Jump to content

ཁལ་ཁའམ་བྲག་རི་དམ་ཚིག་རྡོ་རྗེ་གྲགས་པ་དཔལ་

ཡོང་ཁུངས་Wikipedia

རྗེ་འདི་ནི་ཧལ་ཧའི་ཡུལ་གྲུར་ཇིང་གིར་གྱི་རྒྱལ་རྒྱུད་དུ་ཡབ་ཚེ་དབང་བཀྲ་ཤིས་དང༌། ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་གླང(༡༧༨༡) ལོར་འཁྲུངས། ནོ་ཡོན་ཧོ་ཐོག་ཐུ་ཡེ་ཤེས་དོན་གྲུབ་ཀྱིས་མཚན་ཚེ་རིང་རྡོ་རྗེར་གསོལ། དགུང་ལོ་བཅུ་གཉིས་ལ་ཁུ་རེ་དགོན་པར་ཆོས་ཞུགས་མཛད་ནས་བསྡུས་གྲྭ་སོགས་གཞུང་ལུགས་ལ་གསན་སྦྱོང་མཛད། དགུང་ལོ་བཅུ་དྲུག་ལ་དཀའ་བཅུ་ཡེ་ཤེས་དོན་གྲུབ་ཀྱི་དྲུང་དུ་རབ་བྱུང་བསྒྲུབས། དགུང་ལོ་བཅུ་དགུ་ལ་ཐུའུ་བཀྭན་རིན་པོ་ཆེའི་དྲུང་དུ་ཕེབས་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་ཉི་ཤུ་ལ་དགོན་ལུང་དུ་ཕེབས་ནས་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་དྲུང་དུ་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་བཞི་ལ་ཁལ་ཁ་རྗེ་བཙུན་སྐུ་ཕྲེང་བཞི་པ་དང་ལྷན་དུ་དབུས་སུ་ཕེབས་ནས་རྒྱལ་དབང་འཇམ་དཔལ་རྒྱ་མཆོ་དང་མཇལ། སེ་ར་བྱེས་བསམ་བློ་ཁང་ཚན་དུ་ཆོས་ཞུགས་མཛད། ཧལ་ཧ་བློ་བཟང་སྦྱིན་པ་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་མོར་སློབ་གཉེར་མཛད། ཁྲི་ཆེན་ངག་དབང་སྙན་གྲགས་ཀྱི་དྲུང་ནས་ཀྱང་དམ་ཆོས་མང་དུ་གསན། མདོ་སྔགས་ཀྱི་གཞུང་ཆེན་ལ་མཁས་པའི་གྲགས་པ་རྒྱས། བོད་དུ་སློབ་གཉེར་ལ་ལོ་བཅུ་དྲུག་བཞུགས་ནས་དགུང་ལོ་བཞི་བཅུ་ཐམ་པ་ལ་རྗེ་བཙུན་དམ་པ་སྐུ་ཕྲེང་ལྔ་པའི་མཆོག་སྤྲུལ་ཁལ་ཁར་གདན་ཞུ་གནང་བ་དང་སྦྲགས་རང་ཡུལ་དུ་ཕྱིར་ཕེབས། དགུང་ལོ་རེ་དྲུག་ལ་རྗེ་བཙུན་དམ་པ་སྐུ་ཕྲེང་ལྔ་པ་དགོངས་པ་རྫོགས་པའི་མཆོད་འབུལ་དུ་དབུས་གཙང་དུ་ཕེབས། རྗེ་འདི་ཉིད་འཆད་རྩོད་ཀྱི་རིག་པ་ཟབ་པ་མ་ཟད། རྩོམ་པ་ལའང་མཆོག་ཏུ་མངའ་བས། 《བྱང་ཆུབ་ལམ་རིམ་གྱི་ཁྲིད་ཡིག་སྨན་མཆོག་ཐེག་ཆེན་བློ་སྦྱོང་གི་དམིགས་རྣམ་སྐྱོང་ཚུལ་བདུད་རྩིའི་ཉིང་ཁུ》 《དབུ་མ་འཇུག་པའི་འགྲེལ་བཤད་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས》《སྨན་མཆོག་ཁ་སྐོང་དང་བཅས་པ་ནོར་བུའི་མཛེས་རྒྱན》《སྤྱན་རས་གཟིགས་ལྷ་ལྔའི་སྒྲུབ་དཀྱིལ་ཆོ་ག》《རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་ལས་རིམ》《བདེ་མཆོག་དཀར་པོའི་མཆོད་ཆོག་དཔལ་སྟེར》《སྒྲུབ་མཆོད་རྒྱས་པ་དངོས་གྲུབ་གཏེར་མཛད》《སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོས་མཆོག་རབ་རྒྱས》《བླ་མའི་རྣལ་འབྱོར་སྣ་ཆོགས་ཀྱི་སྐོར》《ཚེ་སྒྲུབ་འཆི་མེད་སྲོག་ཤིང 》ཀུན་མཁྱེན་གཉིས་པ་སློབ་དཔོན་ཆེན་པོ་དབྱིག་གཉེན་ཞབས་ཀྱི《ཕུང་པོ་ལྔའི་རབ་བྱེད》སོགས་མདོ་སྔགས་ཀྱི་བསྟན་བཅོས་པོ་ཏི་བཅུ་དྲུག་ཙམ་བརྩམས་པ་གནང༌། མཐར་དགུང་གྲངས་དོན་ལྔ་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཤིང་ཡོས(༡༨༥༥)ལོར་གཟུགས་སྐུའི༌བཀོད་པ་རེ་ཞིག་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།