པ་དབུ་མགོ་རྩེ་མོ་གོང་མ་གཙོ་བོ་གཞུང་བྱ་བ་ལུས་ཀྱི་དབུ་ཞབས་ལྟ་བུ་ལ་གོ་གདུགས་གུར་ཐོག་ཀྱང་དབུབ་པ་འབུབས་པ་ཕུབ་པ་བཀབ་པ་ལྟ་བུ། དབང་བསྐུར་བ་བྱེད་རུང་བའི་དབང་སྤྲད་པ་གཏོར་བ་དང་བླུག་པའི་དོན་བྱིན་རླབས་སོགས་དབབ་པ་འབེབས་པ་ཕབ་པ་གཏན་ལ་དབབ་པ་དོན་ལ་གནས་པར་བྱེད་པ་འབེབས་པ་ཕབ་པ། བར་མ་ཆད་པའི་ལུང་དབོག་པ་འབོགས་པ་ཕོག་པ་མནོད་པ་ལེན་པ་སྦྱིན་པ་ནོར་ཁུར་དབོག་པ་འབོགས་པ་ཕོག་པ་བཞག་པ་གཏད་པ་སྦྱིན་པ་དབེན་པ་བས་མཐའ་མི་གཡོ་བ་སྟོང་པ་སྟེ་དབེན་སར་དབེན་གནས་སུ་དབྲལ་བ་འཕྲལ་བ་ཕྲལ་བ་རལ་དུ་འཇུག་པ་ཡང༌། དབང་ཕྱུག་ཨུ་མའི་བདག་པོ་སོགས་དབང་བ་མངའ་བ་དང་ལྡན་པ་བྱང་ཤར་རམ་དབང་ཅན་དབང་ཐང་མངའ་ཐང་ཁ་རྗེ་དབྱར་ཀ་དུས་ཤིག་དབྱར་གནས་དབྱར་རྔ། དབང་བྱ་ལ་དབང་པོ་ཉི་ཤུ་རྩ་གཉིས་སམ་མིའི་དབང་པོ་སོགས་དབྱིག་ནོར་རམ་རིན་པོ་ཆེ་མང་པོ་དཔྲལ་བ་སོགས་དབྱེས་ཁྱོན་ནམ་རྒྱ་ཆེ་བ། དབའ་རླབས་རྦ་རླབས་དབུ་བ་ལྦུ་བ་སྐྱོན་དང་མར་གྱིས་དབགས་པ་འབགས་པ་བསྒོས་པ་བསྲེས་པ་འདས་པ་ལ་དབགས་འཐད་དམ་དཔྱད། དབྲེ་བ་དང་བཙོག་པ་གཉིས་དམེ་བ་མི་གཙང་བ་ངན་པ་གྱོང་པོ་ཁ་དབྲི་བ་འབྲིད་པ་ཕྲི་བ་དམའ་བར་བྱེད་པ་ཞེ་ས་གུས་པའི་དོན་ཅན་གྱི་དབའ་སྟེ་ལགས་སོ་ལྟ་བུ། དབལ་ཞེས་པ་ནི་ཤ་ཉམས་ཤེད་མོ་དང་རྩེ་མོའམ་ཟུར་དང་དྲོད་དང་ཏོག་ལ་འཇུ་སྟེ་རིམ་བཞིན་རྟའི་དབལ་ཕུར་བའི་དབལ་མེའི་དབལ་རྒྱལ་མཚན་གྱི་དབལ་ལྟ་བུ་དང་ཤུགས་ཀྱང་ཡིན་སྙམ། ཞ་ཉེ་ལས་བྱས་པའི་དབྱར་འདབ་སྣོད་སྟེགས་སམ་དགེ་སློང་མའི་ལྷུང་བཟེད་ཀྱི་སྟེགས་བུ་དང་དབྱིག་དུག་དབྱིག་འཛིན་ཡིད་དབྱུང་ཕོངས་པའི་དབུལ་བ་དབད་པ་དབྱིངས་མངའ་སོགས་དས་འཕུལ་བའོ།། ༼འབ༽ རབ་ཏུ་འབྱམས་པ་དང་འབྱམས་ཀླས་པ་གཉིས་མཐའ་ཀླས་པའམ་མང་པོ་སྔ་མ་བསྡུས་ན་ལྷ་རམས་ལྟ་བུ་འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་བཞི་གྲངས་འབྲུག་དབྱར་རྔའམ་སྤྲིན་སྒྲ། འབྲལ་བ་བྲལ་བ་མེད་པ་དགག་ཚིག་དང་འདྲེལ་བའམ་བ་སྦྲེལ་བ་ཕན་ཚུན་སྦྱོར་བ་མཐུན་པ་ཉེ་འབྲེལ་འགལ་འབྲེལ་འབྲས་བུ་བསྐྱེད་བྱ་གཞག་བྱ་དོན་དགོས་པ་དངོས་པོ་འབྲུ་ནས་གྲོ་སོགས་དང་འབྲུ་མ་རྡོག་མ་དང་ཚུགས། འབྲིང་པོ་བར་མ་དཀྱིལ་འདམ་ཆུར་འབྱིང་བ་བྱིང་བ་ནུབ་པ་འབྲུམ་པ་ནི་ནད་ཀྱི་ཁྱད་པར་འབྲུམ་དཀར་ནག་འབྱང་བ་བྱང་བ་སྦྱོང་བ་ལྟོ་བ་འཁྲུ་བ་དག་པ། འབྲོག་དབེན་པ་དགོན་པ་ཡུལ་འབྲོག་གི་མིང་འབྲི་མོ་གནག་གི་ཁྱད་པར་འབྲོང་རི་དྭགས་གཡག་རྒོད་རུས་ཀྱི་བྱེ་བྲག་གཅིག་ལ་འབྲོམ་དུ་གྲགས། འབྱུང་བར་འགྱུར་བ་མ་འོངས་པའམ་སྐྱེ་འགྱུར་ཚེ་འབྱིད་པ་ཕྱིད་པ་འཚོ་བ་ཚེ་མགོ་འཐོན་པའམ་སྐྱེལ་བ་འདྲིད་པའི་དོན་ལ་འབྱིད་པ་འཐོབ་ཅིང་དབྱི་བའི་དོན་ཡང་ཡིན། སྐྲ་སོགས་འབལ་བ་འཛིངས་པ་གཅོད་པ་བཤིག་པ་འབེལ་བ་ལེགས་པ་ཡང་དག་པ་ཆོས་མཐུན་གྱི་གཏམ་མཆིད་སྒོ་སྲོལ་མེ་ཏོག་འབྱེ་བ་བྱེ་བ་རྒྱས་པ་བྲལ་བ་འབྱེད་པ་ཕྱེ་བ་དབྱེ་བ་འཇོམས་པ་འཕྲལ་བ་རྒྱས་པ། འབྲས་ཆན་བཙོས་པའི་འབྲས་ལྕེ་རོ་འཛིན་པ་ཡིས་འབྱོག་པ་ལྡག་པ་འདག་པ་ཆང་ཕྱེ་འབྱོ་བ་བྱོ་བ་སྣོད་གཅིག་ནས་གཅིག་ཏུ་བླུག་པ་བྱོས་པ་འབྱངས་པ་དག་པ་ལྟོ་བ་འཁྲུ་བ་ཆུ་ལ་སྦངས་པའང་ཡིན་སྙམ། འབྲོམ་གྱི་རུས་འཛིན་དགེ་བཤེས་སྟོན་པ་རྒྱལ་བའི་འབྱུང་གནས་འབྱོན་པ་བྱོན་པ་ཕེབས་པ་འབྱུང་བའི་དུས་ཚེ་སྐབས་འབྲོས་པ་བྲོས་པ་འཁྱུས་ཤིང་རྗེས་སུ་འབྲང་བ་འབྲངས་པ་འགྲོ་བ་སྙེག་པ་འཇུག་པ། འབྲུབ་པ་བྲུབས་པ་བཅུག་པའི་ཁུང་བུ་ཁ་འབྱེད་པ་ཁ་དབྱེ་བ་ཕྱེ་བ་འབྱོལ་བ་བྱོལ་བ་འཇུར་ཞིང་འབྱེར་བ་བྱེར་བ་ཉམས་པ་འབྲོས་པ་འགྲོ་བ། མཚང་སྐྱོན་འབྲུ་བ་འདྲུ་བ་སྔོག་པ་བྲུས་པའི་མིང་ཚིག་དྲུངས་འབྱིན་པ་འདོན་པ་ཕྱུང་བ་ཚོན་སྣུམ་འབྱུག་པ་སྐུད་པ་བྱུགས་པ་འབྱོངས་པ་བྱང་བ་འབྱང་བ་འབྱངས་པ་སྦྱོང་བ་སྤངས་པ་གོམས་པ་དག་པ་འཁྲུ་བ་འབྱོངས་ཤིག་ཀྱང༌། མཚོ་ཁ་འབྲི་བ་བྲི་བ་འགྲིབ་པ་དམན་པ་དང་ཡི་གེ་འདྲི་བ་ཆུ་འབྲུབ་པ་འཕེལ་བ་རྒྱས་པ་འཁོལ་བ་བྲུབས་ཀྱང་འཐད་སྙམ་སྦྱར་བའི་དོན་སྟོན་པ་ལ་འབྱར་བ་འཇུག་མོད་བྱེད་པོ་དང་དངོས་སུ་འབྲེལ་མ་འབྲེལ་གྱི་ཁྱད་པར་ཡོད་ཚུལ་འདི་ཁོ་བོས་ཀྱང་བསྲེས་ནས་བཀོད་པ་རྣམས་ཕྱེད་དགོས་རྟགས་འབྱར་འབྱར་མ་ལྟ་བུ་དང་འབྱོར་བའི་སྦྱོར་ཡང༌། འབྱུང་བ་པོ་སེམས་ཡོད་དང་ཁྱད་པར་གདོན་གྱི་རིགས་དང་སྐྱེ་བ་པོའི་དོན་འབྱོར་པ་ལོངས་སྤྱོད་སོན་པ་འཐོབ་པ་མཐུན་པ་དང་འབྱུང་འགྱུར་འབྱུང་བ་རུས་ཀྱི་འབལ་ཞབས་འབྲིད་འབྲེ་འབྲེད་པ་ནད་ཀྱི་འབྲས་འབགས་པ་འབྲོངས་སོགས་འས་འཕུལ་བའོ། ། ༼རྦ༽ ཁྱི་སོགས་རྦད་པ་རྦོད་པ་འགྱེད་པ་གཏོང་བ་སྐུལ་བ་མངག་པ་རྦབ་རི་ནས་འགྲིལ་བའི་རྡོ་སྒྲིལ་བ་འགྲིལ་བ་ཁ་རྦད་ཁ་འབྲས་སམ་ཁ་བཤད་དམ་ཁ་སྒྲོམ་ཆེ་བ། རྦ་དབའ་རླབས་ཀློང་འཁོར་སྐྱ་རྦབ་བད་ཀན་གྱི་དབྱེ་བ་ཞིག་སྐྲ་དང་བལ་རྦད་རྦོད་མ་འཕྱིངས་པའི་ཚུལ་ལམ་ཕྱིང་བ་ལྟར་གྱུར་པ་དང༌། རྦོད་མ་མཐུ་བྱད་དམ་ཐན་སྐྱེལ་བ་གཏོང་བ་ཡང་ན་མ་དགག་ཚིག་སྔོ་ལོ་མ་ཕྱར་ཡང་ཡིན་འདྲ་རྦད་བྱ་རྦོད་བྱེད་རྦད་རྦོད་ཅིག་དང་རྦོད་གཏོང་རྦད་གཅོད་སོགས་རར་བཏགས་བའོ། ། ༼ལྦ༽ ལྦུ་བ་ཆུའི་དབུ་བ་ལྦ་བ་སྐེ་སོགས་ཀྱི་ཤ་ལྷག་གཡང་ཝ་བྱུར་ལྦ་སོགས་ལར་བཏགས་བའོ། ། ༼སྦ༽ ནོར་སོགས་སྦྱིན་པ་བྱིན་པ་སྟེར་བ་གནོད་པ་སྦྱིན་པ་གདོན་ཞིག་སྦྱིན་པའི་བདག་པོ་ཡོན་བདག་སྦྲོན་པ་གྲོགས་འབོད་པ་འཅོལ་བ་འགུགས་པ་སྦྲོན་ཅིག་དང༌། སྦུན་པ་འབྲུ་སོགས་ཀྱི་ཤུན་པའམ་སྐོགས་སྙིང་པོ་མེད་པ་སྦངས་རྟ་སྐྱག་གམ་ལུད་དང་སྦང་མ་སྦང་གླུམ་མམ་གླུམ་གྱི་བཅུད་ཕྱུང་བའི་སྙིགས་མས་སྦངས་པ་སྦང་བ་རློན་པ་བྱས་པ། སྦུག་ཕུག་གམ་ནང་སྦུག་མ་ནང་མ་ཁང་པ་སོགས་ཀྱི་སྦུག་ཏུ་གོ་ནོར་གཏེར་སྦ་བྱ་སྦས་ཟིན་པ་སྦོས་ཤིག་སྦེད་བྱེད་དེ་བཞི་པོའི་དོན་སྐུང་བ་གསང་བ་སྲུང་བ། ཉིས་སྦྲག་ཉིས་སྦྲེལ་སུམ་སྦྲག་རྐྱང་པ་དང་སྦྲག་མ་ལྟ་བུ་སྦྲ་ནག་ཚང་ངམ་གུར་འབུབས་པ་ཕུབ་ལ་སྦྲེལ་བ་སྦྱོར་བ་སྡེབ་པ་འབྲེལ་ནས་སྦྱར་བ་སྦྱོར་བ་སྡེབ་པ། སྦྲེས་པ་འཁྱགས་པའམ་གྲང་ནས་སྦུར་མ་རྩི་ཤིང་ཆང་ཆུང་ངམ་རྡུལ་ལྟ་བུར་གོ་མེ་སྒྲོན་སྦར་བ་དང་སྦོར་བ་གཉིས་སྤོར་བ་འབར་བ་སྤོར་ཅིག་ཀྱང༌། ཆུ་སོགས་ཀྱིས་སྦྲུས་པ་བསྣོས་པ་བཀྲུས་པ་ཟས་ཟན་སྦྲུས་པ་བརྫིས་པ་གཡོས་པ་ཕྱོགས་གཅིག་ལོགས་ཤིག་ཏུ་སྦོམས་ཞེས་པ་སྦོམ་དང་སྦམས་འབྱུང་བ་ལྟར་ན་སྐུལ་ཚིག་ཏུ་གཟུང་བ་ལ་དོན་སྡོམ་པ་སྡུད་པ་སྲེ་བ། སྦྲུམ་མ་མངལ་ལྡན་མ་ཤེ་སྦྱོར་མ་ལྟོ་བ་མགོ་སྦོས་པ་སྐྲངས་པ་གང་བ་སྲོག་ཆགས་ཀྱི་ཁྱད་པར་ཞིག་ལ་སྦྲེ་ཟེར། འཕྱག་སྦལ་བཙོན་ཁང་ངམ་བཙོན་དོང་གྲོག་མ་དང་སྦུར་བ་འབུ་ཞིག་སྦལ་པ་ལྕེ་མེད་སྦྲུལ་མིག་ཐོས། གྲོགས་ར་མདའ་སྦྲན་པ་སྦྲོན་པ་སྦུངས་པ་གྲིམས་པ་སྟོབས་འབད་པ་སྐྱེད་པ་སྤེལ་བ་སྦུད་པ་འབུད་བྱེད་མི་ཆས་ལ་སོགས་པའི་མང་སྦུབས་ནང་ངམ་ཁོག་སྟོང་རྒྱ་བུ་ག་པད་སྦུབས་སྨྱུག་སྦུབས། སྦྱིག་མོ་སྒྲེན་མོའམ་གཅེར་བུར་གོ་སྦྱིག་པ་འདྲེད་པ་འབྱིན་པ་ལ་འཇུག་ཅིང་སྦེ་ག་ཤེད་ཚད་པའམ་དབྱུག་རེས་བྱེད་པའི་མིང་སྦྱོང་བ་སྦྱང་བ་སྦྱོར་ལྟར་ན་སྦྱར་བ། སྦྱག་པ་ཤ་སྐམ་པའམ་རིད་པ་རྫུད་པའི་ཚེ་དུས་ཀྱི་དོན་ཡིན་སྙམ་སྟེ་དཔྱད་ལུས་རྐད་སྦྲིད་པ་སྟེ་རྐང་པ་སྦྲིད་ན་འཇའ་ཞིང་འགྲོ་མི་ནུས་པ་ལྟ་བུ་སྦ་ཤིང་གི་འཁར་བ་སྦ་དབྱུག་སྦ་ལྕག་སྦོམ་པ་ཕྲ་མིན་རགས་པ་སྡོམ་པ། ཤ་ལ་འཁོར་བའི་སྦྲང་བུ་དང་སྦྲང་མ་ར་ཡིག་གཉིས་པ་སྦྲང་མའི་རྩི་མེ་ཏོག་བཅུད་དང་སྦྲགས་པ་སྦྲག་པ་སྦྲེལ་བ། སྦེད་བྱེད་རྡོ་བ་གོར་མ་གསེར་སོགས་ཀྱི་སྦྲམ་བུ་གྲུ་བཞི་ལྟ་བུའམ་ལྷད་མེད་དང་ལྕི་བའམ་བརླིང་བ་ས་ལེ་སྦྲམ་གསེར་རིན་ཆེན་དང་པོ་དང་ཟངས་ས་ལེ་སྦྲམ་ཡང༌། སྦྱོར་བ་སྔོན་འགྲོ་རིགས་པ་ཐབས་རྣལ་འབྱོར་སྦྱར་བ་སྒོམ་པ་སྡེབ་པ་འཁྲིག་པ་སྦྱང་བྱ་སྤང་བྱ་འདག་བྱ་བསླབ་བྱ་སྦྱོང་བྱེད་སྤོང་བྱེད་འདག་བྱེད་སློབ་བྱེད་སྦྱངས་པ་སྤངས་དག་བསླབས་པ། དགེ་སྦྱོང་སངས་རྒྱས་སོགས་གསོ་སྦྱོང་ཡན་ལག་བརྒྱད་པ་སོགས་གཙང་སྦྲ་གཙང་མ་དག་པ་སྦྱོར་བ་སྦྱར་བ་སྦྱོར་ཅིག་ཀྱང༌། འདོམས་གསང་གནས་ཀྱི་སྦ་བ་སྦ་བྱ་སྟེ་ཕོ་རྟགས་དང་སྦྲིབ་སྦྲིབས་སྦྲེབ་སྦྲེབས་གཡལ་བའི་སྦྲིད་སྦེག་སྦད་སྦྱང་སྦགས་སྦམས་སྦྱོང་སྦྱོངས་ཆུ་ལ་སྦེངས་བྱེད་སྦོངས་ཤིག་ཀྱང་འཐད་སྙམ་ལུས་ཀྱི་སྦོ་སོགས་སར་བཏགས་བའོ། ། ༼མ༽རོ་དུས་མཚན་སྲོག་བྲལ་བའི་ལུས་མྱགས་པ་རུལ་པ་རོ་མྱགས་འདམ་སོགས་མྱག་མྱོག་ལྗན་ལྗིན་ནམ་མི་གསལ་བ་ནགས་ཚལ་སོགས་སུ་མྱུལ་བ་གཉུལ་བ་འཚོལ་བ་རྒྱུ་བ་མྱུར་བ་མགྱོགས་པ་ལ། ཉམས་རོ་མྱོང་བ་མྱང་བ་ཚོར་བ་མྱོང་ཆ་མྱུ་གུ་གསར་སྐྱེས་ལྗང་པའི་མིང་ནས་མྱུག་སོགས་རོ་མངར་བ་སོགས་མྱང་བ་མྱོང་བ་བྲོ་བ་མྱོས་པ་བཟི་བའམ་དགའ་བ། མྱང་འདས་མྱ་ངན་ལས་འདས་པ་ཐར་པ་ངེས་པར་སོང་བ་མྱང་མྱང་གུག་གུག་གམ་འགྲོ་ཚུལ་མྱུག་མྱུག་ཁྱག་ཁྱུག་གམ་འཚོལ་ཚུལ་ལམ་དམྱུགས་ཚུལ་དང༌། མྱ་ངན་སེམས་ཀྱི་སྡུག་བསྔལ་ལམ་མི་བདེ་བ་མྱ་ངམ་དགུན་དུང་ངམ་ཆུ་མེད་པ་མྱ་ངམ་ཐང་ལྟ་བུ་དང་མྱོས་འགྱུར་མྱངས་མྱོངས་ཤིག་མོག་མོག་མད་པ་མལ་མུལ་མེས་པོ་མ་རྐྱང་ངོ༌། ། ༼དམ༽ དམག་གཡུལ་ལམ་ཚོགས་དག་གི་མིང་ཉེས་དམིགས་ཉེས་པའམ་མི་དགེ་བའི་འབྲས་བུ་དམངས་ནི་རིགས་བཞིའི་ཡ་གྱལ་དམན་པ་ཐ་མ་ཐ་ཤལ་དམའ་བ་ཕྲི་བའམ་མེད་པ། དམེ་པོ་རུས་གཅིག་པ་གསོད་མཁན་དམུས་ལོང་མིག་མེད་པ་ལྡོངས་པ་དམིགས་བུ་ལོང་ཁྲིད་པ་ལོང་སྣ་འཁྲིད་མཁན་མེད་པ། དམུ་རྒོད་གྱོང་པོ་གཏུམ་པ་དམུ་ཆུ་དམུ་རྫིང་སྟེ་ཆུ་ནད་འདྲེ་སྲིན་གྱི་ཁྱད་པར་ལ་འཇུག་པའི་དམུ་གདོན་ཞིག་ཆུ་ནད་ཀྱི་བདག་པོ། བློ་རིག་དམུན་པ་བླུན་པ་མི་གསལ་བ་དམུས་བྱུང་ཚི་ཆད་པ་སྦྲོ་ཤི་བ་ཡི་ཆད་པ་བུ་གའི་དོན་ཅན་གྱི་དམིག་ཁུང་བུ། གཙང་མ་དག་པ་དམེ་བ་དབྲེ་བ་བཙོག་པ་འཛུམ་དམུལ་དམུལ་བ་ཅུང་ཟད་རྒོད་པ་རྒོད་པའི་རྣམ་འགྱུར་འཛུམ་དམུལ་དམུལ་ཡང་དམིགས་པ་དམིགས་བྱ་དམིགས་བྱེད་མཐོང་བ་བསམ་པ་སྒོམ་པ་གནད་མྱོང་བ་གཏོད་པ་གཏད་པ། ལག་དམར་ལག་པས་ཁག་ཁུར་བ་དང་བཤད་པ་ཁ་དམར་ཁས་ཁག་ཁུར་བ་འགན་དང་ཁ་གསལ་དང་ཁ་དམར་གདགས་པ་ཐག་གཅད་པ་ལྟ་བུ་ཁ་དོག་མདོག་དམར་བའམ་པོ་མཚལ་མདོག་ལྟ་བུ། ཉམས་ཤིང་དམས་པ་རྒུད་པ་འགྲིབ་པ་ཉག་ཕྲ་བ་དམོད་པ་བཙུགས་པ་དང་དམོད་པ་འདོར་བ་གཉིས་སྨོན་ལམ་ངན་པ་འདེབས་པ་དམོད་མོ་བྱེད་པ་བདེན་པ་བདར་བ་ལྟ་བུ། དམྱལ་བ་ཆགས་པའམ་དགའ་བ་མེད་པ་ཚ་དམྱལ་སོགས་གནས་གོ་ས་དམའ་བ་དམས་པ་དམའ་མོའི་བྱ་བ་དམན་པ་དམིགས་ཀྱིས་བསལ་བ་སྤྱིར་བཏང་མ་ཡིན་པ་ལོགས་སུ་བཀར་བ་ངེས་གཟུང་དམིགས་ཀྱིས་ཕྱེ་བ་དང༌། མྱུག་མྱུག་བྱས་ཏེ་དམྱུགས་པ་བཅུག་པ་འཛུལ་བ་འཐོན་པ་འཚོལ་བ་མྱུག་མྱུག་གི་བྱ་བ་ཡིན་འདྲ་དམར་ཁྲིད་དམར་སེར་མོད་མི་དམའ་དམིགས་བཅས་དམིགས་མེད་དམིགས་རྣམ་དམག་དཔོན་མི་དཔུང་ལྷ་མིན་དམྱལ་ཐེག་བློ་སྐྱེ་དམན་སོགས་དས་འཕུལ་མའོ། ། ༼རྨ༽ རྨད་དུ་བྱུང་བ་ཕུལ་བྱུང་ངོ་མཚར་འཕེལ་བ་དམ་པ་རྨུགས་འཛིན་རྨུགས་ལྡན་གནོད་སྦྱིན་གྱི་བྱེ་བྲག་ཛམྦྷལ་རྨི་ལམ་གཉིད་ཀྱི་འཁྲུལ་སྣང་སྟེ་གནས་སྐབས་བཞིའི་གཅིག་རྨང་ལམ་ཡང་ཟེར་རྨིས་པ་རྨི་བ་གཟིམ་ལམ་འབྱུང་བ་རྨི་ལམ་མཐོང་བ། རྨང་རྩ་བའམ་འགྲམ་གཞི་ནས་རྨོ་བ་དང་རྨོས་པ་གཉིས་རྨོད་པ་ཞིང་གི་ཕྲུ་སློག་པའམ་རྨོན་པ་རྒྱབ་པ་རྨོན་པ་རྨོ་བའི་མིང་དོར་ཆུ་ཟུང་འདྲ་བ་དང༌། རྨོངས་པ་གཏི་མུག་མ་རིག་པ་བདག་ལྟ་མི་ཤེས་པ་རྨུགས་པ་གདོན་ཞིག་དང་རིག་པ་མི་གསལ་བ་བྱིང་བའི་རྣམ་གྲངས་ཀྱང་ཡིན་ཁྱི་ཡིས་རུས་པ་རིལ་བུ་རྨུར་བ་སོས་བཅེམ་པའམ་བཅག་ནས་བལྡད་པ་འཆའ་བ་མུར་བ་རྨུགས་པ་སོ་འདེབས་པའམ་རྒྱབ་པ་དང་གནོད་པའི་མིང་རྨ་ལྷན་སྐྱེས་དང་གསར་བྱུང་གི་རྨ་དང་བུ་ག་དང་སྐྱོན་དང་རུས་ཤིག །རྨེན་པ་ཚིལ་ལ་ཡོད་པའི་ཤ་ནག་དང་རྨུ་ཤུལ་རྨེན་བུ་ཡང་ཟེར་རྟ་རྨིག་རྟ་སོགས་ཀྱི་རྐང་ལག་གི་རྭ་རྨིག་པ་དང་རྒྱ་དངུལ་རྟ་རྨིག་མ་སྒ་ཡི་ཆས་རྨེད་རྔ་མར་བསྐོན་བྱ། རྨོངས་བུ་བླུན་པོ་གསང་གནས་ཀྱི་སྤུ་རྨེག་མེད་གཏན་ནས་མེད་པ་གཏན་མེད་མིང་མེད་སུན་པའི་དོན་ཅན་གྱི་རྨུས་པ་སྐྱོ་བ་མཚེར་བ་ཡི་ཆད་པ། སེར་རྨེ་སེར་སྣ་འཇུངས་པ་བསྲིས་རྨེ་སྲི་བ་ཕྲི་བ་སེར་སྣ་བྱེད་པ་ལྟ་བུ་ངོ་མཚར་ལ་གོ་བའི་རྨད་རྨད་བྱུང་རྨད་པོ་ཆེ་ལྟ་བུ། རྨོ་མོ་ཨ་ཕྱི་དང་མ་ཕྱི་དང་རྒན་མོ་བལ་སོགས་རྨེལ་བ་གསེད་པ་དང་འཁལ་བ་ཡང་ཡིན་སྙམ་དྲིས་པའི་དོན་ཅན་གྱི་རྨས་པ་རྨེད་པ་རྨད་པ་གཏམ་འདྲི་བ་ཞུ་བ། རྨ་བྱ་མདོངས་མཐའ་ཅན་ཁམས་རྨྱ་བ་ཁམས་ཉོག་པ་རིད་པ་ཉམས་པ་བྱ་རྨྱང་གར་རམ་རྐྱོང་ཤད་བྱེད་པ་བགྱིད་པ། རྨོག་མགོ་རྨོག་དང་གོ་ཆ་སྤྱི་མཚོན་ལས་སྐྱོབ་བྱེད་དང་དབུ་རྨོག་མགོ་རྨོག་དང་དབུ་འཕང་དང་ཡ་ལད་ཀྱང་རྨས་པ་རྨས་མ་རྨོད་པ་རྨེད་པ་རྨ་དང་རྨིག་བུ་སོགས་རར་བཏགས་མའོ། ། ༼སྨ༽ སྨན་ནད་གསོ་བྱེད་ཀྱི་རྫས་དང་སྤོད་སོགས་དང་སྨན་པ་ལྷ་རྗེ་འཚོ་བྱེད་གསོ་བ་པོའི་མིང་གཏམ་མཆིད་སྨྲ་བ་སྨྲས་པ་བཤད་པ་སྨྲོས་ཤིག་སྨྲ་པའི་སྐུལ་ཚིག །སྨིག་རྒྱུ་རི་དྭགས་སྲེད་ཆུ་ལྟར་སྣང་བ་སྨག་རུམ་མུན་རུམ་སྨག་མུན་པ་དང་སྨན་ཞིག་ཟོང་མ་མིན་པ་ལ་གོ་བའི་སྨར་གཅེས་པ་གསེར་དངུལ་ལྟ་བུ། སྨན་སྐྱེ་བའི་ལྗོངས་ཡུལ་སུག་སྨེལ་སཱུཀྵྨེལ་ཟུར་ཆག་པ་ཨེལ་ཕྲ་མོ་སྟེ་སྨན་ཞིག་སྨྱག་ཤད་ཤིག་གི་ཁྱད་པར་དང༌། སྨྱུག་མ་ཤིང་ཞིག་སྨྱུག་རྩི་ཅུ་གང་དོང་ལྟ་སྨྱི་གུ་སྨྱུ་གུ་སྟེ་འབྲི་བྱེད་དམ་སྨྱུག་ཆུང་སྨྱི་ག་མ་ཤིང་སྨྱུག་མ་སྨིན་པ་ཚོས་པ་ཐུལ་བ་སྤྱད་རུང་གཟགས་རུང༌། ཚེ་ཁོག་སྐུ་ལམ་གྲོང་སྨད་སྨད་ཆ་སྟོད་མིན་པ་སྨ་ཕབ་པ་སྨ་འབེབས་པའམ་སྐྱོན་བརྗོད་པ་སྨད་ར་བསྟོད་ར་མིན་པའམ་སྨོད་པའི་མིང་ཙམ་དང་བརྙས་ཐབས་ཀྱིས་སྨོད་པ་སྨད་པ་འཕྱ་བ་དམའ་བར་བྱེད་པ། མགོ་སོགས་སྨྱུང་བ་རིང་པོའམ་དབྱིབས་འཇོང་མོ་སྨྲང་བ་སྨྲ་བའམ་གསང་བ་དང་སྨེ་སྔགས་སྡུག་སྐད་དམ་འོ་དོད་སྨྲས་པ་སྨྲ་བ་བཤད་པ། བུ་སྨད་མ་བུ་གཉིས་ཀའི་སྤྱི་མིང་མིང་མཚན་ནས་སྨོས་པ་བརྗོད་པ་བཤད་པ་སྨྱན་ཀ་གཉེན་ཀ་བག་མ་གཏོང་ལེན་གྱི་ཐབས་བྱེད་པ་བགྱིད་པ་ལྷག་ལྟུང་ཞིག་ཀྱང༌། ངུར་སྨྲིག་ཇ་ཧོང་དང་དམར་སེར་རྣམ་པར་སྨིན་པ་འབྲས་བུ་སྤྱི་ཙམ་དང་འབྲས་ལྔའི་གཅིག་དང་བྱེད་པར་ཡང་གོ་སྨོས་པ་ཅི་ཞིག་དགོས་ཏེ་བཤད་མི་དགོས། སྨྱུང་བར་གནས་པ་ཆོས་ཀྱི་དཀའ་ཐུབ་བྱེད་པའམ་ལྟོགས་སྐོམ་དུ་གནས་པ་དུས་ཚོད་སྨྱུར་མྱུར་བའམ་མྱུར་བཅུག་པ་སྨྱོན་པ་སྨྱོ་མཁན་སྨྱོ་བ་སྨྱོས་པ་སེམས་རྣལ་དུ་མ་གནས་པའམ་འཁྲུལ་བ། སྨོན་འདྲིན་གྲོགས་པོ། བློ་བརླུག་དྲི་མེད་དག་པ་དྲི་སྨེད་ལྟར་ན་གཏམ་འདྲི་བའི་དོན་དུ་བཤད་ཀྱང་དེ་ལ་དྲི་རྨེད་འཐད་སྙམ་སྟེ་དཔྱད། སྨོན་ལམ་འདོད་དོན་ལ་སྨོན་ཅིང་འདུན་པའི་མིང་ཙམ་སྨན་པ་ཕན་པ་སྨན་གྱུར་ཅིག་ཕན་གྱུར་ཅིག་ལྟ་བུ། སྨིན་དྲུག་དང་སྨལ་པོ་དང་སྨིན་དྲུག་གི་བུ་གསུམ་སྐར་མའི་ཁྱད་པར། ལུས་ཀྱི་སྨེ་བ་ཤ་ཐིག་སྨུག་པོའི་རྩི་འབྲི་མོག་གམ་རི་ཚོས་ཁ་དོག་མདོག་སྨུག་པོ་རྒྱ་སྨུག་ལྟ་བུ། སྨ་ར་ཁ་སྤུ་སྨིན་མ་མིག་སྤུ་སྨིན་འཁྱོག་ལྟ་བུ་སྨེ་ཤ་ཅན་སྨེ་ཅན་ནམ་རིགས་ངན། ནག་རྩིས་ཀྱི་སྨེ་བ་གཅིག་དཀར་སོགས་དགུ་དང་སྨོན་པ་སྨད་པ་སྨྱོས་པ་སྨིན་བྱེད་སྨྱུང་སྨྲེད་པ་སྨད་འཚོང་སྨས་པ་སྨྲིག་སྨྲེ་པ་སོགས་སར་བཏགས་མའོ། ། ༼ཙ༽ ཙབ་ཙུབ་ཚབ་ཚུབ་མི་བརྟན་པ་མི་བྱ་མི་བགྱི་ཙོག་ཙོག་པུ་ཙོག་པུ་འདུག་སྟངས་ཤིག །ཙན་དན་ཙནྡན་ཟུར་ཆག་པ་ཚིམ་བྱེད་དམ་འབར་བྱེད་དེ་ཤིང་ཞིག་ཙཱུ་ཏ་ཨ་མྲའི་ཁྱད་པར་རོ་སྐྱུར་ཤས་ཅན་གྱི་ཤིང་ཙམ་པ་ཀ་མེ་ཏོག་དང་གྲོང་ཁྱེར་ཞིག་ཙམྤ་ཀ་ཟུར་ཆག །ཙ་ཀོ་ར་བྱ་གོང་མ་སྲེག་གམ་མིག་མཛེས་ཤིང་ཟླ་བའི་བདུད་རྩིས་འཚོ་བའི་བྱ་དང་ཙི་ཏི་མོ་བྱིའུ་འམ་བྱ་ཆུང་ཞིག །ནེ་ཙོ་འདབ་ཆགས་ལྕེ་གཉིས་པ་དེ་ཙམ་པ་དེ་སྙེད་པ་ཙམ་ཞེས་པ་ཚད་འཛིན་དང་ངེས་གཟུང་གི་སྒྲ་དེ་ཙུག་དེ་འདྲའམ་དེ་ཅི་འདྲ་ལགས་ཡིན་ནམ་རེད་འདི་ཙུག་སོགས། ཙེ་ནེ་ཅེ་རེའམ་འདུག་ཚུལ་ཙེ་རེ་སྐད་ཙེར་ཙེར་ཙ་རི་བ་གནས་ཙ་རིར་སྡོད་མཁན། ཙཱ་རུ་ཞེས་པའི་དོན་བཟའ་བའམ་ལྷ་བཤོས་དང་མཛེས་པ་ཙ་ན་ཀ་སྲན་ཆུང་ཞིག །ཙུག་ཙུག་ཁ་ནས་ཙུག་ཙུག་ཟེར་བའི་སྒྲ་དང་ཙནྡྲ་ཙཎྜ་ལཱི་ཙོག་པུ་ནི་ཙུ་ལ་སོགས་ཙ་རྐྱང་ངོ༌། ། ༼གཙ༽ གཙུག་ཏོར་སྤྱི་ཏོར་སྤྱི་བོ་དང་གཙུག་གཉིས་མགོ་བོའམ་རྩེ་མོ་གཙང་ཁང་དྲི་གཙང་ཁང་ངམ་འདུ་ཁང་གི་སྦུག་ཁང་གཙང་བ་དག་པ་བཙོག་པ་མེད་པ། མི་གཙིགས་པ་མི་རིགས་པའམ་མ་འོས་པའི་སྤྱོད་པ་བྱེད་ཚུལ་གཙུག་ལག་སྡེ་སྣོད་དམ་གསུང་རབ་ཀྱི་ཁང་པ་གནས། གཙོད་རི་དྭགས་ཤིག་རུས་རུས་པའམ་རུའམ་རྭས་གཙེས་པ་འཚེ་བ་གཟིར་བར་བྱས་ཤིང་གཙེར་བ་མི་རིགས་བྱེད་པའམ་འཚེ་བྱེད་ཀྱི་ས་གཙེས་པ་སུན་པར་བྱས་པའམ་གཙེས་ཤིག མཆེ་བ་གཙིགས་པ་སྒྲིག་པ་སྦྱོར་བ་རྩེག་པ་གཙུབ་བྱེད་ཀྱི་ཤིང་དང་གཙུབ་བྱའི་གཏན་གྱི་ཤིང་གཙུབས་པ་གཙུབ་བ་བརྡར་བ་འདྲུད་པ་སྐྱོད་པ། གཙོ་བོ་རང་བཞིན་སྤྱི་ཁྱབ་རྗེ་བོ་གནད་མགོན་པོ་སྙིང་པོ་གཙིགས་གཅེས་སྤྲས་སམ་རྩ་བ་ཆེ་བ་ཆེན་པོ་གཙག་བུ་གཙག་བྱེད་ཀྱི་མཚོན་ཆུང་ངམ་གཏར་སྤྱད་ཀྱིས་གཙགས་པ་གཤགས་པ་གཏར་བ་བཀས་པ་བཏོན་པ་གཙག་པ། གཙང་ཆུ་ཆེན་ནམ་དབུས་ཀྱི་ཅིག་ཤོས་སམ་དག་པའི་ཕྱོགས་ངོས་ཀྱི་དོན་གཙང་ཆུ་ཡང་དེ་བཞིན་དུ་སྦྱར་གཙོ་བ་གཙེ་བ་གཙང་མ་མི་གཙང་བ་གཙུབ་པ་གཙག་པ་སོགས་གས་འཕུལ་ཙའོ། ། ༼བཙ༽ བཙན་པ་ལྡོག་པ་མེད་པ་འདའ་བར་མི་བྱེད་པ་འགྱུར་མི་ནུས་པ་དབང་བ་གཉན་པ་བཙན་པོ་བཙན་པ་པོའམ་བཙན་པའི་མིང་གཉའ་ཁྲི་བཙན་པོ་སྲོང་བཙན་སོགས་བཀའ་གསུང་བཙན་པོ་འདའ་མི་ནུས་པའམ་གཉན་པ་རྫོང་མཁར་བཙན་པོ་བགྲོད་དཀའམ་འགྱུར་མི་ནུས་པ་དང༌། བཙུན་མོ་རྗེ་མོ་རྒྱལ་པོའི་ཆུང་མར་གོ་བུ་ཕྲུག་བཙས་པ་བཙའ་བ་སྐྱེས་པ་འཁྲུངས་པ་གྲུ་གཟིངས་ཀོ་བཙས་གླ་སྟེ་གྲུ་ཕུད་པའི་རྔན་པའམ་ཡོན་བཙལ་བ་འཚོལ་བ་གཉུལ་བ་བརྟག་པ། བཙུན་པ་གཙོ་བོ་ཁྲིམས་ལྡན་གྲྭ་པ་སྤྱི་དང་བྱེ་བྲག་ལ་ཞེ་སའི་བརྡ་མིག་ཁ་བཙུམས་པ་འཛུམས་པ་ཟུམ་དུ་འཇུག་པ་བཙོན་གྱི་ར་བ་བཙོན་ཁང་ལ་སོགས་པར་གོ་བཙུད་པ་འཛུད་པ་ནང་དུ་བཅུག་པ། གོས་གྱོན་པ་བཙེམས་པ་འཚེམ་པ་དྲུབས་པ་བཙེམ་པ་བཙག་ས་ཚོས་སམ་ས་ཚོན་དམར་པོ་སོགས་དང་བཙོད་དམར་ཚོས་ཤིང་ཚོས་ཀྱིས་སྣམ་བུ་ཤ་གསེར་བཅོས་པ་མདོག་སྒྱུར་བ་སྨིན་པ་བཞུས་པ་འཚེད་པ། བཙན་དུག་བོང་ནག་སོགས་ཚགས་འཚག་བྱེད་ཀྱིས་བཙགས་པ་འཚག་པ་དྭངས་སྙིགས་ཕྱེ་བར་ཤེས་དགོས་ཤིང་བཙིར་བ་འཚིར་བ་ཕྱུང་བ་བར་དུ་བཙིར་བ། ལྕགས་བཙའ་གཡའ་ཡིས་ཁྱེར་བ་སྟེ་གཡའ་རྒྱབ་པ་འབགས་པ་ལ་གོ་བའི་བཙོག་པ་མི་གཙང་བ་དབྲེ་བ་བཙོ་བླག་ཚོས་སམ་ཁྲུས་མཁན་བྱེད་པོ། མཐོ་བཙམས་པ་མཐོ་འཚམས་པ་ཅོ་འདྲི་བ་འགྲན་པ་གནོད་པ་རྡེག་པ་ལ་གོ་བའི་བཙོག་པ་འཚོག་པ་རྡུང་བ་བཙོག་པོ་རྡོ་བ་སྐྱུག་བྲོ་བོ་ངན་པའམ་མི་ལེགས་པ་ཕོ་བཙོག་ཕོ་རྒོད་རྡེག་པ་རྡུང་བ། བཙན་འདྲེའི་ཁྱད་པར་རྒོད་པོ་བཙན་ཐབས་ཐབས་བཙན་པ་གློ་བུར་གསེར་རིན་ཆེན་དང་པོ་བཙོ་མ་བཞུ་བཏུལ་བྱས་པའམ་ལྷད་མེད་ཀྱི་ཞུན་མ་སྟེ་བཙོ་མའི་གསེར་སོགས། སྲོལ་ཀ་བཙུགས་པ་འཛུགས་པ་བཏོད་པ་ཕྱེ་བ་ཤིང་རྐང་འཐུང་བཙུགས་པ་འཛུགས་པ་བསྐྱེད་པ་བཏབ་པ་བསྣུན་པ་སློང་བ་བཏོད་པ་སྒོག་པ་ཀེའུ་བཙོང་ཀུན་དོང་ངམ་འཚོང་བ་བཙོངས་པ་བཙོང་བ་འཚོང་བ་རྫས་བརྗེ་བ། བཙད་པོ་རྒྱལ་པོ་བཙས་མ་ལོ་ཏོག་བརྔ་བྱ་སྟེ་འཚོ་སྐྱོང་བྱས་པའི་དོན་འདྲ་བཙའ་བ་བཙོ་བ་ལ་བཙས་བཙུན་མ་བཙེམ་པ་མཐོ་བཙམ་པ་སོགས་བས་འཕུལ་ཙའོ། ། ༼རྩ༽ རྩ་ལག་གཉེན་ནམ་ཉེ་འབྲེལ་རྩ་བ་གཞི་མ་དྲུང་སྡོང་པོའི་འོག་ཆ་ཤོད་སྐྱེད་བྱེད་གཙིགས་གནད་སྡོམ་རྩེ་མོ་མཆོག་མ་མགོ་སྟེང་མ་གོང་མ་ཕུལ་བྱུང་རབ་ཚོན་རྩི་མདོག་སྒྱུར་བྱེད་དམ་རི་མོ་འབྲི་བྱེད་ཀྱི་རྫས་རྩིང་བ་ཞིབ་མིན་རགས་པ་སྦོམ་པ་རྩིང་པོ་རྩིང་གེ། རྩི་མར་འོ་ཞོ་རྩི་ཏོག་གི་མར་རྩི་ཤིང་གཞི་མཐུན་གྱི་སྒྲའམ་རྩི་དང་ཤིང་རྩི་ཐོག་རྩྭའམ་སྔོའི་འབྲས་བུ་རྩྭ་སྔོ་གཟན་པ་སོགས། འཐབ་རྩོད་འཁྲུག་རྩོད་རྩོད་པ་འཐབ་པ་མི་མཐུན་པར་སྨྲ་བ་རྒོལ་བ་རྩེད་མོ་རྩེད་འཇོ་རོལ་རྩེད་རྩེ་བ་དང་རྩེས་པའམ་རྩེས་ཤིག་དང་རྩེན་པ་རྣམས་རོལ་བ་རྩེད་མོ་རྩེ་བ། ལྔས་རྩེན་པ་མི་སྤྱིའམ་ལྷའི་དབྱེ་བ་སུམ་རྩེན་པ་སྐབས་གསུམ་པ་ལྷ་རྩིས་གྲངས་སམ་རྩིས་རིག་རྩིས་མཁན་རྩིས་པ་རྩི་པོ། རྩིབ་མ་གློ་གཡས་གཡོན་གྱི་རུས་ཐུར་ལྟ་བའི་མིང་རྩ་དབུ་རྐྱང་རོ་གསུམ་སོགས་སྦུབས་ཅན་རྒྱུས་པ་ཆུ་བ་རྩིད་པ་གཡག་གི་སྤུ་ལྟ་བུ་རྩུབ་པ་མི་འཇམ་པ་གདུང་བ་སྐྱ་བ་གྱོང་བ་ཡིད་དུ་མི་འོང་བ་རྩུབ་མོ། ཁ་རྩང་གྲོང་ཚིག་ལ་ཁ་སང་ངམ་ཁར་སང་ཡོད་རྩེ་རྒོད་རྩེ་ཞིང་རྒོད་པ་ལྷ་འབངས་གཡོག་པོ་རྩམ་པ་ཕྱེ་རིན་པ་གོང་རྩེག་པ་སྤར་བ་རྩེག་རྩེག་བྱེད་པ། རྩབས་ནི་གཅོད་པའམ་ཅོག་རྩེ་སོགས་མི་འགུལ་བར་བྱེད་པའི་ཤིང་ལྟ་བུ་ཡིན་སྙམ་རྩད་གཅོད་རྩད་རྩ་བ་ནས་གཅོད་པ་དང་རྩ་བའམ་རྗེས་གཅོད་པ་ཚེར་མ་ལ་གོ་བའི་རྩང་སྟེ་མདོས་རྩང་རྩང་ཕུར་ཡང༌། སྟོབས་ལ་གོ་བའི་རྩལ་ཕ་རོལ་གནོན་པའི་བྱ་བ་འབད་པ་དང་རྩོལ་བ་བརྩོན་པ་དང་འདུ་བྱེད་དང་བརྩལ་བ་རྩོམ་པ་བྱ་བའམ་མགོ་འཛུགས་པའམ་གསུང་རྩོམ་རྩོམ་པ་བརྩམ་པ་སྦྱོར་བ། ཞོ་སོགས་ཀྱི་རྩབས་རྩིའམ་རུ་རྩི་རྩབ་མོ་ཆང་འདྲ་བའི་སྐོམ་མམ་བཏུང་བ་ཞིག་སེར་པོའི་མདོག་འཛིན་གྱི་རྩ་བ་ལྕུམ་ལྟ་བུས་བཙོས་པའི་གོས་གྱོན་པ་སོགས། རྩིག་པ་རྩིག་སྐྱབས་སམ་རྩིག་བཞིན་པ་རྩིག་མཁན་རྩིག་པ་པོ་རྡོ་བཟོ་ལྟ་བུ་འཁོར་ལོ་གདུགས་ལ་སོགས་པའི་རྩིབས་རྐང་ངམ་ཐུར་མ་ལྟ་བུ་ལྟེ་རྩིབས་མུར་ཁྱུད། རྩངས་པ་སྐྱིན་གོར་གྱི་བྱེ་བྲག་རྨིག་པའམ་ཡན་ལག་གི་རླུང་ལྔའི་གཅིག་སྲོག་རྩོལ་རླུང་སྟེ་ཐ་དད་དུ་ཕྲལ་བ་ཡང་སྣང་རྩོམས་ཤིག་རྩེག་རྩེགས་ཤིག་རྩེག་རྩེག་བདུད་སྲ་གླ་ཞག་རྩི་གཞི་རྩ་མ་རྩ་རྩད་ཆོད་སོགས་རར་བཏགས་ཙའོ། ། ༼སྩ༽ བཀའ་གསུང་སྩལ་བ་གནང་བ་དངོས་གྲུབ་ཐུན་མཆོག་གི་གྲུབ་པ་སྩལ་པ་སྦྱིན་པའམ་གནང་བ་དང་སྩོལ་བྱིན་ཅིག་གམ་སྦྱིན་པ། སྦྱིན་པ་སྩལ་བ་སྦྱིན་པའམ་གཏང་བར་བགྱི་བྱ་བགྱིད་དུ་སྩལ་བ་བྱེད་དུ་བཅུག་པ་ལས་ལ་སྦྱར་བ། སྩལ་དུ་གསོལ་གནང་བའམ་སྦྱིན་པར་མཛོད་དམ་ཞུ་ཞེས་པའི་དོན་ཡིན་ལ་དུས་གསུམ་གྱི་ཚེ་ཕལ་ཆེར་སྩལ་ཞེས་འབྱུང་ཞིང་སྔོན་འཇུག་སྦྱར་ན་འདས་མ་འོངས་གོ་བར་མ་ཟད་བསལ་བའི་དོན་ཡང་སྟོན་བྱ་བར་སྩལ་བ་སོགས་སར་བཏགས་ཙའོ། ། ༼བརྩ༽ བརྩོན་པ་ནི་འགྲུས་པ་འབད་པ་སྙིང་བརྩེ་བ་སྙིང་པོ་ལྟར་བརྩེ་བ་སྟེ་སྙིང་རྗེ་བརྩེ་བ་ཅན་བརྩེ་ལྡན་སྙིང་རྗེ་ཅན། བརྩད་པ་རྩོད་པ་བརྒལ་བ་རྩད་བཅད་པ་ལ་འཇུག་ཅིང་དྲིས་པ་རྨས་ནས་བརྩམ་བྱ་བསྟན་བཅོས་སམ་བྱ་བ་ལྟ་བུ་བརྩམས་པ་རྩོམ་པ་སྦྱར་བ་བྱས་པ། ཁང་བུ་ཡི་གེ་བརྩེགས་པ་རྩེག་པ་གཅིག་སྟེང་དུ་གཅིག་བཞག་པ་ལྟ་བུ་བརྩིགས་པ་རྩིག་པ་སྟེང་ནས་སྟེང་དུ་སྒྲིག་པ་ལྟ་བུར་གོ་དགོས་ཤིང་བརྩི་བྱ་བགྲང་བྱ་བཀུར་བྱ་ཡོན་ཏན་སོགས་བརྩིས་པ་རྩི་བ་བགྲངས་པ་རྩིས་པ་སྐོར་བ་བཀུར་བ། ཁའི་སོ་སོགས་བརྩེ་བ་མི་བཟོད་པ་སྟེ་ལྕགས་དྲད་དྲད་བྱས་པ་ལས་སོ་བརྩེ་བ་ལྟ་བུ་ཧ་ཅང་ཤིན་ཏུ་བརྩེངས་པ་བསྟུངས་པའམ་འཇོལ་བ་མིན་པའི་དོན་གོས་བགོ་བྱ། བརྩིག་བརྩེག་བརྩལ་བ་སོགས་བས་འཕུལ་ར་མགོ་ལྡན་པའི་ཙའོ། ། ༼ཚ༽ཤིང་ནགས་ཀྱི་ཚལ་ནགས་མ་སྐྱེད་མོས་ཚལ་དགའ་ཚལ་ལམ་ལྡུམ་དང་འབྲས་ཤིང་གི་ར་པ་དང་ཤིང་ནགས་ཙམ་ཡང་ཚི་གུ་འབྲས་བུའི་ནང་གི་རུས་པ་ཁམ་བུའི་ཚི་གུ་ལྟ་བུའི་མིང་ཚིགས་ནི་མཚམས་སམ་བར་མཚམས་གཅོད་བྱེད་དང་སྙིགས་མ་སྟེ་ཚིགས་པ་ཚིགས་མ་ལྟ་བུ། ཚོགས་པ་འདུས་པ་ཕུང་བོ་སྡེ་བའི་དོན་སྡེ་ལེ་དོན་ཆོས་ལས་ཚན་དུམ་བུ་ཚོ་ཁག་ཚན་པ་དྲོད་ཀྱི་ཚན་དང་ཤེད་ཀྱི་ཚན་དང་ཡང་་ལུས་ཀྱི་ལང་ཚོ་ན་ཚོད་ལོན། ཚོན་རྩི་ཚོན་ནམ་མདོག་སྒྱུར་བྱེད་ཀྱི་རྫས་རིན་པོ་ཆེའི་ཕྲ་འབྲུ་ལྷའི་ཚོམ་བུ་ཚོགས་ཆུང་ངམ་ཚན་པ་ཚར་གྲལ་དུ་དངར་བ་འགྲིག་པ། ཐེ་ཚོམ་བློ་རྩེ་གཉིས་སོམ་ཉི་ཚམ་རྔམས་འཇིགས་ཚུལ་ལམ་འཇིགས་པ་འཇུ་བྱེད་ལ་གོ་བའི་ཚྭ་ཟས་ཀྱི་རོ་བྲོ་བྱེད་སོགས་ཏེ་ཚྭ་ཞེས་ཚིག་གྲོགས་མེད་པའི་རྐྱང་པ་ལ་སྨད་འདོགས་ཡོད་ཅིང་རྒྱ་ཚ་ཞེས་པ་ལྟ་བུའི་ཚིག་གྲོགས་སྦྱར་ན་མེད་པར་ཕྱག་ལེན་མཛད་ལ་འོན་ཀྱང་ལན་ཚྭ་ལ་ཡོད་པ་མང་ངོ༌། །ཁང་པ་སྤྱི་དང་བྱེ་བྲག་ལ་གོ་བའི་ཚོམས་ཏེ་སྡེ་ཚན་ལ་ཡང་འཇུག་ཆེད་དུ་བརྗོད་པའི་ཚོམས་སོགས་དང་ཚ་ཚོ་ཚེ་ཚེམས་ཚུས་ཚིར་ཚིག་ཚོགས་ཚེས་ཚར་ཚལ་ཚུལ་ཚིལ་ཚི་ཚོང་བ་སོགས་ཚ་རྐྱང་ངོ༌། ། ༼མཚ༽ ངོ་མཚར་རྨད་བྱུང་ཁྱད་མཚར་མཚན་མ་མཚོན་བྱེད་སོ་གཉིས་དཔེ་བྱད་བརྒྱད་ཅུ་མཚོ་ཆུ་གཏེར་རྒྱ་མཚོ་སོགས་དང་མཚེའུ་མཚོ་ཆུང་བ་རྫིང་བུ་ལྟ་བུ། མཚེ་མ་མངལ་གཅིག་ནས་དུས་མཉམ་དུ་སྐྱེས་པའི་བུ་མཚམས་ཚིགས་འབྲེལ་ལམ་བར་བཅད་པ་ཕྱེ་བ་གཅོད་པ་མཚམས་ཆེ་ཆུང་སྦྱོར་ལྟ་བུ་མཚན་ཉིད་རྟེན་པའམ་འབྲེལ་བའི་གཞི་སྟེ་མཚན་ཉིད་ཀྱི་བྱེ་བྲག་གམ་མཚོན་བྱའི་ཁྱད་པར་རམ་དཔེ་དང་མཚོན་བྱར་ཡང་འཇུག་པ་དང༌། མཚན་ཉིད་མཚོན་བྱེད་གོ་བྱེད་མཚན་མ་རྟགས་རྒྱུ་སྟོན་བྱེད་མཚོན་བྱ་གོ་བྱ་རྟོགས་བྱ་བསྟན་བྱ་མཚན་མ་མི་ནོར་བའི་རྟགས་རྒྱུ་རང་བཞིན་ལྟས་སྤྲོས་པས་མཚན་བྱེད་རྟོགས་བྱེད་སྟོན་བྱེད་དམ་དཔེའམ་ཅུང་ཟད་མཚན་ལྟར་ན་སྤྲས་པ། ཕྱོགས་དུས་ཀྱི་མཚམས་ཤར་ལྷོ་དང་ཉིན་མཚན་གྱི་བར་ལྟ་བུ་སྐྱོན་ལ་གོ་བའི་མཚང་ཉེས་པ་བཅབ་བྱ་ནོངས་པ་མཚན་མོ་མཚན་བྱ་བྲལ་ལམ་མཚར་བ་མཛེས་པ་ཡ་མཚན་རྩེད་མོ། མཚུར་རུས་ཀྱི་ཁྱད་པར་ཏེ་མར་པའི་སློབ་མ་མཚུར་སྟོན་དབང་རྡོར་ལྟ་བུ་ཁ་སྣའི་མཚུལ་པ་ཁ་སྣའི་ནང་ངོས་མཚལ་ཚོན་དམར་ཞིག་སྟེ་རྒྱ་མཚལ་སོགས་དང་མཚུངས་པ་འདྲ་བ་མཉམ་པ། རྒྱལ་མཚན་བ་དན་མཆོད་རྫས་མཚའ་མེས་གཅན་གཟན་འཕར་བ་མཚའ་རྟ་ནག་དམར་མཚའ་ལུ་རྟིང་པ་དཀར་པོ་དང་ཁྱིམ་བྱ་དང་དམར་པོའི་དོན་ཡང་ཡིན་འདྲ། མཚར་བ་མཛེས་པ་དང་སྐྱེ་མཆེད་པ་འདྲེས་པར་གསལ་བ་མཚར་པོ་མཛེས་པོ་ཁྱད་མཚར་པོ་སྡུག་པ་མཛེས་པ་ཡིད་འོང་ཁྱིམ་མཚེས་ཁྱིམ་རོགས་ཤག་མཚེས་སྡུམ་མཚེས་མཚེ་སྨན་ཞིག་སྟེར་མཚེ་ལུག་མཚེ་ལྟ་བུ་དང་མཚན་སྔོ་སྨན་ཞིག་སྟེ་མཚན་དམར་ལྟ་བུ་གསོ་གཞུང་དུ་ཚན་ཡང་སྣང༌། སྐྱེ་བ་གཞན་གྱིས་བར་མཚམས་གཅད་དུ་མེད་པར་དམྱལ་བ་མནར་མེད་དུ་སྐྱེ་བའི་ལས་ཏེ་ཕ་བསད་པ་སོགས་ལྔ་དང་ཉེ་བ་ལྔ་དང་ས་མཚམས་མེད་པ་ལ་ཡང་གོ་མཚེར་བ་སུན་པ་ལས་བྱེད་པར་མི་སྤྲོ་བ་སྐྱོ་བ་འཚེར་ཡང་འཐད་དུར་མཚེད་དུར་གནས་སམ་དུར་དུ་བཅུག་པ་མཚུན་ཕ་མེས་སམ་དེའི་བླའམ་ལྷ། མཚོན་ཆ་གྲི་ལ་སོགས་པའི་མིང་ཕྱག་ན་བསྣམ་བྱའི་མཚན་མ་རལ་གྲི་པདྨ་ལྟ་བུ་དང་མཚན་མ་མཚོན་ཆ་མཚོག་མ་སྐྲ་མཚམས་ནས་གྱེན་དུ་སོར་བཞིའི་ཐད་དང་སྤྱི་བོར་ཡང་གོ་འཕྱར་བ་གདེངས་པ། མིང་གི་དོན་སྟོན་པའི་མཚན་མངོན་བརྗོད་དང་སྤྲས་པའི་མཚན་མཚར་པོ་ཁྱད་མཚར་ཡ་མཚན་མཚལ་ཁ་དགེ་མཚན་སོགས་མས་འཕུལ་ཚའོ།། ༼འཚ༽ བློ་སེམས་འཚབས་པ་རྟབ་པ་བྲེལ་བ་འཇིགས་པ་ཆུ་ཇ་འཚག་པ་བཙགས་པ་དྭངས་སྙིགས་ཕྱེ་བ་ནང་དུ་མ་བོས་པར་འཚངས་པ་བཙངས་པ་དབང་ཤེད་ལྟ་བུས་འཛུལ་བ་འཇུག་པ་བརླམས་པ། ཏིལ་སྣུམ་འཚིར་བ་བཙིར་བ་བཀར་བ་ཞུམ་པར་བྱེད་པ་འདོན་པ་མེ་ཡིས་འཚིག་པ་ཚིག་པ་སྲེག་པ་དུ་བ་དུད་པ་འཚུབས་པ་འཕྱུར་བ་ཚབ་ཚུབ་བྱེད་པ། ཟས་གོས་གསེར་འཚེད་པ་བཙོ་བ་སྨིན་པ་མདོག་སྒྱུར་བ་འཇུ་བར་བྱེད་པ་ལུས་སྲོག་འཚོ་བ་གསོ་བ་གསོན་པ་འཚོ་བྱེད་གསོ་བྱེད་སྨན་པ་སྐྱོང་བྱེད་འཚེངས་པ་ཚིམ་པ་དགའ་བ་རྒྱལ་བ། འཚེ་བ་གནོད་པ་གཙེ་བ་ཉེ་ཞོ་མེད་པ་དགག་ཚིག་འཚག་པ་ཤ་ཉམས་རྒྱས་པའམ་བཟང་ལེགས་པ་འཚལ་མ་ཟས་སམ་ཟ་མ་འཚལ་བ་ཟ་བའམ་བཞེས་པ་དང་འཚལ་ཅིག་དང་ཤེས་མ་ཤེས་སོགས། ནོར་སེམས་པ་དག་འཚོལ་བ་བཙལ་བ་གཉུལ་བ་རྩད་གཅོད་པ་བརྟག་པ་ཕྱུགས་དུད་འགྲོ་འཚོ་བ་བཙོ་བ་སྐྱོང་བ་འཚོག་ཆས་ཡོ་བྱད་དམ་ཉེར་མཁོ་འཚོང་བ་བཙོང་བ་ཚོང་རྒྱབ་པ། བརྡེག་པ་ལ་གོ་བའི་འཚོག་པ་བཙོག་པའམ་རྡུང་བ་ངལ་དུབ་འཚོ་བ་གསོ་བ་མཉེལ་གསོ་བ་འོད་སོགས་འཚེར་བ་འབར་བའམ་བཀྲག་ཐོན་པ་རྟ་སྐད་སྒྲོག་པ་ལས་ལ་སུན་པའི་དོན་ཡིན་ཞིང༌། བློ་ཡིད་དང་འཚམ་པ་མཐུན་པ་འཚམས་པ་རན་པར་གོ་སྐྱིན་པ་ཚབ་མ་འཚབ་པ་བསབ་པ་འཇལ་བ་སྣོན་པ། གདུང་རིགས་རུས་འཚོབ་པ་འཛིན་པ་འཚང་རྒྱ་བ་སངས་རྒྱས་པ་བྱང་ཆུབ་པ་ལོངས་པའི་དོན་ཅན་གྱི་འཚར་བ་ཆེར་སྐྱེ་བའམ་འཕེལ་བ་དང་སྐྱེད་འཐོན་པ། ཕྱག་འཚལ་བ་བཙལ་བ་གུས་པས་འདུད་པ་ཤེས་པ་གོ་བ་དང་ཆོག་པ་འགྲིག་པ་ལ་གོ་བའི་འཚལ་བ་འདོད་པ་དང་དགོས་པར་ཡང་འཇུག །འཛོམ་པའི་དོན་ལ་འཚག་འཇུག་སྟེ་གསོག་པ་དང་འཛེམ་པ་དང་གཉེར་བ་དང་རྒྱས་པར་ཡང་གོ་འཚོག་པ་འཚུབ་པ་འཚམས་པ་སྤྱན་གྱིས་འཚོ་བ་སེམས་འཚིག་པ་འཚོ་མཛད་ཉེར་འཚེ་སོགས་འས་འཕུལ་ཚའོ། །༼ཛ༽ ཛ་རག་རྫ་བུམ་སོགས་སྣོད་ཆུང་ཛ་ལང་གཏུམ་པོའམ་དྲེད་པོ་ཛ་བོ་ནི་ཤིང་གི་བྱེ་བྲག །ཛ་ཡ་རྒྱལ་བའམ་མི་ཕན་པ་ཅན་ལྡན་པ་དང་ཛི་ན་ཛེ་ཏའི་ཚལ་ཛ་བ་སོགས་ཛ་རྐྱང་ངོ༌། ། ༼མཛ༽ དཔའ་བའི་དོན་ཅན་གྱི་མཛངས་པ་སྙིང་སྟོབས་ཆེ་བ་མཛའ་བོ་མཛའ་བ་པོ་གྲོགས་པོ་ཟླ་བོའི་མིང་བང་མཛོད་མཛོད་ཁང་དཀོར་མཛོད་མཛེས་པ་མཚར་བ་ལེགས་པ་མཐུན་པ་སྤུད་པ། གནོད་པ་ལ་གོ་བའི་མཛེས་པ་སྟེ་ཁྲོ་བོ་གནོད་མཛེས་ཀྱང་མཛུབ་མོ་སོར་མོ་དང་སྡིགས་མཛུབ་མཛོད་སྤུ་སངས་རྒྱས་ཀྱི་སྨིན་ཕྲག་ན་ཡོད་པའི་སྤུ་དཀར་པོ། མཛོ་ཕོ་མོ་བ་མོ་དང་གཡག་འདུས་པའི་བུ་རྟ་མགྱོགས་འགྲོའི་མིང་མཛེར་པ་ཤ་འབུར་རམ་ཤའི་གཟེར་བུ་མཛེ་ནི་ཀླུ་ནད་དམ་ཙི་ཏི་ཛྭ་ལ་དང༌། མཛོལ་བུ་རི་དྭགས་སོགས་འཛིན་བྱེད་ཀྱི་རྒྱ་དང་སྨད་ཚོང་གི་བུ་བསྲུང་བ་སྲུང་བའི་དོན་མཛད་པ་བྱ་བའམ་འཕྲིན་ལས་མཛོད་ཅིག་བྱོས་ཤིག་གྱིས་ཤིག །ཡ་རབས་ལ་གོ་བའི་མཛངས་པ་མ་རབས་མིན་པ་ཀུན་སྤྱོད་ལེགས་པ་དང་མཁས་པའི་མཛངས་པ་བྱམས་པའམ་མཐུན་པའི་མཛའ་བ་མཛའ་མོ་སོགས་མས་འཕུལ་ཛའོ། ། ༼འཛ༽ འཛིངས་པ་འཛིང་བ་འཁྲུགས་པ་རྩོད་པ་འདྲེས་པས་གོས་གཟན་འཛར་བ་ཐུར་དུ་འཕྱང་བ་རིང་བ་འཇོལ་བ་ལྟ་བུ་ལག་པ་སུག་པས་འཛིན་པ་གཟུང་བ་ཞེན་པ་གཅེས་པ་ཡུལ་ཅན། འཛག་པ་ཟག་པ་འབབ་པ་ལྷུང་བ་འཐོན་པ་དང་འཛིར་བ་བཙིར་བ་འཛག་པའི་དོན་སྣོད་སྤྱད་འཛེད་པ་བཟེད་པ་ཁ་གྱེན་དུ་བསྟན་པ་འཛེམ་པ་མི་འཇུག་པ་ངོ་ཚ་བ་བག་མེད་མི་བྱེད་པ་རྩི་བ་དོགས་པ། འཛུར་བ་བཟུར་བ་འབྱོལ་བ་མི་འཇུག་པའི་དོན་ཡིན་ཞིང་ཁང་པའི་སྒོ་དང་ཁུང་བུར་འཛུལ་བ་འཇུག་པ་ཟུལ་བ་འཛེག་པ་འཛེགས་པ་གྱེན་དུ་འགྲོ་བ་འཛེག་སྐས་ཐེམ་སྐས་ཡ་གད་འཛུགས་པ་བཙུགས་པ་གཟུགས་པ། བཞིན་རས་འཛུམ་པ་དམུལ་བ་ངོ་དཀར་སྟོན་པ་ཅུང་ཟད་དགོད་པ་འཛིན་པ་དབང་ལག་དང་སྔོ་འཛིམ་སྣོད་ནང་དུ་འཛུད་པ་བཙུད་པ་བླུག་པ་བཅུག་པ། འཛམ་བུའི་ཤིང་གིས་མཚན་པའི་གླིང་སྟེ་ཛམྦཱུ་ཟུར་ཆག་པའི་དོན་དུ་གཟུང་འཛོམ་པ་ཚོགས་པ་འདུས་པ་ཁ་ཚང་བ་འཛོམ་པོ་འཛོམས་པ་ནོར་རྫས་འཛངས་པ་དང་འཛད་པ་གཉིས་ཟད་པ་གོད་པ་གཏུགས་པ། འཛབ་ནི་ཛ་པ་ཟུར་ཆག་པ་སྟེ་བཟླས་པའམ་བརྗོད་པ་སྔགས་བཟླས་ལྟ་བུ་སྐད་འཛེར་བ་སྐད་འཛེར་འཛེར་རམ་ཙེར་ཙེར་བྱེད་པ་དང་ཟེར་བའམ་སྨྲ་བ་ནོར་བའི་དོན་ཅན་གྱི་འཛོལ་བ་འཁྲུལ་པ། འདུ་འཛི་གཡེང་ཡུལ་ལམ་རྣམ་གཡེང་ཆུད་འཛའ་བ་ཆུད་ཟ་བའམ་ཟོས་པ་རྡོ་ཡི་འཛེང་རྡོའི་ཚིགས་སམ་བྱེ་བྲག །འཁྲུགས་པའི་དོན་ཅན་གྱི་འཛག་འཛོག་འཛིངས་པ་འདྲེས་པ་སྣ་ཚོགས་དང་འཛིང་པ་འཛེགས་པ་འཛུམས་པ་འཛོམས་པ་སོགས་འས་འཕུལ་ཛའོ།། ༼རྫ༽ ཀུན་ཏུ་རྫོབ་པ་ཡང་དག་པར་སྒྲིབ་པ་རྫུན་པ་སྣང་བ་ཐ་སྙད་རྫུན་པ་མི་བདེན་པ་ལོག་པའི་ཚིག་སླུ་བ་ཅན་གྱི་དོན་རྫབ་རྫུབ་ཙབ་ཙུབ་གཡོ་ཟོལ་དང༌། ཕྱུགས་གནག་གི་རྫི་བོ་སྐྱེང་བྱེད་འཚོ་བྱེད་ལྟ་བུའི་མིང་རྫོངས་སྐྱེས་སམ་སྐལ་བའམ་རྔན་པ་འབུལ་བ་སོགས་སུ་གོ་རྫིའུ་རྫ་མ་ཆུང་བ་རྫི་བོ་ཆུང་བ་བྱིན་པ་སྟེར་བ། རྫིང་བུ་ཕལ་ཆེར་བཅོས་པའི་མཚེའུར་གོ་རྫུས་ཏེ་སྐྱེས་པ་པདྨ་སོགས་སུ་སྐྱེས་པ་སྟེ་སྐྱེ་གནས་བཞིའི་གཅིག་འདམ་པ་རྫབ་རྫོག་ལྗན་ལྗིན་ལྟ་བུ། རྫི་རླུང་ཕྱོགས་ངོས་ཏེ་རླུང་རྒྱུ་བའི་ཕྱོགས་རྫ་མ་ས་སྣོད་རྫ་ཁོག་ལ་སོགས་པའི་མིང་བུ་རྫི་བུ་འཚོ་མཁན་ནམ་བྱིས་པའི་གཡོག་བྱེད་དང༌། རྫི་རིང་བའི་དྲི་ཚོར་བྱེད་མེད་པ་དགག་ཚིག་ཁྱི་ལྟ་བུ་ལ་ཡོད་རྫི་མ་མིག་ལྤགས་ཀྱི་མཐའ་ན་ཡོད་པའི་སྤུ་ཟིན་པའི་དོན་ཅན་གྱི་རྫོགས་པ་ཚར་བ་དང་ཟད་པ། མཁར་ལ་གོ་བའི་རྫོང་སྟེ་བགྲོད་དཀའི་ཁང་པ་དང་བྲག་རྫོང་སོགས་ནོར་རྫས་ཀ་ཅ་སྤྱད་དངོས་རྫས་ཞེས་པ་དངོས་པོ་རང་བཞིན་བྱེ་བྲག་ཁོ་ན་རྫས་ཆ་མེ་མདའི་རྫས་སོགས་རྫུ་ཞིང་འཕྲུལ་བ་སྨད་ནས་མེ་འབར་སྟོད་ནས་ཆུ་འབབ་པ་སོགས་དང༌། རྫོགས་པ་གང་བ་ཚང་བ་ཡང་དག་པར་སངས་རྒྱས་པ་ཤཱཀྱ་ཐུབ་པ་ལྟ་བུ་དང་ཟོག་གི་རྫུ་བ་ཕྲག་རྫོང་རྫེ་བ་རྫུ་བ་རྫི་བ་ནུ་རྫི་རྫོང་བ་སོགས་རར་བཏགས་ཛའོ། ། ༼བརྫ༽ གཞན་ཕ་རོལ་གྱིས་མི་དགག་སྒྲ་བརྫི་བ་རྫི་བ་ཐུབ་པ་ཚུགས་པ་གནོད་པ་ཁྲོ་བོ་ལ་སོགས་པར་བརྫུས་པ་རྫུ་བ་སྒྱུར་བ་མ་ཡིན་པ་ལ་ཡིན་པ་ལྟར་བྱས་པ། རལ་པ་སྐྲ་རིང་གྱེན་དུ་བརྫེས་པ་རྫོང་སློང་བ་སྒྲེང་བ་སྲོག་ཆགས་འབུ་བརྫིས་པ་མནན་པ་རྫི་བ་གླེབས་པ། ཟན་སྤགས་བརྫིས་པ་བསྣོས་པ་མཉེས་པ་རྫི་བ་ཡུལ་གཞན་སོགས་སུ་བརྫངས་པ་མངག་པ་བཏང་བ་བསྐུར་བ་བཅུག་པ་རྫོང་བ་དང་བརྫུ་བ་བརྫེ་བ་བརྫི་བ་བརྫང་བ་སོགས། བས་འཕུལ་ར་མགོ་ལྡན་པའི་ཛའོ། །༼ཝ༽ ཝ་སྐྱེས་སེམས་ཅན་ཝ་ཕ་ཝང་བྱ་མ་བྱིའམ་སོ་གཤོག་གཉིས་ལྡན་གྱི་སེམས་ཅན་ཞིག་ཆུ་འགྲོ་བའི་ཝ་ཆུ་འཁྲིད་ནུས་ཀྱི་བྲུས་པ་ལྟ་བུའི་ཤིང་སོགས་ཏེ་ཝ་ཁ་ཡང༌། འགིའུ་ཝང་གླང་ཆེན་སོགས་ལས་འབྱུང་བའི་སྨན་རྫས་བརྒྱད་ཀྱི་གཅིག་པི་ཝང་སྒྲ་སྙན་ཏམྦཱུར་འཛུམ་ཝང་ཝང་འཛུམ་དམུལ་དམུལ་རྒོད་པའི་རྣམ་འགྱུར། ཡིད་སེམས་ལ་ཝལ་ལེ་གསལ་བའི་ཚུལ་ལམ་རྣམ་འགྱུར་ཝང་ལོང་རྣ་རྒྱན་ནམ་རྣ་ལོང་དང༌། ཝ་ཏ་རས་དང་སྨན་ཞིག་དང་གྲུ་གུ་ཡང་ཡིན་སྙམ་ཡུག་རས་ཡུག་ལྟ་བུ་དང་ས་སྨན་ཞི་ཝལ་ཝལ་ཝང་ཆུང་ཝ་སོགས་ཝ་རྐྱང་ངོ༌། ། ༼ཞ༽ ཞ་བོ་ཡན་ལག་ཉམས་པའམ་ཞ་པ་པོའི་དོན་ཞྭ་མོ་མགོའི་ཞྭ་སྟེ་ཞུ་ཡང་ཟེར་ཞུམ་ཞོམ་ཞེན་ཞུགས་ཞུ་ཞུས་ཞག་ཞོག་ཞིང་ཞེས་ཞེའོ་ཞེ་ན་ཞིག་ཞང་ཞུང་བག་ལ་ཞ་བ་ཞུན་མ་ཞེང་ཞོ་ཞིབ་ཞོ་ཤ་སོགས་ཞ་རྐྱང་ངོ༌། ། ༼གཞ༽ ཏིང་འཛིན་སོགས་ལ་མཉམ་པ་མཚུངས་པར་གཞག་པ་འཇོག་པ་རྗེས་ཐོབ་ཀྱི་ཅིག་ཤོས་དང་བསལ་གཞག་གཞལ་བྱ་ཤེས་བྱའམ་འཇལ་བྱེད་ཀྱི་ཡུལ་ཚད་དམ་རིན་གྱིས་གཞལ་དུ་མེད་པའི་ཁང་པ་གཞལ་ཡས་ཁང༌། ཀུན་གྱི་གཞི་མ་རྩ་བ་རྟེན་ས་བོན་གནས་རྒྱུད་ཁམས་ཀུན་གཞིའི་རྣམ་ཤེས་སོགས་རྣམ་པར་གཞག་པ་ཚུལ་ལམ་ལུགས་དགག་སྒྲུབ་ཀྱི་རྣམ་གཞག་སོགས་ཏེ་འཇོག་པའི་དོན་ནམ་ཡང་གཞག་པ་དུས་གཏན་ནམ་རྒྱུན་པ། གཞོན་ནུ་ན་ཕྲའམ་གཞོན་པ་གཞུར་ཁོག་གམ་ཟོ་བཟང་པོ་ལེགས་པ་གཞའ་ཚོན་འཇའ་ཚོན་གྱི་བརྡ་རྙིང་གཞུ་གནམ་རུ་མདའ་སྟན་ཏེ་གཟུང་བྱའི་དོན་འདྲ། གཞོགས་ཟུར་གྱིས་སློང་བ་སྟེ་གཞན་གྱི་རྫས་འཐོབ་པར་བྱ་བའི་ཕྱིར་དེ་ལ་བསྔགས་པ་བྱེད་པ་ལོག་འཚོ་ལྔའི་གཅིག་བདུད་དགྲ་ནད་གཞོམ་པ་འཇོམས་པ་ཚར་གཅོད་པ་སེལ་བ་སྦོ་ལུས་ཀྱི་བྲང་དང་ལྟོ་བའི་ངོས་གཞོགས་གློའམ་ངོས་སམ་ཟུར་སོགས་ཀྱང་གོ། གནས་ལ་གོ་བའི་གཞི་རྟེན་བསླབ་གཞི་གཞི་བཅུ་བདུན་གཞོང་པ་སྣོད་སྤྱད་ཀ་ཏོ་ར་གཡང་གཞི་ཡན་ལག་ཚང་བའི་པགས་པ་གཞན་ཕ་རོལ་ལམ་ཐ་དད་དམ་བདག་མིན་པའམ་བྱ་ལས། མངག་ཏུ་གཞུག་བྱ་སྟེ་ཕོ་ཉ་དང་བྲན་གཡོག་ཁུ་བ་དང་ནུ་མ་གཞིབ་པ་འཇིབ་པའི་དོན་ཡིན་ལ་གཞོལ་བ་འབབ་པ་འཇུག་པ་འདུ་བ་ཐུག་པ། གཞའ་གསང་གཡུང་དྲུང་ངམ་རྟག་པ་མི་འགྱུར་བ་འཕྲིན་ལས་གཞོངས་ཡུལ་ལྗོངས་སུ་གོ་ལྕག་སྦ་ལྕག་གིས་གཞུ་བ་སྣུན་པ་རྒྱབ་པ་གཟུང་བ། གཞི་གྲུབ་པ་ཡོད་པ་གཞལ་བྱ་སྨོས་མ་དགོས་པ་དོན་ལ་གྲུབ་པ་གཞུང་བསྟན་བཅོས་སོགས་ཀྱི་ལུགས་ཀ་བརྟག་པ་ལ་འཇུག་པའི་གཞིག་པ་དཔྱད་པ་བཤིག་པ་བཅོམ་པ་རྗེས་གཞིག་ལྟ་བུ་གཞུག་པ་བཅུག་པ་བྱེད་དུ་འཇུག་པ། ལུས་ཀྱི་ངོས་སམ་གཞོགས་ཕྱེད་སོགས་ཀྱི་དོན་ནད་ཀྱི་གཞི་མ་བསྙུང་གཞི་གཞང་སྨད་དམ་འདོམས་དང་བཤང་ལམ་གོ་ཞིང་བཤང་ལམ་གྱི་ནང་སོར་བཞི་ཙམ་ན་ཡོད་པའི་བུར་ནད་ལ་གཞང་འབྲུམ་ཟེར་གཞིལ་བ་བཅིལ་བ་འཇིལ་བ། གཞར་ཡང་ནམ་ཡང་ངམ་སླར་ཡང་གཞུང་བ་འཇུར་བ་གཞོམ་པ་མེད་པ་དགག་ཚིག་ཡིད་གཞུངས་བློ་གསལ་ལམ་འཛིན་རྩལ་ཆེ་བ་མཁས་པ་གཞོབ་པ་འཚིག་པ་སྟེ་བལ་རྭ་ཐབ་གཞོབ་ལྟ་བུ། གཞིས་ཀ་ས་ཞིང་སྒོས་གཞིས་ཕ་གཞིས་སོགས་གླུ་དང་གཞས་གཉིས་དོན་གཅིག་གཞས་གཏོང་བ་གླུ་ལེན་པ་འཚོ་གསོན་ཞིང་གཞེས་པ་སྡོད་པའམ་བཞུགས་པ། དྲན་པ་མི་བརྗེད་པ་ཉེ་བར་གཞག་པ་འཇོག་པ་བཞག་པ་བསྒྲིགས་པའི་དོན་ལ་གོ་བའི་གཞིབས་པ་གཤིབས་པ་སྡེབ་པ། གཞེན་པ་ལེགས་པའམ་ཕན་པ་ལ་བསྐུལ་བ་སྟེ་གཞེན་འདེབས་སམ་དྲན་བསྐུལ་སོགས་ནང་དུ་གཞུག་པ་བཅུག་པ་འཇུག་པ་དང་དུས་ཀྱི་གཞེས་གཞུངས་པ་གཞུང་བགྲེས་གཞོན་གཞི་ལམ་མ་གཞི་གཞལ་བ་སོགས་གས་འཕུལ་ཞའོ། །༼བཞ༽ གནས་སུ་བཞག་པ་འཇོག་པ་ཟིན་པ་ཚར་བ་བཞད་པ་བགད་པའམ་དགོད་པ་བཞད་མོ་ནི་གད་མོའམ་བཞད་གད་དམ་ག་ཞ་བཞད་བྱའི་ཁྱད་པར་ཏེ་ངང་པ་ཡིན་ནམ་དཔྱད་དཀར་པོ་བཞི་གྲངས་ཀ །བཞབས་པ་འཇབས་པ་གབ་ནས་སྐྲ་སྤུ་བཞར་བ་བྲེགས་པ་བཅད་པ་བཞམས་པ་འཇམ་པོར་བྱས་ཏེ་བསྒོ་བ་བསླབ་བྱ་བྱེད་པ་སྟེ་འདུལ་བའི་བརྡ་དྲན་བསྐུལ། ལས་བརྒྱ་ནས་གསོལ་བ་དང་བཞིའི་ལས་སུམ་ཅུ་ཙམ་ཡོད་དེ་འདི་ཡང་འདུལ་བའི་བརྡ་དགོངས་པ་ལ་གོ་བའི་བཞེད་པ་བསམ་པ་འདོད་པ་འཐད་པ་དེ་བཞིན་ཉིད་ཆོས་ཉིད་ཡང་དག་མཐའ། བཞེངས་པ་ལངས་པ་ལྡང་བ་བསྐྲུན་པ་བཞུགས་པ་བསྡད་པ་ཡོད་པ་གནས་པ་འབྱོན་པ་ལ་གོ་བའི་བཞུད་པ་འཇུད་པ་ཕེབས་པ་སོང་བ་ཉི་མ་བཞུད་པ་བཞོན་པ་ཐེག་པ་རྟ་སོགས་ཞོན་པ་འཆིབ་བ། བཞོན་མ་འོ་མ་བཞོ་རྒྱུ་ཡོད་པའི་འཛོ་མོ་སོགས་བཞོ་བ་དང་བཞོས་པ་གཉིས་འཇོ་བ་བརླན་པ་ལ་གོ་བའི་བཞའ་བ་གཤེར་བ་བཞེར་བ་བཞོགས་པ་ཤིང་སོགས་འཇོག་པ། གཡོག་དང་ནོར་བཞུན་པ་ལེགས་པ་ཡིད་དུ་འོང་བ་མར་ཁུ་བཞུ་བ་བཞུས་པ་སྐོལ་བའམ་འཇུ་བ་བཞུར་བ་དྭངས་སྙིགས་ཕྱེ་བའམ་གུད་དུ་བཏོན་པ་སོགས་ནས་ལྷག་བཅས་བཞེས་པ་ཟ་བ་གྱོན་པ་ལེན་པ་འཐུང་བ་སོགས་དོན་མང༌། བཞིན་རས་ཞལ་རས་གདོང་མེ་བཞི་དང་གྲོ་བཞིན་དང་བྱི་བཞིན་གསུམ་སྐར་མའི་ཁྱད་པར། འདི་ཇི་དེ་བཞིན་ལྟ་བུ་འདྲ་བ་དཔེ་སྒྲ་ཁུར་འགན་བཞེས་པ་ལེན་པ་སྣོམ་པ་འཁྱེར་བ་དཔང་པོ་ལ་འཇུག་པའི་ཆེ་བཞི་གཉའ་བོ་སྟེ་གྲངས་ཀྱི་བཞི་མིན་པར་བཤད། བཞི་མཉམ་བཤང་བའི་མིང་སོགས་བཞག་ནང་ཁྲོལ་རྒྱུ་མ་ཞིག་དང་བཞུས་པ་བཞུན་པོ་བཞིབས་པ་ཚུལ་བཞིན་སྒྱེ་བཞིན་ཤེས་བཞིན་བཞེར་བ་སོགས་བས་འཕུལ་ཞའོ། ། ༼ཟ།༽ ཟྭ་དང་ཟྭ་ཚོད་ནི་སྔོ་ཚོད་ཚེར་ལྡན་མི་ཟད་པ་མི་འཛད་པ་ཟད་མི་ཤེས་པ་གཞན་མཆོག་དམན་ཀུན་ལ་ཟློ་བ་བཟླ་བ་འཆད་པ་སྨྲ་བ། རིག་སྔགས་སོགས་ཟློས་པ་བཟླ་བ་སྐོར་བ་ཡང་ཡང་བརྗོད་པ་ཟློས་ཤིག་ཀྱང་ཟློས་པའི་གར་རིག་གནས་ཆུང་བ་ལྔའི་གཅིག་གར་འཁྲབ་པའི་མིང་ཟླ་བ་ཀུ་མུད་གཉེན་སོགས་ཟླུམ་པོ་དབྱིབས་ཀྱི་ཁྱད་པར་གོར་གོར་དང་རིལ་རིལ་ཟླུམ་པ། ཟླ་གམ་ཟླ་ཕྱེད་ཀྱི་དབྱིབས་དང་གོས་ཤིག་ཟླ་ཡིས་དབྱེ་བ་གྲོགས་ཀྱིས་ཕྱེ་བ་བསྡུ་བ་དྲུག་གི་གཅིག་ཟླས་དྲངས་པ་ཟློག་པ་བཟློག་པ་ལོག་ཏུ་འཇུག་པ་དང༌། ཟླ་བོ་གྲོགས་པོ་མཆེད་པོ་སྤུན་ཟླ་ལོ་དུས་ཤིག་ཟླ་བ་ཞག་སུམ་ཅུའི་མིང་མྱ་ངན་སེམས་སྡུག་ལས་ཟློ་བ་བཟླ་བ་འདའ་རུ་འཇུག་པ་སྒྲོལ་བ། བསྐྱར་བའི་དོན་ཅན་གྱི་ཟློས་པ་དོན་གཅིག་ཡང་ཡང་འཆད་པ་ལྡབ་པ་ཟློས་སྐྱོན་ལྟ་བུ་དང་ཟླུམ་པ་ལ་ཟློ་བ་ཟླ་བྲལ་ཟམ་ཆུད་ཟ་ཟིང་ཟི་བོ་ཟུལ་བ་ཟག་པ་ཟབ་པ་ཟུག་པ་ཟེར་བ་ཟོལ་སྦྱོར་ཟོང་ཟུམ་པ་ཟིལ་པ་སོགས་ཟ་རྐྱང་ཉིད་དོ། ། ༼གཟ༽ གཅན་གཟན་སྟག་སོགས་གཟིག་གཅན་གཟན་ཞིག་གི་མིང་གཟུགས་བརྙན་འདྲ་ཅོག་སྣང་བརྙན་གཟིགས་པ་ལྟ་བ་ཤེས་པ་འཚོ་བ་དགོངས་པ། གཟའ་ཉི་མ་སོགས་སྐར་མ་བྲ་ཉེ་སོགས་འོད་གཟེར་འོད་ཟེར་སྣང་བ་གསལ་བ་གཟི་བརྗིད་གཟི་བྱིན་བཀྲག་ཟིལ་གཟི་ནོར་བུ་ཁྲ་བོ་ཞིག་དང་ནུས་པའམ་ཟིལ་ལམ་འོད། རྔུལ་ལེན་པའི་གཟན་ཡོ་བྱད་བཅུ་གསུམ་གྱི་གཅིག་སོགས་ཕྲག་པ་དང་སྣོད་ལྟ་བུར་གཟེད་པ་འཛེད་པ་བཟེད་ཅིང་གཟར་བ་བཀལ་བ་དཔྱང་བ། གཟོང་ཤིང་སོགས་རྐོ་བྱེད་ཀྱི་སྤྱད་ཅིག་གི་མིང་གཟེབ་གུར་དང་སྨྱུག་གཟེབ་སོགས་ལ་གོ་གཟེར་བུ་ལྕགས་གཟེར་ཆུང་བ་སོགས་གཟུགས་པ་བཙུགས་པ་འཛུགས་པ། གཟེགས་མ་ཟེགས་མ་ཉར་མ་ཟེར་མ་ཉག་མ་ཕྲ་བའི་དངོས་པོ་གཟེགས་ཟན་ཟས་ཀྱི་ཟེགས་མ་ཟ་ཞིང་འཚོ་བ་སྟེ་བྱེ་བྲག་པའི་སྟོན་པ་སོགས་གཟིར་བ་མནར་བ་གཏོད་པ་སྣུན་པ་སྐྱེན་པར་གོ་གཟས་པ་བརྡེག་པར་བརྩམས་པ་ཆས་པ་གཏད་པ། ད་གཟོད་ད་གདོད་ད་ཙམ་དྲིན་བྱས་པ་གཟོ་བ་བྱེད་པ་རྩི་བ་འཇལ་བ་རྩོལ་བའམ་འབད་པ་ཆུད་མི་གཟོན་པ་ཆུད་མི་ཟ་བའམ་ཆབ་མི་འཚལ་བ། གཟུ་ལུམས་རང་བཟོ་བབ་ཅོལ་གཟུང་བ་ཡུལ་ལམ་གཞལ་བྱ་དང་བཅང་བྱ་འཛིན་པ་ཡུལ་ཅན་ནམ་འཇལ་བྱེད་དང་འཆང་བ་གཟེག་ཆ་གཉོད་ཀའམ་ཕྲ་དངོས་ཆུང་བ། ཟུག་གཟེར་ཟུར་ཅིང་ན་བའམ་ན་ཟུག་དང་གཟེར་བུ་རྒྱབ་པ་ལྟ་བུ་ལ་གོ་གཟེམ་པ་འཛེམ་པ་གཟིམ་པ་མནལ་བ་གཉིད་དམ་གཉིད་ལོག་པ་གཟིམ་མལ་ཉལ་སའམ་གནས་མལ་གཟིམ་ཤག་ལྟ་བུ་ཞེ་སའི་བརྡ་ཡང་ཡིན་གཟུད་པ་བཙུད་པ་བཅུག་པ། གཟེ་མ་གཟེ་མ་ར་མགོ་ཟེར་བའི་ཚེར་མ་རྩ་བ་ལྔའི་ནང་ཚན་གཟང་རིང་རྩེ་རྣོ་ཞིང་རིང་བ་གཟན་པ་གནོད་པ་གཙེས་པ་ཟད་པ་གཟན་པོ། གྲུ་ལ་གོ་བའི་གཟིངས་ཆུ་སོགས་ལས་སྒྲོལ་བྱེད་དང་འཛིངས་པ་དང་གྲུ་གཟིངས་མ་ཤ་ཁོག་གི་ཆ་ཞིག་ལ་གཟུག་ཟེར་ཏེ་གཟུག་གཅིག་གཉིས་ལྟ་བུ་ཟས་ཀྱི་དོན་ལ་གོ་བའི་གཟན་ཟན་གྱི་མིང༌། ཕྱིང་སྲིན་གཟར་སྟན་ནམ་གདན་གཟར་བུ་སྐྱོགས་སམ་བླུག་བྱེད་དགང་བའི་གཟར་བུ་དང་བླུགས་པའི་གཟར་བུ་གཉིས་སྦྱིན་སྲེག་གི་སྣོད་སྤྱད་སོགས་དང་སྡམ་ཤིང་ཞིག་ཀྱང༌། གཟེངས་བསྟོད་པ་འདུན་སར་བསྟོད་པའམ་མཐོ་བར་བྱེད་པ་གཟི་ནི་མདངས་སམ་སྟོབས་སོགས་གཟོད་མ་གདོད་མ་ཐོག་མའི་མིང་དུས་ཚོད། རི་གྱེན་གཟར་པོ་དམ་པོ་བགྲོད་དཀའ་བ་གཟུགས་མོ་ནི་བྱི་ཐུར་ཅན་ཏེ་སྒང་གཟུགས་སྒང་ཐུར་དང་ལུས་སོགས། གཟར་བ་དཔྱང་བའི་ཐག་པ་གོས་ཀྱི་གདང་བུ་གཟུངས་ཚེམ་བུའི་གཟུངས་དང་བུམ་པའི་གཟུངས་ཐག་སོགས་གཟབས་པ་གཟོབ་པ་བག་ཟོན་བྱེད་པ་སྒྲིམ་པ་བསྟར་བ་གཟབས་སྤྲོད་དང་གཟབས་གཟབས་ཀྱང་གོ་གཟགས་པ་འཛག་པ་ལྷུང་བ། གཟུངས་སྔར་ཐོས་པའི་ཆོས་དོན་མི་བརྗེད་པར་འཛིན་པ་སྤོངས་པ་ཟད་མི་ཤེས་པར་འཆད་ནུས་པ་གཟུངས་སྔགས་ཡི་གེ་དྲུག་མ་སོགས་ཐུགས་བློ་གཟུ་བོ་དྲང་པོ་རིས་སུ་མི་ལྷུང་བ། བསྒོ་བ་བསླབ་བྱ་རྣ་བར་ཆུད་གཟོན་པ་མི་ཉན་པ་དང་གཟེངས་པ་གཟིངས་པ་གཟིམས་པ་གཟའ་གཏད་གཟུ་གཟུགས་སུ་རུང་བ་གས་འཕུལ་ཟའོ། ། ༼བཟ༽ བཟའ་བ་བཟའ་བྱ་སྤྱད་བྱ་ཟས་བཟའ་བ་དང་བཟས་པ་གཉིས་ཟ་བ་བཞེས་པ་སྤྱོད་པ་གནོད་པ་བུད་མེད་ལ་གོ་བའི་བཟའ་ནི་མོའི་དོན་ཏེ་རྒྱ་བཟའ་བལ་བཟའ་ལྟ་བུ། བཟའ་ཆུང་མའམ་མོ་མི་ཁྱོའམ་སྐྱེས་པ་སྟེ་དོན་ཁྱོ་ཤུག་བཟི་བ་ར་རོ་བའམ་མྱོས་པའི་དོན་ཡིན་ཞིང་ཕྲད་མ་དགག་སྒྲ་བཟླུགས་པ་དྲིས་པ་རྨས་པ་ཞུས་པ་བླུགས་ཀྱང་གོ་སྙམ། ན་བཟའ་གོས་སམ་བགོ་བ་བཟང་པོ་ལེགས་པ་དགེ་བ་ཕན་པ་བཟང་བ་ལག་པ་སུག་པས་བཟུང་བ་འཛིན་པ་འཆང་བ། བཟོ་བོ་བཟོ་རིག་ཤེས་མཁན་ནམ་བཟོ་བྱེད་དམ་བཟོ་པས་ལྷུང་བཟེད་ཡོ་བྱད་བཅུ་གསུམ་གྱི་གཅིག་སློང་ཕོར་ཡང་ཟེར་བཟེད་ཞལ་ཞག་བླུག་གམ་མཆིལ་སྣོད་བཟེད་པ་འཛེད་པ་གཟེད་པ། བཟེ་རེ་མི་བཟོད་པའམ་སྲན་མེད་པ་ཆུང་བ་སྟེ་བཟོད་སྲན་ཆེ་བ་དང་གཉོད་ཆུང་ཡང་མི་བཟད་པ་མ་རུངས་པ་ཧ་ཅང་དྲག་ཤུལ་ཚབས་ཆེ་བའི་ལས་བྱ་བ་ལ་བཟུར་བ་འཛུར་བ་གཟུར་བ། བཟོད་པ་བསྲན་པ་ནུས་པ་ཁྲོ་བ་སྤོང་བ་ཚོགས་གཉིས་བཟླུམས་པ་བསྡུས་པ་འདུམས་པ་དྲིལ་པ་མཐུན་པར་བྱས་པ་ལྡང་བར་བྱས་པ་སྟོན་པས་སྐར་རྒྱལ་ལ་ཚིགས་བཅད་ཀྱིས་བསྟོད་པས་བསྐལ་པ་མང་པོའི་ཚོགས་བཟླུམས་པ་ལྟ་བུ་སྔགས་གཟུངས་བཟླ་བ་དང་བཟླས་པ་གཉིས་བསྐྱར་བ་ཟློས་པ། མི་དགག་ཚིག་བཟློག་པ་སྒྱུར་བ་ཕྱིར་ལྡོག་ཏུ་འཇུག་པ་ཟློག་པ་གཡུལ་དམག་བཟློག་པ་ཟློག་པ་བཀག་པ་ལྡོག་ཏུ་འཇུག་པའམ་ལོག་པར་བྱས་པ་མྱ་ངན་ལས་བཟླ་བ་ཟློ་བ་བཟླས་པ། ཕྱོགས་གཅིག་ཏུ་དུ་མ་བཟླུམས་པ་བསྡོམས་པ་བསྡུས་པ་དང་བཟླུམ་པ་ལད་མོ་དང་ལ་བཟླ་བཟླས་བཟོ་བཟོས་བཟླུག་པ་བཟབས་པ་བཟང་བ་སོགས་བས་འཕུལ་ཟའོ། ། ༼འ༽ འོངས་འོང་འོ་སྐོལ་འོན་པ་འུག་པ་འོན་ཅིག་འོས་པ་འོལ་ཁ་འུད་པོ་ཆེ་འོག་མ་འོན་ཏང་འོ་མ་འོབས་འོད་ཟེར་འོ་དོད་སོགས་འ་ཉིད་དོ། ། ༼ཡ༽ ཡི་རང་གཞན་གྱིས་བྱས་པ་ལ་དགའ་བའམ་དགའ་བ་ཙམ་ཡི་ཆད་པ་ཚི་ཆད་པ་ཡི་མུག་པ་ཡི་དྭགས་ངན་སོང་གསུམ་གྱི་གཅིག་དང༌། མདའ་ཡབ་ཁང་པའི་པུ་ཤུ་རྔ་མའི་ཡབ་སྟེ་རླུང་ཡབ་བསིལ་ཡབ་སོགས་དང་ཡ་མ་ཟུང་ཡ་མེད་ཡུར་བ་ཡུངས་ཀར་ཡོལ་གོ་གམ་ཡོ་ཡན་པ་ཡར་བ་ཡལ་བ་ཡུ་བ་ཡོལ་བ་ཡོས་སོགས་ཡ་རྐྱང་ངོ༌། ། ༼གཡ༽ གཡོར་མོ་གདོས་པ་གྲུ་གཟིངས་ཀྱི་དར་པོ་ཆེ་རླུང་གཡོར་གཡོ་བ་དང་གཡོས་པ་གཉིས་འགྲུལ་བསྐྱོད་པ་འགྱུར་བ་འཁྱོག་པ་བརྫི་བ་ཕྱི་མ་གཡོས་ཤིག་ཀྱང་གཡབ་མོ་གཡབ་གཡུག་གམ་གཡོབ་པའི་མིང་ཙམ་གཡབས་པ་གཡོབ་པ་གཡབ་པ་བསྐྱོད་པ་འགུགས་པའི་བརྡ་སོགས་བྱས་པ། གཡོར་པོ་ཡུལ་གྱི་བྱེ་བྲག་གཡུང་བ་འདྲིས་པའམ་མི་འདྲོག་པའམ་བརླིང་བ་དང་ཞན་པ་དམན་པ་ཟ་བ་འཕྲུག་པ་ལོངས་སྤྱོད་པ་སོགས་གཡན་པ་གཡའ་ནད་དམ་ཟ་ཕྲུག་གི་ནད་དགབ་པ་འགེབས་པའི་གོས་ལྟ་བུ་སྟེ་ཡོ་བྱད་བཅུ་གསུམ་གྱི་གཡན་དགབ་སོགས། གཡང་ས་ལྷུང་སའམ་ས་གཟར་པོ་མི་གཡོ་བ་མི་སྐྱོད་པ་མི་བརྫི་བ་གཡུང་དྲུང་རྟག་པ་འགྱུར་མེད་དང་བཀྲ་ཤིས་པའི་རི་མོ་ཞིག་གཡང་དཔལ་ལམ་ཕུན་ཚོགས་སམ་ཕྱྭ། གཡེལ་བ་བསྙེལ་བ་སྙོམ་ལས་བརྩོན་མེད་བརྗེད་པ་གཡེང་བ་མེད་པ་དགག་ཚིག་གཡུར་དུ་ཟ་བ་ལོ་འབྲས་རྒྱས་ནས་ཐུར་དུ་འཕྱང་བ་དང་སྨིན་པ་ཟས་དང་རྒྱུ་མ་གཡོ་བ་དང་གཡོས་པ་གཉིས་སྦྲུས་པ་བཙོས་པ་སྦྱར་བ་སོགས་ཏེ་གཡོས་ཟས་སྦྱར་ཟས་ལྟ་བུ། གཡང་གི་གཞི་མ་ཡན་ལག་ལྡན་པའི་པགས་པ་སོགས་གཡོག་པ་དང་གཡོགས་པ་གཉིས་བཀབ་པ་གཏུམས་པ་བསྐོན་པ་ཕྱི་མ་སྐུལ་ཚིག་ཀྱང་གཡེར་མ་སྤོད་དམ་སྨན་ཞིག་རྒྱ་གཡེར་ལྟ་བུས་གཡིགས་པ་སྐྱིགས་བུ་བྱེད་པ་གཡིག་པ། གཡི་གཅན་གཟན་ཞིག་ལྤགས་ཤུན་གཡར་བ་གཡས་པ་བརྙས་ནས་གཡའ་གཡུག་གཡབ་མོའམ་གཡབ་ཅིང་གཡུག་པ་གཡོབ་པ་གཡབས་པ་ཀྲབ་ཀྲབ་བྱེད་པ། གཡོན་མ་གཡོན་ཅན་མ་འཕྱོན་མ་དང་གཡོན་མིག་མ་མཛེས་མ་ལོག་པར་གཡེམ་པ་འདོད་པ་སྟེ་འདོད་ལོག་དང་གཡེམ་མ་སོགས་གཡེང་བ་རྒོད་པ་འཕྲོ་བ་སྐྱོད་པ་ལེ་ལོ་འཕེན་པ་རྣམ་གཡེང་གིས་གཡེངས་པ་གཡེངས་བ་དང་གཡེངས་ཤིག །གཡའ་སྒོག་རེག་ནས་གད་མོ་སློང་བའམ་ག་ག་ཚིལ་བྱེད་པ་དང་གཡའ་རི་ལས་སྐྱེས་པའི་སྒོག་པ་སྐྱི་གཡའ་བ་འཇིགས་པ་སྐྲག་པའམ་བ་སྤུའི་བུ་ག་ཟ་བ་ལྕགས་སོགས་ཀྱི་གཡའ་བཙའ་གློ་བུར་དྲི་མ་ལྟ་བུ་གཡུ་རིན་ཆེན་དྲུག་དམར་དྲུག་དཀར། གཡུང་མོ་རིགས་ངན་མ་སོགས་དང་གཡུང་པོའང་གཡོ་སྐྱ་གཡོ་ཐབས་སམ་སླུ་བ་དང་གྱ་གྱུ་གཡེར་བག་རྒོད་བག་གཡེང་བག་སྣང་གཡེལ་གཡག་དུད་འགྲོའི་ཁྱད་པར། གཡས་པ་ཕྱོགས་དང་བརྙས་པ་གཡོན་པ་ཕྱོགས་དང་མི་བརྟན་པ་འཁྱོག་པ་གཡུལ་དམག་གམ་འཁྲུག་པ་སྤྲོད་པ་འཐབ་ཏུ་འཇུག་པ་འགྱེད་པ་གཡུལ་ལས་དམག་ལས་སམ་ཐོག་ལས་གཡོག་ལས་ཀའམ་བྱ་བ་དང་གཡོག་རྒྱུག་པ་དང་བྲན་ཁོལ། མིག་གཡོར་ཟླ་བ་གཉིས་སྣང་ལྟ་བུའམ་གྲིབ་མ་སྟེ་སྒྱུ་མའི་དཔེ་ཁ་གཡལ་བ་གླལ་བ་གདང་བ་གཡར་ཚ་བ་ནི་ངོ་ཆ་བ་སྐྱེངས་པ་ཞལ་ངོ་ཚ་བ། གཡར་ཁྲལ་ཁ་ཁྲལ་ལམ་ཁྲལ་གཡར་དམ་དམ་བཅའ་ཞལ་བཞེས་གཡར་ཁམས་སྐུ་ཁམས་སམ་ཁམས་གཡར་ཞེས་པ་ཁ་གདོང་མདུན་སོགས་ཀྱི་ཞེ་སའི་ཚིག་དང་ཞེ་སའི་ཚིག་ཙམ་ཡང་ཡོད་པས་སྐབས་ཕྱེད་དགོས་པ་དང༌། ཡུལ་གྱི་སྣང་བ་ལ་གཡེལ་བ་གཡེང་བ་དང་གཡེར་བག་དང་ས་ཡངས་པ་གཡེར་ཁ་དྲིལ་ཆུང་སོགས་དང་གཡེར་བ་གཡབ་བ་གཡའ་རི་གཡོག་འཁོར་གཡུང་བ་རུས་ཀྱི་གཡུང་གཡའ་ཀྱི་མ་སོགས་གས་འཕུལ་ཡའོ། ། ༼ར༽ ར་དུད་འགྲོའི་ཁྱད་པར་ལུག་བལ་ལྡན་རྭ་ཅོ་མགོ་སྐྱེས་ཀྱི་རུ་རྡུལ་ཕྲན་དུ་རློག་པ་བརླག་པ་འཇོམས་པ་འཐག་པ། མངོན་པར་རློམ་པ་མངོན་པའི་ང་རྒྱལ་ལམ་ང་རྒྱལ་བའམ་སེམས་པ་རློམ་པ་ཆགས་པའམ་ང་རྒྱལ་བའམ་མ་ཡིན་པ་ལ་ཡིན་པར་འཛིན་པའི་སེམས་ཏེ་མཁས་རློམ་ལྟ་བུ་བླ་མ་སོགས་ཀྱི་བྱིན་རླབས་རློབ་པའི་མིང་ཙམ་སྟེ་ལྷག་གནས་སམ་ནུས་པའི་དོན་ཡིན་སྙམ་རློབས་ཤིག་བྱིན་གྱིས་རློབ་པའི་སྐུལ་ཚིག །རློན་པ་གཤེར་བ་བརླན་པ་རླག་བྱེད་གནོད་བྱེད་འཇོམས་བྱེད་དང་སྟོར་བྱེད་འདོམས་གསང་གནས་ཀྱི་རླིག་པ་སྒྲོ་བ་འབྲས་བུ། རླབས་ཆེན་བྱ་བ་རྒྱ་ཆེན་ཐབས་ཆེན་ཕྱོད་ཆེན་དབའ་རླབས་ཆུ་རླབས་མཚོ་རླབས་ལྟ་བུ་རླངས་པ་དྲོད་སྐྱེས་ས་རླངས་ཁ་རླངས་སོགས་རླུང་གཡོ་བྱེད་སྐྱོད་བྱེད་འབྱུང་བཞིའི་གཅིག །རླམ་ཁྱེར་ཧམ་པས་ཁྱེར་བ་ཁྲག་རླངས་ཁྲག་གི་དྲོད་རླངས་སམ་ཁྲག་རྡོག་རླན་རློན་གཤེར་བའམ་སྐོམ་མམ་བཏུང་བ་ཆང་སོགས་ཏེ་རླན་པ་རློན་པའི་དོན་འདྲ། རླག་མོ་རྙང་མའམ་སྐྱག་སླ་རླུགས་པ་ཟས་མ་ཞུ་བར་འོག་ནས་འཐོན་པ་སྟེ་བཤལ་བ་ལྟ་བུ་ཁུང་བུའི་དོན་ཅན་གྱི་རླུབས་བུ་ག་དང་དོང་དང་དམའ་བ། དུད་འགྲོ་རེའུ་ལ་སོགས་པའི་པགས་པ་སྦུབས་བཤུས་བྱས་པ་ལ་རླིད་བུ་ཟེར་ཞིང་གྲོད་ཆུང་ངམ་ཕགས་ཁུག་ལ་ཡང་འཇུག་པར་མངོན་རློབ་པ་རློམ་པ་རླན་པ་རླུང་པོ་རླུང་ནད་སོགས་རྐྱང་པ་ཡིན་པས་བས་འཕུལ་མེད་ཅེས་པ་བཤད་ཟིན་གྱི་མིང་རྐྱང་ལ་ཡིན་ནོ། ། ༼བརླ༽ བཅོམ་བརླག་སློབ་དཔོན་ཡོན་ཏན་འོད་ཀྱི་ཡུལ་ཚིག་སོགས་བརླང་པོ་རྩུབ་པོ་གྱོང་པོ་བརླག་བྱ་དགྲ་དང་ནོར་ལྟ་བུ་གཞོམ་བྱ་དང་སྟོར་བྱ་བརླག་པོ་རླག་པའམ་རློག་པ། ལུས་ཀྱི་བརླ་ཡི་ཤ་ཆུ་ཤིང་ལྟ་བུའི་བརླ་སོགས་ཆུ་དང་མཆིལ་མས་བརླན་པ་རློན་པ་རློན་པ་གཤེར་བར་བྱས་པ་ཡ་མ་བརླ་སྙིང་པོ་མེད་པའམ་མི་བདེན་པ། གྲོགས་ལ་བློ་བརླུག་པ་ཡིད་གཅུགས་པ་དང་གྲོགས་པོ་ཡང་བརྟན་པ་ལ་གོ་བའི་བརླིང་བ་འགྱུར་མེད་སྲ་བ་ལྕི་བ་ཚུགས་པ་དུལ་བ་ཟབ་པ་བྱིན་གྱིས་བརླབས་པ་རློབ་པ་བསྐྱེད་པ་ལྷག་པར་གནས་པ་སོགས། གདོན་འདོད་པ་འཇིགས་པ་མྱ་ངན་གྱིས་བརླམས་པ་བསྐྱོད་པ་སྨྱོ་བ་བསླད་པ་ཞུགས་པ་བརླམ་པ་བརླབ་པ་བརླིང་པོ་སོགས་བས་འཕུལ་རླའོ། །

༼ལ༽ ལྭ་བ་ཞེས་པ་ནི་གོས་ཀྱི་བྱེ་བྲག་བལ་གོས་སྲབ་དཀར་སོགས་དང་ལུག་ལུགས་ལང་ལངས་ལོང་ལོངས་ལག་ལགས་ལོག་ལོགས་ལྟ་བུ་རྐྱང་པ་ལས་མེད་ཀྱང་ཡང་འཇུག་ཡོད་མེད་ཀྱི་ཁྱད་པར་སོགས་ཤེས་དགོས་པ་ཡིན། ། ༼ཤ༽ ཤར་ཉི་མ་ཤར་བའི་ཕྱོགས་དང་འཆར་བའི་དོན་གྱི་མིང་ཤིང་རྐང་འཐུང་གི་ཁར་སྟེང་དུ་ཤང་ཤང་འདབ་ཆགས་ཤིག་ཤི་བ་འཆི་བ། ཤུལ་རྗེས་སམ་མལ་དང་ལམ་དུ་གོ་ཤིད་ཟན་གཤིན་ཟས་སམ་དད་ཟས་སམ་དགེ་ཟས་ཤེལ་མེ་ཤེལ་ཆུ་ཤེལ་སྤྱན་ཤེལ་ལྟ་བུའི་ཤེལ་གྱི་མིང་ཤུབས་གཏུམས་སྣོད། ཤེད་བུ་དང་ཤེད་བདག་དང་ཤེད་ལས་སྐྱེས་གསུམ་སེམས་ཅན་ནམ་གང་ཟག་གི་མིང་ཤེད་ཅེས་པ་ཡིད་དང་སྟོབས་དང་ཉམས་དང་ཚངས་པ། ཤུན་པ་ནི་པགས་པ་སྐོགས་པ་ཤུན་ལྤགས་ཀྱང་སྣང་ཤམ་ཐབས་དགེ་སློང་གི་ཟླུམ་པོར་བགོ་བྱའི་གོས་ཤུར་བུ་སྐ་རགས་ཀྱི་ཁྱད་པར་ཕྲེའུ་འམ་སྐ་རགས་ཙམ་ལ་གོ་དེས་བཅིངས་པ་འཆིང་བ། ཤེས་ལྡན་བློན་ལྡན་མཁས་པ་དང་སེམས་ཅན་ཤིན་ཏུ་ཧ་ཅང་ངམ་ངེས་པར་ཤུབ་པུ་ཤུབ་ཤུབ་བམ་སྐད་ཆུང་ངུར་སྨྲ་བ། ཤན་པ་བཤན་པ་གསོད་བྱེད་ཤྭ་འོད་ཆུ་ལོག་དང་ཤུ་བ་ཤིས་པ་ཤོན་ཤུགས་ཤེས་པ་ཤོར་བ་ཤོང་བ་ཚིག་ཕྲད་ཤིང་སོགས་ཤ་རྐྱང་ངོ༌། ། ༼གཤ༽ བདེ་བར་གཤེགས་པ་སོང་བ་འགྲོ་བ་རྟོགས་པ་སྤངས་པ་གཤིས་ལུགས་གནས་ལུགས་གནས་ཚུལ་དེ་བཞིན་དུ་གཤེགས་པ་སྟེ་སངས་རྒྱས། གཤིན་པོ་འདས་པོའི་མིང་གཤགས་རྩོད་པ་ཐ་དད་ཤན་འབྱེད་པ་པོ་དཔོན་ནམ་དབང་པོ་གཤིན་པོ་རྣམས་ཀྱི་རྗེ་བོ་མཐར་བྱེད་ཆོས་རྒྱལ་གཤེད་གནོད་བྱེད་དགྲ་དང་གཤེད་མ་དང་ལྷ་གཤིན་རྗེ་གཤེད། གཤེན་རབས་བོན་པོའི་སྟོན་པ་གཤང་རོལ་མོ་ཅང་དཀྲོལ་བ་འཁྲོལ་བ་དབུ་སྐྲ་མགོ་སྐྲ་གཤོར་བ་རྩུབ་པ་མི་འཇམ་པ། གཤིས་ཀ་རང་བཞིན་རྒྱུད་ངན་པ་མི་བཟང་བ་གཡུལ་དང་མཆོད་པ་གཤོམ་པ་བཤམས་པ་གྲབས་བྱེད་པའམ་སྒྲིག་པ་གཤུང་བ་ཤུབ་བུར་སྨོད་པའམ་ལྐོག་ཁ་གཏོང་བ་དང་གཤེ་བ་སྤྱོ་བ་གཤེ་གཤེ་གཏོང་བ། མོ་གཤམ་རབས་ཆད་མ་གཤའ་མ་ཡང་དག་པ་ངོ་མ་ལྷད་མེད་པ་ཡིན་དུ་གཤའ་ཡིན་གཤའ་བདེན་གཤའ་ཡོད་གཤའ་ངོ་མ་འདེན་པ་གཞིར་བཞག་པ་དང་འཐད་པ་འོས་པ་རིགས་པ། གཤོར་སྣོད་ཅིག་དང་ཡུར་བའི་གཤོར་དང་གཤོ་ཚུལ་གྱིས་ཆུ་སོགས་གཤོ་བ་བཤོ་བ་འདོར་བའམ་འབོ་བ་སོགས་ཤིང་གཤོག་པ་དང་གཤགས་པ་གསེས་པ་བཀས་པ་གཉིས་སུ་བྱེད་པ། ཐོང་པ་དང་གཤོལ་མདའ་རྨོ་སྤྱད་གཤེག་པ་ཕྱེད་པ་ཁ་གཉིས་སུ་བྱེད་པ་ལ་འཇུག་ཅིང་འདབ་མ་ལ་གོ་བའི་གཤོག་པ་འཕུར་བྱེད་སོགས་གཤིབས་པ་གཞིབས་པ་སྒྲིག་པ་འགྲོགས་པ། བརླན་པ་ལ་གོ་བའི་གཤེར་བ་རློན་པ་བཞའ་བྲེ་དང་ཕུལ་གྱིས་གཤོར་བ་འཇལ་བ་བཤར་བ་འཕྲང་ལམ་ལ་གཤོར་བ་བཤར་བ་རེ་རེ་བཞིན་གྲལ་བྱས་ནས་འགྲོ་བའམ་འགྲོ་བ་ཙམ་ཡང༌། གཤམ་འོག་མ་ཕྱི་མ་མཐའ་གཤམ་གསལ་གྱི་སྒྲ་ལྟ་བུ་སྤང་སོགས་ཀྱི་གཤོངས་ལྗོངས་སམ་གཞོངས་དང་སྒང་མིན་པ་ཞིང་གི་ས་སོགས་གཤིན་པ་མཉེན་པ་སྙི་བ་འཇམ་པ་དུལ་བ་མཐུན་པ་གཤིན་པོ། གཤོང་བུ་དམའ་བ་ཀྱོང་ཀྱོང་གཞོང་བུའམ་སྐུན་བུའང་ཡིན་སྙམ་མཉེས་གཤིན་གཤོལ་འཛིན་རུས་ཀྱི་གཤེན་གཤེགས་པ་གཤར་བ་གཤོ་བ་འདི་བཤོས་པའི་ད་ལྟ་བར་བཞག་ན་འབོབ་འཁྲིག་པ་ཟས་གཡོ་བ་གཅི་བར་འཇུག་གཤམ་མ་ལ་སོགས་གས་འཕུལ་ཤའོ། ། ༼བཤ༽ མཛའ་བའི་བཤེས་གཅུགས་པའི་གྲོགས་སམ་གྲོགས་པོ་དགེ་བའི་བཤེས་བླ་མའམ་ལེགས་གྲོགས་ལྷ་སོགས་ཀྱི་བཤོས་ཞལ་ཟས་སམ་གཡོས་ཟས་བཤམས་པ་གཤོམ་པ་སྒྲིག་པ་བཀོད་པ། སྡིག་པ་མི་དགེ་བཤགས་པ་འཆགས་པ་མཐོལ་བ་ཕྱི་བཤོལ་ཕྱི་བསྣུར་ཕྱི་འཐེན་ལེ་ལོ་བཤུལ་ནི་ལམ་འཇུག་ངོགས་བཤར་བ་གཤོར་བ་སོང་བ། བཤུམ་པ་དང་བཤུམས་པ་གཉིས་ངུ་བ་ཆོ་ངེ་འདོན་པ་བཤལ་བ་ནི་དྲུད་པ་དང་འཐེན་པ་བཤུད་པ་འདར་བ་ཕུད་པ་འཐོན་པ་སྟེ་ལྡན་པ་དང་ལག་པ་བཤུད་ནས་བཤགས་པ་གཤགས་པ་བཀས་པ་ཕྱེ་བ་གཏར་བ། བཤའ་ཚེ་བཤའ་དཀར་སོགས་བགོ་བཤའ་སྐལ་བ་བགོ་བའི་མིང་རི་དྭགས་རི་སྐྱེས་བཤར་བ་གཤོར་བ་རྔོན་པ། རྒྱབ་ཀྱི་བཤུལ་རྒྱབ་གཞུང་ངམ་སྒལ་བ་བཤུལ་ཤ་ལྟ་བུ་པགས་ཤུན་ཡི་གེ་དཔེ་བཤུས་པ་བཤུ་བཀོག་པ་ཕུད་པ་མ་དཔེ་ལྟར་བཀོད་པ་བཤན་པ་རིགས་ངན་ཤན་པས་ལུག་བཤས་པ་བསད་པ་སྲོག་བཅད་པ། མེ་ལྕེ་ལ་སོགས་པར་བཤུར་བ་སྣམ་བུ་སོགས་དངོས་མ་ཚིག་པར་སྤུ་རིང་དང་ཕྱི་ཤུན་ལྟ་བུ་ཚིག་བཅུག་པ་ཆུ་དང་སྦྱོང་སྨན་གྱིས་སྣོད་དང་ཕོ་བ་བཤལ་བ་དག་པར་བྱས་པ་བཀྲུ་བ་འཁྲུ་བ་སྦྱོང་བ་བཤང་བ་དྲི་ཆེན་སྐྱག་པ་གཅི་བ་གཅིན་པ་བཤོ་བ་བཤོ་བ་བཤོས་པ། མཁར་དང་ཁྲིམས་བཤིག་པ་འཇིག་པ་གཞིག་པ་འཇོམས་པ་སོགས་བྲེ་ཕུལ་གྱིས་བཤར་བ་གཤོར་བ་འཕྲང་ལམ་ལ་བཤར་བ་གཤོར་བ། སྨྱུག་སྦུབས་སོགས་བཤངས་པ་ནང་དྲུས་པའམ་བསམ་བའམ་བརྟོལ་བ་བཤང་བ་དཔེ་དོན་བཤད་པ་འཆད་པ་བརྗོད་པ་འགྲེལ་བ་སྟེ་རྩ་ཚོགས་སློབ་འགྲེལ་རྣམ་རྒྱས་ཆོས་བཤད་ལྟ་བུ་དང་བཤོལ་བ་བཤོས་པ་བཤུལ་གཏམ་བཤེར་བ་བཤུ་བ་ཤད་ཀྱིས་བཤད་པ་སོགས་བས་འཕུལ་ཤའོ། ། ༼ས༽ སངས་པ་སད་པ་སྤངས་པ་རྒྱས་པ་བྱེ་བ་རྟོགས་པ་སྟེ་ཐུབ་དབང་སོགས་སོར་མོ་ནས་བདུན་གྱི་ཚད་མཛུབ་མོ་ཉིང་ལག་སེན་མོ་སླར་སྐྱེས་སོ་ཚེམས་དང་གྲི་སོ་རྫ་སོ་སོ་བཙུགས་པ་སོགས། སིལ་ཞེས་པའི་སྒྲ་སྙན་པར་སྒྲོག་པ་སྟེ་རོལ་མོ་ཞིག་སིལ་སིལ་སིལ་སྙན་གྱི་སྒྲ་ལྟ་བུ་སེ་མོ་ནུ་མ་གཉིས་ཀྱི་དབུས་ཐད་དུ་སླེབ་པའི་དོ་ཤལ་ཏེ་དོ་ཤལ་ཕྱེད་པ་རྒྱན་ཆ་ཞིག །ཚེ་ལ་གོ་བའི་སྲོག་གི་དབང་པོ་ལུས་ཤེས་ཀྱི་རྟེན་སྲུང་བ་སྐྱོབ་པ་འཚོ་བ་བསྲུང་ཞིང་འོད་སྲུང་རིགས་ཀྱི་ཁྱད་པར་ཏེ་འོད་སྲུང་ཆེན་པོ་ལྟ་བུ་སྲས་བུ་དང་བུ་མོ་གཉིས་ཀའམ་བུ་ལ་གོ། སྲིད་པ་འཁོར་བ་དང་རྟེན་འབྲེལ་གྱི་གཅིག་དང་འབྱུང་བར་གོ་སྒོ་གསུམ་དྲང་པོར་སྲོང་བ་སྟེ་ཕྱི་ནང་གི་ཐུབ་པ་སྲོལ་ལུགས་ལམ་ཡུར་བ་ཚུགས་པ་བཙུགས་པ་སྲིད་པ་རུང་བའམ་བཏུབ་པ་སྐྱེ་བ་ཤེས་བྱ་ལ་སྲིད་དཔེ་སྲིད་གལ་སྲིད། སྲོད་མཚན་སྟོད་དམ་སྲོད་འཁོར་གྱི་དུས་ཚོད་ས་སྲོས་ས་སྲིབས་པ་ས་རིབ་པ་སྲེ་ནག་ཐབ་སྣོད་ཀྱི་ནག་དྲེག་སོགས་སྲབ་པ་བསྲབ་པ་ཕྲ་བ་མཐུན་མིན། སྲིན་པོ་འབྱུང་པོ་ཤ་ཟ་ལུས་སྲུལ་པོ་གདོན་ཞིག་ས་སྲུང་བུ་བརྒྱ་བྱིན་གྱི་གླང་ཆེན། སྲུབས་པར་རམ་གསེང་ངམ་གསེབ་ཀྱི་མིང་ལམ་སྲང་སྲང་ལམ་མམ་ཁང་བར་གྱི་ལམ་དང་རྒྱ་ལམ་སྲིད་དཀྱུས་སམ་ཁྲུན་དུ་གོ་སྲིངས་རིང་དུ་སྐུར་བ་གཏོང་བ་སྲིང་བའི་སྐུལ་ཚིག་ཡིད་སྲུབས་བདུད་དང་འདོད་ཆགས་ཀྱིས་སྲེག་པ་གདུང་བ་ཚིག་པ་ཐལ་བར་བྱེད་པ་སྲིང་མོ་ཕུ་མོ་ནུ་མོ་གཉིས་ཀར་གོ་སྲེད་པ་ཞེན་པ་མངོན་པར་ཆགས་པ། སྲུ་མོ་མའི་སྤུན་ཟླ་མོའི་མིང་སྲི་ཞུ་བཀུར་སྡིའམ་ཞབས་ཕྱི་སྲིའི་བུ་ཆུང་ངམ་ཁྱེའུའི་མིང་སྲི་དར་སྲི་ཕུང་སྲི་སོགས་ཏེ་གནོད་བྱེད་དམ་ཉམས་བྱེད་ཀྱི་དོན་འདྲ། སྲེ་མོ་སྲོག་ཆགས་སྲེ་མོ་སྲེག་པ་འདབ་ཆགས་ཤིག་སྲིན་བྱ་འུག་པའམ་འུག་པ་ལས་ཆུང་བའི་བྱ་ཞིག་སྲམ་འུག་པ་མཆོད་བྱེད། ཕྱི་ནང་གི་སྲིན་བུ་སྲོག་ཆགས་ཕྲ་མོ་སྲོ་མ་ཤིག་གི་སྲོ་མའམ་ཉི་རྡུལ་བདུན་གྱི་ཚད་སྲད་བུ་སྐུད་པ་སྲ་བ་མཁྲེགས་པ་གར་མ་སྙིང་པོ་སྤྲོ། ཇི་སྲིད་ཇི་ཙམ་དེ་སྲིད་དེ་ཙམ་མམ་དེའི་བར་རམ་རིང་སྲན་མ་འབྲུའི་ཁྱད་པར་སྲུས་སྙེ་མའི་སྲུས། བསྙེན་པ་ཉེ་བ་སྲིང་བ་རིང་བ་རིང་དུ་གཏོང་བ་སྤྲིང་བ་སྐྱེད་པ་འདེགས་པ་བསྲིང་བ་སྲེག་བྱེད་སྲེག་པ་པོ་མེ་ལྟ་བུ་སྲེག་བླུགས་སྦྱིན་སྲེག་གི་རྫས་སམ་སྲེག་ཟས་དང༌། རྒྱལ་པོའི་སྲིད་རྒྱལ་པོའི་ལས་སམ་བྱ་བ་མུན་སྲིབས་པ་ས་སྲོས་པ་གདགས་ཀྱི་ཟླས་ཕྱེ་པའི་སྲིབས་ཞེས་པ་སྒྲིབ་པ་མཚན་མོ་སོགས་རྟ་ཡི་སྒ་ཆས་ཁ་ལ་བསྐོན་རྒྱུའི་སྲབ་སྟེ་སྲབ་སྐྱོགས། སྲུབ་བྱེད་ཀྱི་ཤིང་སྟེ་རི་འབིག་བྱེད་ལྟ་བུ་སྲུབ་བྱེད་ཀྱི་ཐག་པ་སྟེ་ཀླུ་ལྷག་མ་ཅན་ལྟ་བུ་སྲུབ་པ་པོ་ལྷ་དང་ལྷ་མིན་ལྟ་བུ་འཇལ་བྱེད་ཀྱི་ཁྱད་པར་ལ་སྲང་ཟེར་ཏེ་སྲང་མདའ་མཐོ་དམའ་ལྟ་བུ་དང་རིན་ཚད་ཀྱི་སྲང་ཡང༌། སློབ་པའི་དཔོན་པོ་སློབ་ཏུ་འཇུག་པ་པོ་བླ་མ་སློབ་མ་ཉན་ཐོས་དབུ་སློབ་ཉ་མ་སློབ་པ་དོན་དུ་གཉེར་བ་སློབ་སྦྱོང་བྱེད་པ་སློབ་གཉེར་པའམ་སླ་བ་དཀའ་མིན་དང་གར་མིན། བསླབ་གསུམ་སོགས་ལ་ད་དུང་སློབ་དགོས་པ་སྟེ་སློབ་བཞིན་པ་ལམ་དུ་འཇུག་པ་མི་སློབ་མིན་པ་སློ་མ་ཞིབ་མ་འཇལ་བྱེད་ཀྱི་སྣོད་ཅིག་དང་སྨྱུག་སོགས་ཀྱི་སློ་མ་སྟེ་བསྡུས་ན་བཞེས་སློམ་ཟེར་བ་ལྟ་བུར་གོ་སློང་མོ་ལྡོམ་བུ་དང་རྔན་པ་སློང་པ་སླངས་པ་སློང་མོ་བྱེད་པ། སླེ་བ་ཡན་ལག་སྐྱོན་ཅན་གྱེན་དུ་སློང་བ་བསླང་བ་སྒྲེང་བ་སློག་པ་ལོག་ནས་བཏང་བའམ་ལོག་ཏུ་བཅུག་ཀྱང་སྡུད་སྒྲ་སླེབ་པ་འབྱོར་བ་རྟོལ་བ་བསླེབ་པ། སླེ་ཏྲེས་སྨན་ཞིག་སྟེ་ཞང་ཞུང་གི་སྐད་སླུ་གུ་ཆང་སྣོད་ཀྱི་བྱེ་བྲག་ཆུང་ངུའི་མིང་ཆུ་དང་ཇ་ཐང་སླ་མོ་སླ་བ། ཀུན་ནས་སློང་བ་བསམ་པ་བསམ་ཚུལ་ཁྱེར་སོ་སླེ་ཡོན་སེམས་གྱ་གྱུ་ཅན་བསད་པ་དུད་འགྲོ་བཤས་པའི་ལྟོ་ནང་གི་སློ་བཙོ། སླར་ཕྱིར་རམ་ཡང་ངམ་བསྐྱར་ཞིང་ཚིག་ཕྲད་སླར་ཕྱིར་རམ་ཡང་ངམ་བསྐྱར་ཡང་རྒྱན་སྡུད་སླུ་བ་འབྲིད་པ་རྫུན་པ་བསླུས་པ་མེད་པ་དགག་ཚིག་སླད་ཆེད་དམ་ཕྱིན་རམ་ཕྱིན་ཆད་དམ་ཕྱི། སླེའུ་ཕྱར་བ་སོགས་སློག་པ་པགས་པའི་གོས་ཕྱི་ནང་སློག་པ་ཕྱི་ནང་སྒྱུར་བ་ཕྱི་ནང་དུ་བསྟན་པ། སླ་ང་སྣོད་ཀྱི་ཁྱད་པར་ལྕགས་ཀྱི་སླ་ང་ལྟ་བུ་བསྡུས་ན་ལྕགས་སླང་འཁུར་སླང་ལ་སོགས་པའི་མིང་སླད་རོལ་ཕྱི་རོལ་ཕྱི་ལོགས་ཕྱོགས་རིས་སུ་སློན་པ་གཏོགས་པ་འཐེ་བ་སྡུད་པ་བསླན་པ་སྐུལ་ཚིག་ཀྱང༌། སླད་མ་ཕྱི་མ་རྗེས་མར་གོ་སླད་ཕྱི་རྗེས་ནས་དུག་ནད་ཀྱི་རོ་མ་སོགས་སློང་བ་ལོང་བ་འཕར་ལྡང་བྱེད་པ་སློང་རྐྱེན་ཡང༌། སྲ་བརྐྱང་འདུལ་བའི་བརྡ་སྟེ་གཏན་པ་ཡང་ཟེར་འདིའི་ཕྱག་ལེན་བོད་དུ་མ་དར་བཏིང་བ་འདིངས་པ་དང་སྲབ་མོ་སྲུབ་པ་སྲེ་བ་སྲེས་སྲུང་སྲུངས་སྲིང་པ་སློད་པ་སྲུལ་བ་སྲེག་པ་སྲོ་བ་སྲི་བ་སྲིས་སྲན་པ་སྲིལ་སྲེལ་བ་སློངས་སོགས་ས་ཉིད་དོ། ། ༼གས༽ གསར་བུ་གསར་བ་བསླབ་གཞོན་དང་པོའི་ལས་ཅན་གསར་བུ་པ་གསར་བ་སོ་མ་དང་པོ་གཞོན་ནུ་བསྐོར་ནས་འཁར་གསིལ་དགེ་སློང་གི་ཕྱག་མཚན་ཏེ་འཁར་བ་ཡིན་ལ་གསིལ་བྱེད་ཀྱང་ཡིན་ཟེར་རྒྱུ་འདྲ་གསོར་བ་སྐོར་བ་འཕྱར་བ། ཁ་གསག་ཁ་གཙང་ངམ་རྙེད་བཀུར་གྱི་ཕྱིར་སྔོན་དུ་ཚིག་འཇམ་སྨྲ་བ་སྟེ་ལོག་འཚོ་ལྔའི་གཅིག་གསོག་སྙིང་པོ་མེད་པ་དོན་སྟོང་དང་བསག་པ་གསོབ་སྙིང་པོ་མེད་པ་ལྦུ་བ་ལྟ་བུ་དང་དངོས་ལྟར་སྣང་བ་སྐུ་གསོབ་ལྟ་བུ་དང་དྲིན་བསབ་པ་ཡང་འཐད་སྙམ་གསད་བྱ་གསོད་པའི་ཡུལ་གསོད་པ་གསད་པ་འགུམས་པ། གསང་བ་སྦེད་པ་གབ་པ་གསང་དགོས་པའི་སྔགས་ཡིད་སྐྱོབ་སོགས་སྙན་གསན་འབེབས་པའམ་ཞུ་བ་ནི་རྣ་བར་ཐོས་སུ་འཇུག་པའམ་གོ་བར་བྱེད་པ་གསུང་ངག་གམ་བརྗོད་པ་རབ་མཆོག་གསུངས་པ་གསུང་བ་བཤད་པ་སྐུལ་ཚིག་ཀྱང༌། གསོང་པོ་དྲང་པོའམ་བདེན་པའི་ཚིག་ངག་གསོལ་བ་ཞུ་བ་དྲི་བ་གསོལ་བ་འདེབས་པ་ལྷག་པར་དོན་དུ་གཉེར་བ་ཞུ་འབུལ་བྱེད་པ་གསོན་པ་གསན་པ་ཉན་པ་ཐོས་པ་སྐུལ་ཚིག་ཀྱང༌། གསེར་ས་ཟླ་བའམ་རིན་ཆེན་དང་པོའི་མདོག་ཁ་དོག་ནེའུ་གསིང་སྤང་གི་རྩྭ་སྔོན་ནམ་གསིང་མ་གསེག་མ་རྡོ་དུམ་གྱོ་དུམ་ལ་སོགས་པའི་མིང་གསེབ་ཁྲོད་ནང་དཀྱིལ། གསེབ་རླིག་པ་ཅན་གྱི་རྟ་དང་གསའ་གཅན་གཟན་ཞིག་དེ་ཡིས་གསག་མ་ཚོར་བའམ་མི་ཤེས་པ་གབ་པ་ལྟ་བུ་དང་མྱུར་བ་གསིར་བ་ཐད་ཀའམ་ཏལ་མའམ་ཐོགས་པའམ་ཐད་ཀར་ཕྱིན་པའམ་འཕྲོ་བ་དང་གསིར་སྒྲ་གྲགས་ཏེ༌། ཤིང་གི་ཁྱད་པར་གསོམ་ཐང་ཤིང་གསོར་འབིགས་སྤྱད་རྩེ་རྣོན་གྱིས་དུམ་བུར་གསིལ་བ་འབིགས་པ་གཤགས་པའི་དོན་ཡིན་ཞིང་ཤིང་སོགས་གསེས་པ་བཀས་པ་བཤགས་པ་ཕྱེ་བ་སྐུལ་ཚིག་ཀྱང༌། གསས་མོ་དང་གསས་ཕོ་ནི་བོན་གྱི་ལྷ་སྟེ་དོན་སྲས་མོ་དང་སྲས་ཡིན་ཞིང་ཤི་ལོག་གམ་ལྷ་འབབ་མཁན་ལ་ཡང་གོ་གསོག་པ་བསག་པ་འཇོག་པ་གཞག་པ་འདུལ་བའི་གསོག་འཇོག་ཀྱང་གསང་བ་སྦ་བ་གཞན་གྱིས་གོ་མི་ཉན་པའི་གཏམ་སྙིང་གཏམ་གསོང་སྦེད་པ་གསང་བ་སྐུལ་ཚིག །གསོ་རས་རྩྭ་རས་སོགས་སྤུ་བལ་གསེད་པ་རྨེལ་པ་འབྱེད་པ་གསེང་སྲུབས་བར་ཕྲག་གི་མིང་གསུར་དཀར་དམར་གྱི་གསུར་ལྟ་བུ། གསུས་པ་གྲོད་པ་ལྟོ་བ་གསོ་བ་རྒྱས་པ་སྐྱེད་པ་ཕན་པར་བྱེད་པ་ཁ་གསོ་བའི་ཕྱིར་ཆེད་གསོལ་བ་བཞེས་པ་སོགས་དང་མངའ་འདོད་ལྷ་གསོལ་ཡང་གོ་གསུད་པ་སྒྲོགས་པ་དང་འཐོན་པ་རྩམ་གསུད་ལྟ་བུ། སོ་གསོད་པ་དལ་བ་བདེ་བར་གནས་པ་ལུས་དང་ཁུར་པོ་སོགས་གསིག་པ་འདར་དུ་འཇུག་པ་དཀྲུགས་པ་འདེགས་པ་དྲིལ་བུ་གསིལ་བ་འཁྲོལ་བ་སྒྲ་འབྱིན་པ་གསུམ་གྲངས་ཤིག །སྐད་གསང་སྐད་གསང་པོའམ་སྐད་ཀྱི་གདངས་སམ་འཕང་གསེག་གཤང་འཁར་གསིལ་གསེག་ཀ་ལི་དཔེ་སྣོད་ཅིག །གསོན་པོ་སྲོག་འཚོ་བ་དང་མ་ཉམས་པ་སྙན་རྣ་བ་གསང་པོ་སྒྲ་ཆུང་ངུ་ཡང་ཐོས་པ་གསལ་པོ་ཆུད་མ་གསོན་ཆུད་མི་ཟ་བར་འཕྲོ་ལྷག་མ་ཕྱིན་པ་སྐུལ་ཚིག་ཀྱང༌། འོད་གསལ་ཐམས་ཅད་སྟོང་པའམ་ཕྱག་ཆེན་དང་འོད་སྣང་ངམ་འོད་གསལ་པོ་ནང་གསེས་ནང་ཚན་བྱེ་བྲག་དྲི་ཆུ་གཅིན་པ་གསིལ་བ་གཏོང་བ་གཅི་བ་བསལ་བ། གསལ་ཤིང་འབིགས་བྱེད་ཀྱི་མཚོན་རྩེ་གཅིག་པ་དང་རྩེ་གསུམ་པ་ཆུད་གསན་པ་ཆུད་གསོན་པའམ་ཟ་བ་གསལ་བ་གསད་པ་གསེབ་གསུང་བ་གནད་གསང་གསེག་གསུག་སོགས་གས་འཕུལ་སའོ། ། ༼བས༽ སྔོ་བསངས་སྔོན་པོ་དང་སྔོ་སྐྱ་འབགས་པ་བཙོག་གྲིབ་བསངས་པ་སྦྱང་བ་བསལ་བ་སྤང་བ་ཚོགས་དང་ནོར་བསག་པ་དང་བསགས་པ་གཉིས་གསོག་བསྒྲུབ་པ་སྤུངས་པ་སྡུད་པ། དམིགས་ཀྱིས་བསལ་བ་ཕུད་པ་ཟུར་དུ་བཀར་བའམ་བཏོན་པ་དང་བྱེ་བྲག་སྐྱོན་དང་དྲི་མ་བསལ་བ་སེལ་བ་སྤོང་བ་འཇོམས་པ་འཇིལ་བ་དབྱེ་བ་གནོད་པ་བསམ་བྱ་སེམས་པའི་ཡུལ་ལམ་བརྟག་བྱ་བསམས་པ་སེམས་པ་བསམ་པ་མནོས་པ་བརྟགས་པ། བསེ་ཀོ་བ་རིན་ཆེན་རི་དྭགས་གསུམ་གྱི་ཁྱད་པར་དང་བསེ་ཡབ་དང་བསེ་དྲི་སོགས་ཀོ་བསེའི་ཁྲབ་གོ་ཆ་བསོད་ནམས་དགེ་བ་ལེགས་སྤྱད་དམ་འདོད་ཁམས་ཀྱི་དགེ་བའམ་ཕར་ཕྱིན་སྔ་མ་གསུམ་བསོད་སྙོམས་ལྡོམ་བུ་སློང་མོ་བསོགས་པ་གསོག་པ་བསྡུས་པ། ཚེ་སྲོག་བསྲིང་བ་སྤེལ་བ་བསམ་བློ་མནོ་བསམ་བརྟག་དཔྱད་དྲིན་ལན་བསབ་པ་དང་བསབས་པ་གཉིས་གསོབ་པ་འཇལ་བ་ཁ་ཚང་བར་བྱེད་པ་ཚབ་སྤྲོད་པ། ཡོ་བ་ཡོན་པོ་བསྲང་བ་སྲོང་བ་དྲང་པོར་བྱེད་པ་ནོར་རྫས་བསྲི་བ་འཕྲི་བའམ་བསྲིས་རྨེ་བྱེད་པ་སྲི་བ་རྒྱང་རིང་པོར་བསྲིང་བ་དང་བསྲིངས་པ་གཉིས་སྲིང་བ་སྐུར་བ་སྐྱུར་བ་གཏོང་བ། དྲི་ཙམ་ལ་གོ་བའི་བསུང་སྟེ་སྣའི་ཡུལ་དང་དྲི་ཞིམ་ཡང་མཚོན་དེ་དག་གིས་བླ་མ་སོགས་བསུས་པ་བསུ་བ་གདན་འདྲེན་པ་ཕེབས་བསུ་བསེ་རུ་རི་དྭགས་ཀྱི་དབྱེ་བ་དང་རང་རྒྱལ་བསད་པ་གསོད་པ་འགུམས་པ། བསྲུངས་པ་སྲུང་བ་འཚོ་བ་བསྲུང་བྱ་བསྲུང་བ་སྲུང་བའི་ཡུལ་བསྲེག་བྱ་སྲེག་པའི་ཡུལ་བསྲེག་པ་བསྲེགས་པ་སྲེག་པ་ཚིག་པ། བཟོད་པ་ལ་གོ་བའི་བསྲན་པ་སྲན་པ་སྲ་བ་བརྟན་པ་མི་ཚུགས་པ་བསྲོ་ཁང་ཁྲུས་སོགས་སྟེན་པའི་ཁང་པ་ཁྲུས་པ་སྐུ་མཉེ་དྲིལ་ཕྱི་མེ་སྟན་རྣམས་ཀྱི་མིང་ལ་བསྲོ་ཁང་ཟེར་ཞོ་དང་འོ་མ་བསྲུབས་པ་སྲུབ་པ་སྒྱུར་བ་དཀྲོགས་པ་བསྲེས་པ་སྡོམ་པ་སྤེལ་བ་སྲེ་བ་བསྲེ་བ། བསོད་པ་ལེགས་པ་བཟང་པོ་འདའ་བའི་ཟས་ཟན་བསྲེལ་བ་འཆང་བ་སྤེལ་བ་སྲེལ་བ་རིང་བསྲེལ་གདུང་ངམ་འཕེལ་གདུང་བསྲིངས་པ་སྲིང་བ་བསྲིང་བ་སྐུར་བ། བྱ་བ་ལ་གོ་བའི་བསྲལ་ཡིན་ནམ་མི་བློ་བསྲལ་ཅན་ཞེས་མཆན་སྣང་བ་བློ་རྩིང་བློ་ཐབས་བློ་གསལ་ཅན་སོགས་གང་ཡིན་བརྟག་རྒྱུ་དང་སྒྲིབ་པ་གཉིས་ལྟ་བུ་བསྲབས་པ་སྲབ་པ་བསྲབ་པ་མཐུག་པ་མིན་པ་དག་པ་ཕྲ་བ། བསེལ་བ་འཇིགས་སྐྱོབ་ཀྱི་སྐྱེལ་མའམ་སྐྱེལ་པ་པོའི་མིང་བསོ་ནི་བསོ་བསོ་ཞེས་པའི་སྒྲ་ཡི་ཁྱད་པར་ངལ་བསོས་ཀྱི་བུ་རྣམ་ཐོས་སྲས། སྣོད་སོགས་ཀྱི་ཁ་བསུམ་པ་བསྡོམས་པ་སྒྲོག་པ་བཙུམ་པ་རྗེས་ཤུལ་བསུབས་པ་བསུབ་པ་ཕྱིས་པ་སྒྲིབ་པ་འགོག་པ་བསེར་བུ་རླུང་ངམ་དལ་རླུང་དང་གྲང་མོ་འཁྱག་པ་བསིལ་བ་གྲང་བ་དྲོད་མེད་པ་བསིལ་མོ་དང་སྐྲ་སོགས་བཞར་བའམ་གཅོད་པ། ལྷ་བསང་བསངས་མཆོད་དམ་བསངས་གསོལ་གྲིབ་མེད་པར་བྱེད་པ་མེ་བསངས་མེ་ལ་ཤུག་པ་སོགས་བདུགས་ནས་གཙང་མ་བྱེད་པ་བཙོག་པ་བསལ་བ་སྐྱོ་བསངས་སྐྱོ་བ་བསལ་བའམ་ཡལ་བ་འཆམ་འཆམ་དང༌། བློ་སེམས་བསྲུན་པ་སྲུན་པ་དུལ་བ་གཡུང་བ་ཞི་བ་བསམ་བསེའུ་སྣོད་དྲུག་གི་གཅིག་སྟེ་ཁུ་ཁྲག་གནས་པའི་སྣོད་སྦ་སྦེད་པ་བསྲི་བ་སྲི་བ་འཕྲི་བ་འཚག་པ་ལྟ་བུ་མེད་དགག་ཚིག །བསང་བསངས་དང་གཏོར་མ་སོགས་ཞབས་བསིལ་རྐང་པ་འཁྲུད་པའི་ཆུའམ་རྐང་པ་འཁྲུད་པ་ཞལ་བསིལ་ཁ་གདོང་འཁྲུད་པའི་ཆུའམ་ཁ་གདོང་འཁྲུད་པ་བསྲོ་བ་སྲོ་བ་ཚ་བར་བྱེད་པ་ལྡེ་བ། བསླད་བྱ་སློད་བྱེད་ཀྱི་ཡུལ་ལམ་བསླད་པ་བསླད་པ་སློད་པ་ལྷད་བཅུག་པའམ་སྐྱོན་བསྲེས་ནས་བསླུ་བྱ་སླུ་བྱེད་ཀྱི་ཡུལ་ལམ་བསླུ་བ་བསླུས་པ་སླུ་བ་བྲིད་པ་མགོ་གཡོགས་པ། བསླང་བྱ་སློང་བྱེད་ཀྱི་ཡུལ་ལམ་བསླང་བ་བསླང་བྱའི་ནོར་སོགས་བསླངས་པ་སློང་བ་སློང་མོ་བྱས་པ་རེ་ནས་ལེན་པ་ཕྱོགས་རིས་སུ་བསླན་པ་སློན་པ་གཏོགས་པ། བསླབ་བྱ་སློང་བྱེད་ཀྱི་ཡུལ་ལམ་ཞལ་ཏ་བསླབ་པ་བྱ་ལས་སམ་བསླབ་བྱ་སྟེ་བསླབ་པ་རིན་པོ་ཆེ་གསུམ་ལྟ་བུ་གྱེན་དུ་བསླངས་པ་སློང་བ་བསླངས་པ་སྒྲེང་བ། འདོད་པ་ལ་ལྷག་པར་ལོངས་སྤྱོད་པའི་མིང་ལ་བསོད་ཉམས་ཞེས་བྱ་སྟེ་ཉམས་རངས་སུའང་བཤད་བསླབས་པ་བསྲིས་པ་ཚད་བསལ་བསད་པ་བསྲོས་པ་བསྲུང་པ་བསུ་བ་བསྲངས་པ་བསྲེག་པ་བསྲུབ་པ་བསེར་མ་བསྲུལ་བ་བསྲེ་བ་སོགས་བས་འཕུལ་སའོ། ། ༼ཧ༽ ཧྲལ་ཧྲལ་རྩིད་པའི་རྣམ་པའམ་གོས་སོགས་རལ་བའི་དབྱིབས་ཧྲུལ་ཧྲུལ་སྲུལ་བའམ་ཟད་པའི་ཚུལ་ལམ་གོས་སོགས་ཧྲུལ་པོའི་དབྱིབས་མིག་ལྟ་བྱེད་ཧྲིག་ཧྲིག་རིག་རིག་ལྟ་ཚུལ། ཧྭ་ཤང་རྒྱ་ནག་གི་སྐད་དེ་བཙུན་པའམ་བན་དེ་ཧྭགས་བུ་རམ་གྱི་དྭངས་མའམ་ཁ་བུན་བཟང་ཤོས་སམ་ཤ་ཁ་ར་དང་གོས་ཀྱི་ཧྭ་གོས་ཀྱི་མཐའམ་སྣེ། རྩབ་ཧྲལ་འདོད་ཆགས་ཤིན་ཏུ་ཆེ་བ་དང་སྤྱོད་པ་རྩིང་པོ་དང་གོས་རྩབ་རལ་ལམ་གོས་ཧྲུལ་ཧ་ཅང་ཧྲིལ་གྱིས་དྲིལ་བ་ཧལ་ཧེ་རུ་ཀ་ཧ་ཧ་ལ་སོགས་ཧ་ཉིད་དོ། །༼ཨ༽ ཨ་ཀ་རུ་ཤིང་བདུག་སྤོས་སྨན་གྱི་ཁྱད་པར་ཤིང་ཤ་པ་ཡང་ཟེར་ཨ་གུ་རུ་ཟུར་ཆག་པ་སྟེ་ལྕི་མེད་ཀྱི་དོན་དང་ཨ་རུ་ར་སྨན་འབྲས་བུ་གསུམ་གྱི་གཅིག །ཨུ་དུམྦ་ར་མཆོག་འཕགས་སམ་མཆོག་གོས་བས་ཤུན་འགོངས་ཏེ་ལྗོན་པའི་ཁྱད་པར་འདི་ལ་མེ་ཏོག་ཡོད་མེད་ཀྱི་རིགས་གཉིས་ཡོད་པར་མངོན་ཨུཏྤ་ལ་སྟེང་སྐྱོང་ངམ་སྟེང་འཐུང་སྟེ་མེ་ཏོག་གི་ཁྱད་པར་སོགས། ཨོ་རྒྱན་ཨཽ་ཌི་ཡཱ་ན་ཟུར་ཆག་པ་སྟེང་འཕུར་ཏེ་ནུབ་ཕྱོགས་ཀྱི་ཡུལ་ཞིག་ཨུ་མ་དབང་ཕྱུག་གི་ཆུང་མ་དྲག་མོ་ཨནྡ་རྙིལ་རིན་ཆེན་དབང་སྔོན། ཤིང་ཐོག་ཤིང་འབྲས་ཀྱི་ཨ་མྲ་ཤིང་ས་ཧ་ཀཱར་ཨེ་ལའི་འདབ་ཤིང་ཨེ་ལ་ཞེས་པའི་འདབ་མའམ་ཨེ་ལའི་འདབ་མ་ཅན་ཏེ་ཀླུ་ཞིག ཨེ་ནྱ་རི་ཡན་དྭགས་བྱེ་བྲག་པའམ་སྤྱིའི་བྱིན་པ་སྟེ་གཞན་དུ་ཨེ་ནྱཡ་དང་ཨེ་ན་ཡ་ཞེས་ཀྱང་སྣང་ཨ་རེ་མཛེས་ཨེ་མ་ཨང་ཨོག་སྐོ་ཨ་ནུཏྟ་ར་སོགས་ཨ་ཉིད་དོ། །བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བ་ལས། སྔོན་འཇུག་རྐྱང་པ་མགོ་ཅན་སོགས་ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་སྟེ་ལེའུ་དང་པོའི་བཤད་པའོ།། །།

ད་ནི་རྣམ་དབྱེ་དྲུག་པ་སོགས་དང་ཕྲད་རྫོགས་ཚིག་ལ་སོགས་པ། གཅེས་ཤིང་ཉེ་བར་འཁོ་བ་འགའ་ཞིག་བསྡུས་ཏེ་སིལ་བུར་བསྟན་པར་བྱ་བ་ལས། ཐོག་མར་རྣམ་དབྱེ་དྲུག་པ་ཡི་སྒྲ། ཀྱི་གི་གྱི་འི་ཡི་ལྔ་པོ་རྣམས་ཀྱི་སྒྲའི་སྦྱོར་ཚུལ་ནི། རྗེས་འཇུག་ད་བ་དང་འཇུག་ཡང་འཇུག་གི་ས་དང་ད་དྲག་ད་ཡང་འཇུག་དག །ཐོབ་པའི་མཐར་ཀྱི་སྦྱར་བ་དང་རྗེས་འཇུག་ག་དང་ང་ལ་གི་མཐུན་ཞིང༌། རྗེས་འཇུག་ན་མ་ར་ལ་བཞི་པོ་ལ་གྱི་སྦྱར་བ་དང༌། མིང་གཞིའི་མཐའ་རྟེན་པར་བྱེད་པ་སྟེ་རྗེས་འཇུག་འ་དངོས་སུ་ཡོད་མེད་གང་གི་མཐར་ཡང་རུང་སྟེ་འི་ཐོབ་ཅིང༌། དེའི་མཐར་ཚིག་གི་རྐང་པ་ཁ་སྐོང་དགོས་པའི་ཚེ་ཡི་ཐོབ་སྟེ་རིམ་པ་ལྟར་དཔེར་བརྗོད་ན། ཀྱི་ཐོབ་དཔེ་ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་ཆར། གྱུར་གྱི་ལྟ་བུ་དང་གི་ཐོབ་དཔེ་བྲག་གི་བྱང་གི་ཕྱོགས་ལྟ་བུ། གྱི་ཐོབ་དཔེ་དཔོན་གྱི་ལམ་གྱི་བར་གྱི་སར། གཞོལ་གྱི་ལྟ་བུ་དང་འི་ཐོབ་དཔེ་ས་གཞིའི་མདའི་ལྟ་བུ་དང་ཡི་ཐོབ་དཔེ་བདག་དེ་ཡི་དགའ་ཡི་ཞེས་པ་ལྟ་བུའོ། །རྫོགས་ཚིག་གི་འོ་དང་གོའུ་ཏ་མ་དང་མཚེའུ་ལྟ་བུའི་འུ་དང་དྲི་ཚིག་གི་འམ་སྒྲ་གསུམ་གྱི་ཚེག་ཁྱིམ་ཐོབ་མི་ཐོབ་པ་ཡང༌། ཚིག་གི་རྐང་པ་ཁ་སྐོང་མི་སྐོང་གིས་དབྱེ་བར་བྱའོ། །བདེའོ་བྱའོ་ལ་སོགས་པའི་རྫོགས་ཚིག་སླར་བསྡུ་ལ། འོ་ཉིད་ཐོབ་ཅིང་སྤྱི་བོ་དགའ་བོ་ལ་སོགས་པའི། མིང་གི་ཆ་ལ་བ་ཕྱེད་མའི་ཝ་ཉིད་ཐོབ་པར་འདོད་དོ། །ག་སོགས་ཀྱི་མཐའ་རྟེན་ཡོད་པ་ཅན་དང་ར་མགོ་སོགས་བརྩེགས་པ་དང༌། གི་གུ་སོགས་ཀྱི་གུག་ཀྱེད་ཡོད་པ་ཅན་གྱི་མཐར་འ་དངོས་ཀྱི་མཐའ་རྟེག་སྦྱོར་བ་སྤང་བར་བྱའོ། ཚིག་ཕྲད་ཅིང་ཞིང་ཤིང་སོགས་ཀྱི་སྦྱོར་ཚུལ་ལ་རྗེས་འཇུག་ག་ད་བའི་རྗེས་སུ། ཅིང་སྡུད་པ་དང་ལྷག་བཅས་ཅེས་ཅེས་བྱ་བའམ་ཟེར་བ་དང་འདི་ལྟར་ཅེའོ་སླར་བསྡུའམ་ཅེས་སོ་ཅེ་ན་ཟེར་ན་དང་དྲི་བ་ལྟ་བུ་ཅིག་སྐུལ་ཚིག་དང་བྱེ་བྲག་པའམ་ཞིག་གི་དོན། ང་ན་མ་འ་ར་ལ་དང༌། མཐའ་རྟེན་འ་དངོས་སུ་མེད་པའི་རྗེས་དག་ཏུ། ཞིང་ཞེས་ཞེའོ་ཞེ་ན་ཞིག་ཐོབ་ཀྱང་ཁ་ཅིག་སྐ་ཅིག་སོགས་དམིགས་བསལ་ཡིན་ལ་དོན་ནི་ཅིང་སོགས་ལྟར་རིམ་པར་སྦྱར། རྗེས་འཇུག་ཡང་འཇུག་ས་ཡིག་གི་མཐར་ཤིང་ཤེའོ་ཤེ་ན་ཤིག་ཐོབ་ཅིང་ས་མཐར་ཤེས་མི་ལེགས་པས་ཞེས་ཐོབ་པ་དམིགས་བསལ་དུ་མཁས་པ་འགའ་ཞིག་བཞེད་དོན་ཅིང་སོགས་ལྟར་སྦྱར། ན་ར་གསུམ་གྱི་རྗེས་སུ་ནི། ད་དྲག་ཐོབ་པ་ཡོད་པའི་ཕྱིར་ན་ར་ལ་དེ་གསུམ་གྱི། རྗེས་སུ་ཞིང་སོགས་ལྔ་པོ་ཐོབ་མོད་ཀྱང༌། ད་དྲག་ངེས་པར་ཐོབ་པ་དེར། ཅིང་ཅེས་སོགས་ལྔ་པོ་སྦྱོར་བ་ལེགས་པ་ཡིན་ཏེ་རིམ་བཞིན་དཔེར་བརྗོད་ན། ག་ལ་ཅིང་སོགས་ཐོབ་དཔེ་རྟག་ཅིང་རྟོག་ཅེས་ལྷག་ཅེའོ། །སུ་འདུག་ཅེ་ན་ཁྱོད་འདུག་ཅིག་ལྟ་བུ་སྟེ་དོན་གོང་བཤད་ལྟར་འོག་ལ་ཡང་སྦྱར། ད་ལ་ཐོབ་དཔེ་རྒད་ཅིང་ཟད་ཅེས་མེད་ཅེའོ། ཅི་འཆད་ཅེ་ན་ཆོས་ཤོད་ཅིག་ལྟ་བུ། བ་ལ་ཐོབ་དཔེ་ཟབ་ཅིང་ཐོབ་ཅེས་ནུབ་ཅེའོ། གང་རྒྱབ་ཅེ་ན་གྲི་རྒྱོབ་ཅིག་ལྟ་བུ། ང་ལ་ཞིང་སོགས་ཐོབ་དཔེ་བྱང་ཞིང་དྲང་ཞེས་འབྱུང་ཞེའོ། །གང་གཟུང་ཞེ་ན་སེམས་གཟུང་ཞིག་ལྟ་བུ། ན་ལ་ཐོབ་དཔེ་སྙན་ཞིང་མཁས་པ་དང་ལེགས་པ་ལ་གོ་བའི་འཛིན་ཞེས་དཀོན་ཞེའོ། །ལྷ་ཡིན་ཞེ་ན་དོན་ཞིག་གཉེར་ལྟ་བུ། མ་ལ་ཐོབ་དཔེ་འཇམ་ཞིང་ངོམ་ཞེས་འཛོམ་ཞེའོ། །དབེན་ནམ་ཞེ་ན་ནམ་ཞིག་དབེན་ལྟ་བུ། འ་དངོས་སུ་ཡོད་པ་ལ་ཐོབ་དཔེ་དགའ་ཞིང་བཟའ་གདའ་ཞེའོ། །དུ་ཇི་ཙམ་གདའ་ཞེ་ན་འགའ་ཞིག་གོ་ལྟ་བུ། ར་ལ་ཐོབ་དཔེ་དར་ཞིང་འཕྱུར་ཞེས་འགྱུར་ཞེའོ། །ཅི་འཕྱར་ཞེ་ན་དར་ཆེན་ཕྱོར་ཞིག་ལྟ་བུ། ལ་ལ་ཐོབ་དཔེ་འཆོལ་ཞིང་འཆལ་ཞེས་འཁྲུལ་ཞེའོ། །གང་འཚོལ་ཞེ་ན་ཆོས་ཚོལ་ཞིག་ལྟ་བུ། འ་མཐའ་རྟེན་དངོས་སུ་མེད་པ་ལ་ཐོབ་དཔེ་ཟ་ཞིང་བདེ་ཞེས་སྤྲོ་ཞེའོ། །ཨེ་སྨྲ་ཞིག་ན་མ་སྨྲ་ཞི་ལྟ་བུ། ས་མཐར་ཤིང་སོགས་ཐོབ་དཔེ་འདུས་ཤིང་རྟོགས་ཤེས་སམ་རྟོགས་ཞེས་འབྲལ་བར་ངེས་ཤེའོ། །ཅི་ངེས་ཤེ་ན་གཏམ་སྨྲོས་ཤིང་ལྟ་བུ། ད་དྲག་ལ་ཅིང་སོགས་ལེགས་དཔེ་མཁྱེན་ཅིང་འཕྲལ་ཅེས་བརྒྱན་ཅེའོ།།ཅིས་གྲོལ་ཅེ་ན་གྲོལ་གྱུར་ཅིག་ལྟ་བུ་སྟེ་མཁྱེནད་སོགས་ཀྱིས་ད་དྲག་སྐད་གསར་བཅད་ཀྱི་ཚེ་བསྡུས་ཀྱང་དོན་ལ་ཡོད་པས་ཅིང་སོགས་སྦྱར་བའོ། །དྲི་བ་འབྱེད་སྡུད་དང་རྫོགས་ཚིག་སླར་བསྡུའི་སྐབས་སུ་ནི། འ་མཐའ་རྟེན་དངོས་སུ་མེད་པ་དང་འ་མཐར་འ་སྟེ་འམ་དང་འོ་ཐོབ་ལ། མཐའ་རྟེན་ག་སོགས་གཞན་གྱི་མཐར་ག་སོགས་རང་རང་ལ་མ་དང་སྣ་རུ་སྦྱར་བས་གམ་སོགས་དང་གོ་སོགས་ཐོབ་པའོ། །ད་དྲག་ཅན་གྱི་མཐར་ཏ་ཞེས་པ་ཏམ་དང་ཏོ་ཐོབ་སྟེ་དཔེར་བརྗོད་ན་རིམ་པ་བཞིན། འ་མཐའ་རྟེན་དངོས་སུ་ཡོད་མེད་ལ་འམ་དང་འོ་ཐོབ་པ་ནི་བདེ་འམ་བདེའོ་དགའ་འམ་དགའོ། །ག་སོགས་དང་གོ་སོགས་སྦྱོར་ཚུལ་རྟོགས་སླ་ཞིང་ད་དྲག་ཅན་ལ་གྱུརད་ཏམ་གྱུརད་ཏོ་ལྟ་བུའོ། །ལྷག་མ་ཅན་གྱི་སྒྲ་ཏེ་སྟེ་དེ་གསུམ་གྱི་སྒྲ་སྦྱོར་ནི། རྗེས་འཇུག་ན་ར་ལ་ས་དང་ད་དྲག་གི། རྗེས་སུ་ཏེ་རྐྱང་དང་ད་མཐར་དེ་དང༌། ག་ང་བ་མ་འ་དང་ནི། མཐའ་རྟེན་དངོས་སུ་མེད་པའི་མཐར་ས་མགོ་ཅན་གྱི་སྟེ་ཐོབ་པ་དཔེར་ན། ཏེའི་དཔེ་བྱོན་ཏེ་བསྐོར་ཏེ་ནོར་བཙལ་ཏེ། སྐྱེངས་ཏེ་གྱུར་ཏེ་ལྟ་བུ་དང་དེའི་དཔེ་དོན་མེད་དེ་ལྟ་བུ། སྟེའི་དཔེ་རྟོག་སྟེ་གཙང་སྟེ་འབད་པ་མེད་པར་ལྷུན་གྱིས་གྲུབ་སྟེ། འཛོམ་སྟེ་དགའ་སྟེ་སེམས་བདེ་སྟེ་ལྟ་བུ། ཚིག་དོན་རྣམ་པ་དབྱེ་བ་བདུན་ཡོད་པ་ལས་ལ་དོན་གྱི། ཏུ་དུ་རུ་སུའི་སྒྲ་ཞབས་ཀྱུ་ཅན་དང་ར་ན་ལ་རྣམས་ཀྱི་སྒྲ་སྦྱོར་ནི། རྗེས་འཇུག་ག་བ་དང་ད་དྲག་ཅན་གྱི་མཐར་ཏུ་དང༌། ང་ད་ན་མ་ར་ལ་དྲུག་ལ་དུ་དང༌། ས་འཇུག་ཡང་འཇུག་ལ་སུ་དང་མཐའ་རྟེན་འ་དངོས་སུ་མེད་པ་དང༌། འ་དངོས་ཡོད་ཀྱི་མཐའ་རུ་དང་རྐང་པ་སྐོང་མི་དགོས་ན་ར་ཡང་ཐོབ་སྟེ་སྦྱོར་བའི་དཔེ་རིམ་པ་བཞིན་བརྗོད་ན། ཏུའི་དཔེ་རྟག་ཏུ་རབ་ཏུ་ཤིན་ཏུ་ལྟ་བུ་དང༌། དུའི་དཔེ་སྟེང་དུ་སྣོད་དུ་རྒྱན་དུ་ཟོ། ལམ་དུ་མྱུར་དུ་འཇལ་དུ་སོང་ལྟ་བུ། སུའི་དཔེ་རྗེས་སུ་ཕྱོགས་སུ་ལྟ་བུ་དང་རུ་རའི་དཔེ་འདི་རུ་འདིར་དགའ་རུ་དགར་ཆུག་ལྟ་བུ་སྟེ་ན་ལ་གཉིས་ནི་ཁྱད་པར་ལ་མི་ལྟོས་པས་ཐམས་ཅད་ལ་ཅི་བདེར་སྦྱར་རོ། །ཚིག་སྔ་ཕྱི་མཚམས་སྦྱོར་བའམ་རྒྱན་སྡུད་ཀྱི་ཀྱང་འང་ཡང་རྣམས་ཀྱི་སྒྲ་སྦྱོར་ནི། རྗེས་འཇུག་ག་ད་བ་འཇུག་ཡང་འཇུག་གི་ས་ཉིད་དང་ནི། ད་དྲག་ཐོབ་པའི་རྗེས་སུ་ཀྱང་དང༌། ང་ན་མ་འ་ར་ལ་དྲུག་གི་རྗེས་སུ་ཡང་དང༌། མཐའ་རྟེན་འ་དངོས་སུ་མེད་པའི་མཐར་འང་དང་ནི། ཚིག་རྐང་པ་ཁ་སྐོང་བའི་ཚེ་ཡང་ཐོབ་སྟེ་དཔེར་བརྗོད་འདི་ལྟར། ཀྱང་གི་དཔེ་བདག་ཀྱང་འབད་ཀྱང་དོན་གྲུབ་ཀྱང༌། བྱས་ཀྱང་རྟོགས་ཀྱང་འོན་ཀྱང་ལྟ་བུ་ཡང་གི་དཔེ་མ་བྱུང་ཡང༌། བྱོན་ཡང་ནམ་ཡང་འགའ་ཡང་འགའང་ནི། སླར་ཡང་མཇལ་ཡང་ལྟ་བུ་འང་ཡང་ཁ་སྐོང་མི་དགོས་པ་དང་དགོས་པའི་དཔེ་བློའང་དང་བདེ་ཡང་ཞེས་པ་ལྟ་བུའོ། མིང་གི་མཐའི་པ་དང་བ་སྒྲའི་སྦྱོར་ཚུལ་གྱི་དབྱེ་བ་ནི། ག་ད་ན་བ་མ་ས་དང༌། ད་དྲག་ཅན་གྱི་མཐར་པ་དང་ནི། ང་འ་ར་ལ་དང་འ་མཐའ་རྟེན་དངོས་སུ་མེད་པའི་མཐའི། བ་ཕྱེད་ཝར་འབོད་པ་རྣམས་ལ་བ་ཐོབ་ཅིང་། སྦྱོར་ཚུལ་བཤད་མ་ཐག་པ་ལས་གཞན་དུ་བ་ཐོབ་པའི་ཡུལ་འགའ་ཞིག་ལ་པ་ཉིད་སྦྱར་བ་ལེགས་ཏེ་དཔེར་ན། པའི་དཔེ་ཟག་པ་མེད་པ་ཕན་པ་མཆོག །ཐོབ་པ་དམ་པ་མཁས་པ་རུ། །གྱུར་བ་ལྟ་བུ་བའི་དཔེ་དང་བ་ལ་དགའ་བ། མྱུར་བར་མཇལ་བར་སྤྲོ་བ་ལྟ་བུ་ལས། །གཞན་ལ་པའི་དཔེ་ལུང་པ་མདའ་པའི་འབྱོར་པ་ཡིས། ཡུལ་པ་ཕུ་པ་ཚིག་སོགས་ལ་དཔྱད་ན་མིང་མཐའ་འདྲེན་ཚུལ་ལམ་སྒྲ་སྦྱོར་མ་ངེས་པས་སྣ་ཚོགས་སུ་འགྱུར་བར་སྣང་ལ་འདི་དག་གི་ཚིག་དོན་ཞིབ་མོ་སུམ་རྟགས་ལས་ཤེས་པར་བྱའོ། །གཅོད་མཚམས་སུ་ཤད་ཐོབ་ཚུལ་ནི་མཐའ་རྟེན་རྗེས་འཇུག་ག་ཡོད་པ་ཡི་མཐར། ཆིག་ཤད་བྱ་ཞིང་ང་ཡིག་མ་གཏོགས་པའམ་བོར་བའི་ལྷག་མར། ཤད་ཀྱི་གོང་རྣམས་སུ་ཕྱི་མའི་ཚེ་སྤང་བར་བྱ་ལ། དོན་མང་པོ་གྲངས་སུ་བགྲངས་པའི་མིང་གི་ནི། མཚམས་ན་ཚེག་ཤད་དེ་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་ཞེས་པ་ལྟ་བུ་དང་།དོན་འབྲིང་འབྱེད་པར་ཆིག་ཤད་དེ་སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ་དང༌། ཞེས་པ་ལྟ་བུ་དང༌། དོན་ཉུང་རྫོགས་ཚིག་ཐོབ་པའི་མཚམས་སུ་ཆིད་ཤད་དེ་ཟའོ། ། ཤའོ། །ཞེས་པ་ལྟ་བུ། ཚིགས་སུ་བཅད་པའི་རྐང་པའི་མཐའ་རྣམས་སུ་ཉིས་ཤད་དང༌། ལྷུག་པའི་སྡེ་ཚན་རྫོགས་པའི་མཚམས་ཀྱི། སྣ་རུ་ཅན་གྱི་མཐར་ཉིས་ཤད་བྱ་བར་འོས་ཤིང༌། ཚིག་དོན་གྱི་སྡེ་ཚན་ཆེན་པོ་རྫོགས་པའི་མཚམས་བམ་པོ་ལྟ་བུ་དང༌། ལེའུ་དང་སྐབས་ཀྱི་མཚམས་ལྟ་བུར་བཞི་ཤད་ཐོབ་བོ། །བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བ་ལས། རྣམ་དབྱེ་དང་ཚིག་ཕྲད་ཀྱི་སྒྲ་སྦྱོར་དང་ཤད་ཐོབ་ཚུལ་སོགས་གཅེས་པ་སྟེ་ཉེར་མཁོ་སྣ་ཚོགས་ཐུན་མོང་དུ་བཤད་པ་སྟེ་ལེའུ་གཉིས་པའི་བཤད་པའོ། །ད་ནི་འཕུལ་སྔོན་འཇུག་དང་མཐའ་རྟེན་རྗེས་འཇུག་དང་ར་སའི་མགོ་འདི་དག །མེད་དགོས་པ་ལ་སྦྱོར་བའི་འཁྲུལ་པ་དང་ཡོད་དགོས་པ་སྤོང་བའི་འཁྲུལ་པ་དང༌། གང་ཡང་རུང་བའི་གདམ་ང་ཅན་ལ་ཡོད་མེད་མཐའ་གཅིག་ཏུ། འཛིན་པའི་འཁྲུལ་པ་སྤོང་བའི་ཚུལ་ཅུང་ཟད་བཤད་པར་བྱ་སྟེ། འཕུལ་ལ་རྔ་ཡབ་དང་གེ་སར་ཀེ་སར་སིལ་སྙན་དང༌། མངོན་སུམ་ཕུན་སུམ་ཚོགས་པ་དང་སིལ་སིལ་སུམ་ཅུ་སོགས་ལ། གས་འཕུལ་བྲིས་ན་ནོར་བ་ཡིན་ཏེ་མེད་པར་བཤད་པའི་ཕྱིར་རོ་གཤའ་མ་དང༌། གཤགས་འབྱེད་དང་གཤམ་གསལ་སོགས་ལ་གས་འཕུལ་མེད་ན་ནོར་ཞིང༌། སར་པ་ལྟ་བུར་ག་ཡོད་མེད་གང་ཡང་རུང་ངོ༌། སྐྱིལ་ཀྲུང་དང་ཀར་ཀར་སོགས་ལ་དས་འཕུལ་མེད་ཅིང༌། དགུང་ལོ་མཚན་དགུང་ལོང་ཁྲིད་ཀྱི། །གམིགས་བུ་དང་དམིགས་པ་སོགས་ལ་མེད་ན་ནོར་ལ། སྙན་དངགས་སོགས་ལ་ད་ཡོད་མེད་གང་ཡང་རུང་སྟེ་སྙན་ངག་ཀྱང་འཐད་པའི་ཕྱིར་རོ། །ཕྱག་དར་ལག་དར་མ་གད་མོ་དང༌། སོ་མང་གི་སྐྲ་ཤད་དང་སེར་བ་སོགས་ལ་བས་འཕུལ་བ་སྤང་བར་བྱ་ཞིང༌། བསེར་བུ་སྐྱོ་བསངས་རྒྱ་མོ་དང་བལ་མོ་བཟའ། ཕྱི་བདར་དང་མདུན་བདར་པོ་སོགས་ལ་བས་འཕུལ་མེད་ན་ནོར་བ་ཡིན་ལ། སྔོ་སངས་ལྟ་བུར་བ་ཡོད་མེད་གང་ཡང་རུང་ངོ༌། །ཐ་གྲུ་ཡུལ་གྲུའམ་རྒྱ་ཁྱོན་ཐ་མ་ཚར་དུ་དངར། ཚོན་རྩི་དང་ནང་ཚན་སོགས་ལ་མས་འཕུལ་བ་སྤང་དགོས་ཤིང༌། མཐེ་བོ་མཐེ་བོང་མཚེ་མ་སྔོ་སྨན་གྱི་མཚེ། ཁྱིམ་མཚེས་དང་མཚན་མ་མཚེའུ་སོགས་ལ་མ་མེད་ན་ནོར་ལ། ཐུན་མོང་དང་སྨན་ཚན་སོགས་ལ་མ་སྔོན་དུ་འཇུག་མི་འཇུག་གང་རུང་ངོ༌། །ཚོང་གི་དུས་དང་ཁམས་དང་ཚོགས་པ་ཚོམས། ཕྲ་མ་ཁོན་འཛིན་ཁྲོ་བོ་ཁྲོས། རིམ་གྲོ་ཕྲ་མོ་ཕྲ་བ་ཕོངས་པ་དང༌། ཕྱུག་པོ་དང་ཕངས་པ་སོགས་ལ་འས་འཕུལ་བ་སྤང་ལ། མཐའ་འཁོབ་འཁྲི་ཤིང་སྣུམ་གྱི་འཁུར་བ་དང༌། ཚུལ་འཆོས་དང་འཕོང་སྐྱེན་སོགས་ལ་འ་མེད་ན་ནོར་བ་ཡིན་ཞིང༌། ཕྲིན་ལས་ཕྲེང་བ་སོགས་གདམ་ང་ཅན་ཡིན་པས་འ་ཡོད་མེད་གང་ཡང་རུང་བའི་ཚུལ་ཤེས་པ་བྱའོ། །རྗེས་འཇུག་ལ་ཡི་གེ་མྱུ་གུ་ལུ་གུ་རྒྱུད། ཤཱཀྱ་དང་ཆོ་ག་སོགས་ལ་གའི་མཐའ་རྟེན་སྤང་བར་བྱ་ཞིང༌། ཕྲག་དོག་ཕྲུག་གུ་ཤུག་པ་ལྟ་བུར་ག་མེན་ན་ནོར་བ་ཡིན་ནོ། །པུས་མོའི་ལྷ་ང་སླ་ང་དང༌། །སྒོ་ང་སོགས་ལ་ང་མཐའ་རྟེན་བྲིས་ན་ནོར་བ་ཡིན་ལ་འོན་ཀྱང་བསྡུས་ན་པུས་ལྷང་ལྕགས་སླང་བྱ་སྒོང་ཞེས་འབྱུང་བ་འདི་ལྟ་བུ་ག་མཐའ་སོགས་རིགས་འགྲེ་བཏུབ་པ་གོང་འོག་ཀུན་ལ་སྦྱར། ཡི་དམ་ལྷ་དང་དམ་བཅའ་ཡི་རང་ཡི་དྭགས་དང༌། སྲི་ཞུ་དང་ཡི་ཆད་སོགས་ལ་ད་མཐའ་རྟེན་ནོར་ལ། སྐ་ཅིག་ལྟ་བུར་ད་མཐའ་ཡོད་མེད་གང་ཡང་རུང་ངོ༌། །སེ་མོ་དོ་ལ་ན་མཐའ་རྟེན་སྤང་བར་བྱ་ཞིང༌། བྱན་མོ་དང་སེན་མོ་ལྟ་བུར་ན་མཐའ་མེད་ན་ནོར། ལྷ་རིགས་ཀྱི་བཙུན་པ་བཟའ་བཏུང་ཟས་སྐོམ་གདུ་བུ་དང༌། ལེ་བརྒན་དང་སྡེ་བརྒྱད་སོགས་ལ་བ་མཐའ་རྟེན་ནོར། རྒྱ་འདྲེ་འཁྲུག་པའམ་རྒྱའི་འདྲེ་ཁ་མཆུ་ར་མདའ་དང་། ར་མཉེ་ན་བཟའ་རྩྭ་མཆོག་གྲོང་ཀུ་ཤའི་གྲོང༌། རྒྱ་མཚོ་དང་སྐྱེ་མཆེད་སོགས་ལ་མ་མཐའ་རྟེན་ནོར། ལྷ་རྗེ་མདོ་རྒྱུད་ང་རྒྱལ་ཅན། བྱ་རྒོད་རྡོ་རྗེ་མཐའ་རྟེན་རྗེས་འཇུག་སོགས་དང༌། ལྷ་རྟེན་སྐུ་རྟེན་སོགས་དང་བཀའ་རྟགས་སོགས་ལ་ར་མཐའ་རྟེན་མེད་ཅིང༌། དུར་ཁྲོད་མདོར་བསྡུས་དང་གསར་པ་ལྟ་བུ་ལ་ར་མཐར་མེད་ན་ནོར་ལ། བདེར་གཤེགས་ཞེས་པ་ལྟར་ལ་དོན་དངོས་སུ་ཡོད་པའམ་ཡང་ན་སུ་ག་ཏའི་སྒྲ་ལྟར་བདེ་གཤེགས་ཞེས་རྣམ་དབྱེ་མེད་ཀྱང་རུང་ལ་དེ་བཞིན་དུ་བདེར་བཀོད་སོགས་ལ་ར་ཡོད་མེད་གང་ཡང་རུང༌། སྙུན་གྱི་གཉེན་པོ་གསོས་སྨན་ཁ་དྲོ་ལེགས་པ་སོགས་དང༌།།གཟུངས་གྲྭ་རྔ་དང་སཱ་ལ་སོགས་ལ་ལ་མཐའ་རྟེན་ཡོད་ན་ནོར། རིག་སྔགས་གསུང་རབ་མཁྱེན་རབ་དང༌། ནམ་འཕང་གོ་འཕང་ཁྲི་འཕང་མཆོག །སྔགས་ཀྱི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉིས་འདུ་ཤེས་དང༌། མཁའ་སྤྱོད་དག་ཞིང་སོགས་ས་སྤྱོད་རྒྱལ་པོ་སོགས་དོ་ཤལ་གྱི་འཕྲེང་བ། ཉམ་ཆུང་ཉམ་ཐག་ཉམ་ང་བ། ལོག་པར་རྟོག་པ་ལོག་པར་འཛིན་པ་སོམ་ཉི་ཐེ་ཚོམ་ཆོམ་རྐུན་དང༌། ཆོ་ག་དང་སོ་ག་སོགས་ལ་ས་མཐའ་རྟེན་ཡོན་ན་ནོར་ཞིང༌། ལྷས་བྱིན་ཀླུས་བྱིན་གདམས་ངག་དང་རྟོགས་པ་རྟགས་པ་ལ་སོགས་པ། མང་པོ་ཞིག་ལ་ས་མཐའ་མེད་ན་ནོར་ལ། དྲི་བཟངས་རྒྱུད་མངས་གོ་རིམས་དང༌། འཁོར་ལོས་སྒྱུར་བ་ཞེས་ཕུར་བུས་ཐོབ་ཀྱི་རིགས་པས་ས་མཐའ་ཡོད་པའམ་འཁོར་ལོ་སྐོར་བ་དང་སྐད་དོད་གཅིག་པས་མེད་ཀྱང་རུང་ལ་དེ་བཞིན་དུ་ལག་བཟངས་སོགས་ལ་ས་མཐའ་ཡོད་མེད་གང་ཡང་རུང་སྟེ་གདམ་ང་ཅན་ཡིན་པའི་ཕྱིར་རོ། །མགོ་ལ་ཀླད་ཀོར་སྟོད་ཀོར་གདུབ་ཀོར་གདུ་བུ་གོར་གོར་དང༌། པད་ཀོར་པདྨ་འཁོར་བ་སྟེ་ཕྱག་རྒྱའི་ཁྱད་པར་སོགས་ཐན་ཀོར་ཉེ་འཁོར་འོད་ཀོར་གྱི་ཕྲེང་བ། ཨ་མྲ་ཤིང་གི་ཁྱད་པར་དང་ཉེར་ཀོར་སོགས་ལ་ས་མགོ་སྦྱོར་བ་མེད་ཅིང༌། ངུར་སྨྲིག་སྨིག་རྒྱུ་དང་སྨྱུག་མ་ལྟ་བུར་ས་མགོ་མེད་ན་ནོར་བ་ཡིན་ལ་འདི་དག་ཕལ་ཆེར་གྱི་ཚིག་དོན་གོང་དུ་རྒྱས་པར་བཤད་པ་དང་སྦྱར་ནས་ཤེས་པར་བྱའོ། །ཡི་གེ་དང་ཞལ་ཏ་དང་ད་ལྟ་དང༌། ལ་སོགས་པ་བསྡུ་འོས་མཐའ་དག་བསྡུད་པ་ཐ་དད་ཅེས་པ་ལྟ་བུ་རྣམས་ལ། སྔ་ཕྱིའི་བར་དུ་ཚེག་མི་བྱེད་པ་ནི་བླུན་པོའི་ལུགས་སུ་ཟད་པས་ཚེག་བྱ་དགོས་སོ། དེ་ལྟར་གོང་དུ་བརྡ་སྦྱོར་མདོ་རུ་བསྡུས་ཏེ་ཅུང་ཟད་ཙམ་བཤད་པ་འདིས། མཚོན་པར་བྱས་ནས་ཡིག་སྦྱོར་ཤིན་ཏུ་རྒྱ་ཆེ་བའི་གནས་རྣམས་གཙུག་ལག་ལས་འབྱུང་བ་དག་ཀྱང་ཤེས་པར་བྱ་ཞིང༌། རང་རང་སོ་སོའི་བརྡ་ལ་རྣམ་པར་དཔྱོད་པའི་རིག་པས་ཀྱང་དཔྱད་པར་བྱའོ། །སྡེབ་སྦྱོར་མཐའ་དག་པ་ནི་ཡི་གེར་བྲིས་ཏེ་བརྗོད་པས་མི་ལང་ངོ༌། །འདིར་ལེགས་སྦྱར་གྱི་མཆན་འགའ་སྣང་བ་དེ་ཙམ་གྱིས་དཔྱིས་ཕྱིན་དཀའ་ཞིང་ཡི་གེ་ཡང་མཐར་གྱིས་དོགས་ནས་མ་བྲིས་མོད་གཞུང་དོན་སོགས་ལ་ཉེ་བར་མཁོ་བས་སྒྲ་གཞུང་ལས་ཤེས་པར་བྱའོ། །བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བ་ལས། ཡི་གེའི་སྦྱོར་བ་ལ་འཁྲུལ་པ་སྤོང་བ་བཤད་པ་སྟེ་ལེའུ་གསུམ་པའི་བཤད་པའོ། །དེང་སང་གི་དུས་སུ་བྱིས་པ་བླུན་པོའི་སྐྱེ་བོ་རྣམས་ཀྱི་བློ་ལ། བརྡ་དག་གི་སྦྱོར་བ་འདི་ཀོ་བརྡ་སྤྲོད་པའི་ལུང་དང་བརྡ་ལ་བརྟེན་པའི་རིགས་པ་གཉིས་ཀྱིས། དོན་གོ་བ་འདིར་རག་ལས་པའི་ཕྱིར་དཔྱད་པར་བྱ་བའི་གཞི་ཆེ་མོད་ཀྱི་དེ་ལས་ལྡོག་སྟེ་ཆུང་བར་རྩི་ཞིང་སློང་བའི་དཀའ་ཚེགས་ལ་ལྟོས་པ་མེད་པར་ཞར་བྱུང་དུ། ཤེས་པར་འགྱུར་སྙམ་ཡང་འཆད་རྩོད་རྩོམ་པ་སོགས་ཐ་ན་སྤྲིང་ཡིག་ཚུན་གྱི་རྗོད་བྱེད་འཁྲུལ་པས་བརྗོད་བྱའི་དངོས་པོ་ལ་མགོ་གོ་འཁོར་ཞིང་རྨོངས་པར་སྣང་ངོ༌། །ཀྱེ་མ་ཤེས་པར་བྱ་བའི་ཕ་རོལ་གྱི་མཐའ་དཔག་ཡས་བསམ་གྱིས་མི་ཁྱབ་ཅིང༌། །ཤེས་བྱ་དེ་དག་ལ་རེ་རེའི་མིང་གི་སྒྲ་འཇུག་པའི་ཡང༌། རྒྱུ་མཚན་འདྲ་འདྲེལ་སོགས་དང་ངེས་ཚིག་སྒྲ་བཤད་སོགས་མི་ཤེས་ན། ཤེས་བྱ་ཐམས་ཅད་ཀྱི་བརྡ་དག་པའི་སྦྱོར་བ་ཐོབ་ཚུལ་ཇི་ལྟར་འབྱུང་སྟེ་སྒྲ་དོན་སོགས་ལ་རྨོངས་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་སྟེ་ཆོས་དོན་ངེས་ཚིག་སྤོབས་པ་ཡིན་ལ་རིམ་པ་ལྟར་གཙུག་ལག་གི་རྗོད་བྱེད་དང་དེའི་བརྗོད་བྱ་དང་སྒྲ་དོན་ནམ་སྐད་དང་མཁྱེན་པ་འདི་དག་ས་དགུ་པ་ལེགས་པའི་བློ་གྲོས། །མ་ཐོབ་པ་དུས་དེ་སྲིད་དུ་ཤེས་བྱའི་ཆོས་མ་ལུས་པ་ཀུན་གྱི། ངེས་པའི་ཚིག་སོགས་ཤེས་པ་མིན་ལ་དེ་ཡི་ཕྱིར་ན། ཤེས་བྱ་མཐའ་དག་གི་སྡེབ་སྦྱོར་སོ་སྐྱེ་ལ་སོགས་པ་སུ་ཡིས་ཤེས་ནུས་ཏེ་མི་ནུས་སོ། ས་དགུ་པ་མ་ཐོབ་པ་དག་གིས་ཤེས་མི་ནུས་མོད་འོན་ཀྱང་ཤེས་བྱ་ཕྱོགས་རེའི་བརྡ་སྦྱོར་དག་ཀྱང༌། འབད་པ་དུ་མའི་ཚུལ་གྱིས་བརྟག་ཅིང་བཙལ་བར་བྱའི་བཏང་སྙོམས་སུ་མི་བྱ་སྟེ། རྒྱུ་མཚན་འདི་ལྟར་ཡི་གེའི་སྦྱོར་བ་རྗོད་བྱེད་ལ་འཁྲུལ་ཞིང་ནོར་ན། བརྗོད་དོན་རྣམས་སུ་འཁྲུལ་པ་འབྱུང་བ་སྨོས་ཅི་ཞིག་དགོས་པའི་ཕྱིར་དོན་ལ་ནོར་ན་ཉིང་དགོས་གཉིས་མི་འཐོབ་བོ། ཚུལ་འདི་ནི་གསུང་གི་རབ་བཀའ་དང་དགོངས་འགྲེལ་མ་ལུས་པའི། ཕྱི་མོ་རྩ་བར་ཤེས་པས་སྔོན་གྱི་མཁས་པ་མང་པོ་བྱོན་པ་དག་གི། བརྡའི་གཞུང་ལ་བརྟེན་ནས་རྩོམ་པ་པོ་བདག་གིས་ཀྱང༌། བརྡའི་སྦྱོར་བ་སྟོན་པ་འདི་ཉིད་ཁོ་ནར་ནན་ཏན་བྱས་པ་ཡིན་ནོ། །སྔོན་བྱོན་མཁས་པ་དུ་མས་སྦྱར་བར་མཛད་པ་ཡི། བོད་ཀྱི་བརྡ་སྤྲོད་པ་ཡི་བསྟན་བཅོས་ལ་གྲངས་ཀ་མང་པོ་ཞིག་སྣང་ན་ཡང༌། རྗེ་བྱམས་པ་གླིང་པའི་སྨྲ་རྒྱན་ལྟ་བུ་འགའ་ཞིག་ནི་ཚིག་རྒྱས་ལ་སྐབས་ཀྱི་དགོས་པའི་དོན་ཉུང་བ་དང༌། རྗེ་ཞ་ལུ་ལོ་ཙཱ་བའི་ཟ་མ་ཏོག་ལྟ་བུ་འགའ་ཞིག་ནི་ཚིག་དོན་གཉིས་ཀ་ཧ་ཅང་བསྡུས་པ་དང༌། སྣང་ཐང་ལོ་ཙཱ་བའི་བརྡ་སྦྱོར་ལྟ་བུ་འགའ་ཞིག་ནི་སྔོན་གྱི་ཡིག་རྙིང་དང་མི་མཐུན་པ་དང༌། སྟག་སྟོན་གྱི་འོད་ཟེར་བརྒྱ་པ་ལྟ་བུ་འགའ་ཞིག་སྟེ་ཁ་ཅིག་ནི་སུམ་རྟགས་ཀྱི་གཞུང་སོགས་དང་འགལ་བ་སྣང་སྟེ། རྒྱུན་མཚན་དེ་ཡི་ཕྱིར་ཚིག་ཚོགས་ཉུང་ལ་དོན་རྒྱས་པ་སོགས་དང་ལྡན་པའི། ལེགས་པར་བཤད་པའི་བསྟན་བཅོས་འདི་ནི་དཔལ་ཁང་པ་བདག་གིས་བརྩམས་པར་བྱས་སོ། །ངག་སྒྲོན་འདི་ལ་ཁུངས་མེད་པར་རང་གི་བློ་བཟོ་བྱས་པའི་སྐྱོན་མ་མཆིས་ཏེ་རྒྱུ་མཚན་ནི། ཚད་ལྡན་གྱི་མཁས་པའི་གཞུང་ན་གསལ་བའི་ལེགས་བཤད་ལ་ཡང་དག་པར་བརྟེན་ཅིང༌། གསར་རྙིང་གི་བརྡ་དང་རྒྱ་སྐད་དང་བོད་ཀྱི་སྐད། ལ་སོགས་པ་དག་ཞིབ་མོར་དཔྱད་དེ་བཀོད་པའི་ཕྱིར་རོ། །ལྟ་བ་སོགས་སྙིགས་མ་ལྔ་འདོ་བའི་དུས་ཀྱི་མི་རྣམས་ནི་གནས་གནས་མིན་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་མིག་དེ། ཕྱོགས་སུ་ལྷུང་བའི་ལིང་ཏོག་གིས་བསྒྲིབས་པར་བྱས་ནས། དྲང་ཞིང་གཟུ་པོར་གནས་པའི་བློ་གྲོས་བཟང་པོ་ཡིས་ཚིག་དོན་ལེགས་པར་བཤད་པ་དག་ལ། མི་རྟོག་མི་དཔྱོད་པར་དོན་མཐུན་མེད་ཀྱང་འཇིག་རྟེན་ན་གྲགས་པ་གང་ཆེའི་རྗེས་སུ་འབྲང་བར་བྱེད་དོ། །མཁས་པའི་ངག་གི་སྒྲོན་མའི་བསྟན་བཅོས་འདི་ཀོ་ལེགས་པར་བཤད་པའི་འོད་ཟེར་སྟོང་ཕྲག་དང་ལྡན་མོད། རྩོམ་པ་པོ་ཉིད་ཀྱང་རྣམ་དཔྱོད་ཀྱི་བློ་བཟང་པོའི་ནོར་དང་ལྡན་པར་གྱུར་ན་ཡང་རིགས་རུས་དང་གཟུགས་བྱད་དང་ལོངས་སྤྱོད་འབྱོར་པ་ཉམ་ཆུང་ཞིང་དམན་པ་བདག་གིས་སྦྱར་བར་བྱས་པའི་ཕྱིར་ཞེས་པ་རྒྱུ་མཚན་དུ་བཟུང་སྟེ། རབ་རིབ་ལྟ་བུའི་བློ་གྲོས་ངན་པ་ཅན་རྣམས་ཀྱིས་རིང་དུ་སྤངས་ནས་བླུན་པོ་མཁས་པར་རློམ་པ་སོ་སོའི་འཁོར་གྱི་ཚོགས་མང་ཞིང་འབྱོར་པ་རྒྱས་ལྡན་གྱི་སྨྲ་སྒོ་ནས། ཉེས་པར་བཤད་པ་དཔེར་ན་སྲིན་བུའི་ཁ་ཡི་འོད་དང་མཚུངས་པ་ལ་བརྡ་སྦྱོར་གྱི་རྨོངས་པའི་མུན་པ་དེ་སེལ་བའི་ཕྱིར་རྒྱུག་པར་བྱེད་དོ། །རྩོམ་པ་པོ་བདག་གིས་བསྟན་བཅོས་འདིར་ནན་གྱིས་འབད་ནས་སྦྱར་བའི་བསོད་ནམས་ཀུནྡ་ལྟར་དཀར་བ་དང༌། ཕྱོགས་གྲལ་གཟུ་པོར་གནས་ཤིང་རྣམ་འབྱེད་ཀྱི་བློ་རབ་ཏུ་གསལ་ལ་འདོད་པས་དོན་དུ་གཉེར་བ་དང་ལྡན་པ་སྟེ་ཆོས་གསུམ་ཚང་པའི། སྐྱེས་བུ་སོགས་འགའ་ཞིག་ལ་གཞུང་འདི་ཡིས་ཕན་པ་འབྱུང་སྲིད་ན། དེ་ལྟ་བུ་ལས་བྱུང་བ་ཡི་དགེ་བ་རྣམས་སེམས་ཅན་མཐའ་དག་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་ཡོངས་སུ་བསྔོ་བར་བྱའོ། བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བ་འདི་ནི། སྡོམ་བརྩོན་མཁྱེན་པ་དང་བརྩེ་བའི་མངའ་བདག་ཏུ་གྱུར་པ་བྱང་པ་ལུས་སྲོག་འཚོ་བར་མཛད་པའི་སྨན་པཀརྨ་འོད་ཟེར་བའི་གསུང་ངག་གིས་བསྐུལ་བའི་རྐྱེན་བྱས་ཏེ། དེའི་ངོར་ཤཱཀྱའི་ཏོག་གི་རྗེས་འཇུག་དགེ་སློང་མཚན་ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེའམ་དཔལ་སྒང་ངམ་དཔལ་ཁང་པ་ཆོས་མཛད་ལོ་ཙཱ་བ་ཞས་བྱ་བས། རྣམ་འཕྱང་གི་ལོ་ཐ་སྐར་གྱིས་ཉ་བ་སྟོན་ཀའི་ཟླ་བ་འབྲིང་པོའི་གྲལ་གྱི་ཚེས་བཅོ་ལྔ་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཀརྨ་པའི་སྒར་ཆེན་དུ་ལེགས་པར་གྲུབ་ཅིང་རྫོགས་པར་བགྱིས་པའོ། །གནས་ལྔའི་གཟིགས་ལ་འཇུག་ན་ཀུན་མཁྱེན་གྱི། གླིང་དུ་སོན་ཞེས་ཟླ་མེད་སྟོན་པས་གསུངས། འདིར་མཆིས་དགོངས་འགྲེལ་བཅས་རྟོགས་གངས་ཅན་པའི། བརྡ་སྤྲོད་ལ་ལྟོས་འདི་ཡང་བསྟེན་པར་འོས། སྡེ་སྣོད་འདབ་བརྒྱ་ཕྱེ་ནས་ཟག་པའི་རྩི། །མཁའ་མཉམ་འགྲོ་བ་ཡོངས་ཀྱི་མྱོད་སླད་སྦྱར། །བརྡ་དོན་སྦྱོར་བ་མི་མཐུན་བདག་གིས་ཉེས། །འཁྲུལ་མེད་སྟོན་པ་བླ་མའི་དྲིན་གྱིས་ཡིན། །འདི་ཡིས་ལུང་ལ་རྨོངས་སེལ་བརྗོད་པ་མཛེས། །རྟོགས་པའི་ཆོས་དོན་རྣམ་ངེས་རབ་ཏུ་གསལ། །བཅོམ་ལྡན་སྐྱེས་བུ་ཚད་མར་སྒྲོག་པ་ལས། །མ་ལུས་སེམས་ཅན་བསྟན་ལ་འཇུག་པ་ཤོག །ཕལ་ཆེན་དོན་མེད་དོན་ཡོད་རྣམ་ཀུན་ཏུ། །དོན་ཡོད་བཤད་ཕྱིར་གཞན་ལ་ཉེ་སྦྱོར་དཀའ། །གལ་ཏེ་ཕན་ན་འདི་དང་གཞན་གྱི་མ། །རྣམ་མཁྱེན་གོ་འཕང་མྱུར་དུ་འཐོབ་གྱུར་ཅིག །བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ངག་སྒྲོན་གྱི་འགྲེལ་པ་ཚིག་གསལ་ཞེས་བྱ་བ་འདི།རྒྱ་གར་ནུབ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་བསྟན་འཛིན་རྒྱལ་མཚན་གྱིས་སྦྱར་བའོ། །སྡེ་དགེ་ཆོས་རྒྱལ་ཆེན་པོའི་ལྷ་སྲས་ཚེ་དབང་བདུད་འདུལ་མཆོག་གིས་སྒྲ་རིག་གནས་སྐབས་འདི་ལྟར་རྩོམ་པར་བཀས་བསྐུལ་ཏེ། གྲུབ་འཕྲལ་སྲས་མོ་གཡུ་སྒྲོན་ལགས་ནས་སྤར་དུ་བསྒྲུབས་པ་མེ་གླང་ལོར་སྤར་དཔོན་བླ་མ་དམ་པ་ཏིང་འཛིན་ཆོས་གྲགས་ཀྱིས་ཞུ་དག་ལེགས་པར་གྲུབ་པ་འདིས་བརྡ་སྤྲོད་ཚིག་ལ་མི་རྨོངས་ཤིང༌། གསུང་རབ་དོན་གནས་འཁྲུལ་མེད་རྟོགས་ཏེ་རྒྱལ་བསྟན་གསལ་བར་གྱུར་ཅིག །དགེའོ།