Jump to content

ཁལ་ཁ་ཆོས་རྗེ་ངག་དབང་དཔལ་ལྡན་

ཡོང་ཁུངས་Wikipedia

ཡོངས་གྲགས་སུ་དཔལ་ལྡན་ཆོས་རྗེ་ཟེར། མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་ཕུལ་དུ་ཕྱིན་པའི་སོག་རིགས་ཀྱི་དགེ་བཤེས་དབུས་གཙང་ཁམས་གསུམ་སོག་ཡུལ་དང་བཅས་པར་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་ཡིན། རབ་བྱུང་བཅུ་བཞི་པའི་མེ་ཡོས(༡༨༠༧)ལོར་ཁལ་ཁའི་ཡུལ་དུ་འཁྲུངས། ཁུ་རེ་དགོན་ཆེན་དུ་མཚན་ཉིད་ཀྱི་སློབ་གཉེར་དང་རིག་གནས་གསན་བསམ་ལ་དཀའ་སྤྱད་འབད་བརྩོན་ཆེན་པོ་མཛད། དགུང་ལོ་བཞི་བཅུར་ཕེབས་པ་རབ་བྱུང་བཅུ་བཞི་པའི་མེ་རྟ(༡༨༤༦)ལོར་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་མཛད་པའི《གྲུབ་མཐའ་ཆེན་མོ》ནང་གསལ་བའི་དཀའ་གནད་ཁག་ལ་མཆན་འགྲེལ་ཤིན་ཏུ་རྒྱས་པ་ཞིག་མཛད། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་བཞི་པའི་ས་ལུག(༡༨༥༩)ལོར《མངོན་རྟོགས་རྒྱན་གྱི་འགྲེལ་པ》དང༌། རབ་བྱུང་བཅུ་བཞི་པའི་ལྕགས་བྱ(༡༨༦༡)ལོར《དབུ་མ་འཇུག་པའི་འགྲེལ་པ》བཅས་བརྩམས། དུས་སྐབས་མི་གསལ་ཡང་《འབྲས་སྤུངས་བློ་གསལ་གླིང་དང་སྒོ་མང་གི་ཡིག་ཆའི་བཞེད་ཚུལ་མི་འདྲ་བ་ཕྱོགས་བཀོད་བློ་གསལ་དགའ་སྟོན》ཞེས་པ་མཛད་པ་རྣམས་བློ་གསལ་དོན་གཉེར་ཅན་རྣམས་གཞུང་ཆེན་མང་པོར་ལྟ་བའི་མེ་ལོང་དང༌། བློ་སྒོ་འབྱེད་པའི་ལྡེ་མིག་ལྟ་བུར་གྱུར་ཡོད། དགུང་ལོ་ཇི་ཙམ་བཞུགས་པ་སོགས་ཀྱི་རྣམ་ཐར་ད་ཕན་ལག་ཏུ་མ་སོན་པས་བྲི་མ་ནུས་ལགས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།