ཁམས་ལུང་པ་རིན་ཆེན་སེང་གེ་
ཁམས་ལུང་པ་རིན་ཆེན་སེང་གེ་ ཁོང་ནི་རབ་བྱུང་བཞི་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1232 ལོར་ཡུལ་ཉན་གྱི་ཀ་ཀ་གསག་ལ་ཡབ་སྦས་རྣལ་འབྱོར་མགོན་པོ་དང་། ཡུམ་ཞང་ལྕམ་དཀར་ཡལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ1282ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཉིས་པར་མཁན་པོ་གཞུང་བ་དང་སློབ་དཔོན་རག་མ་བ་གཉིས་ལས་རབ་ཏུ་བྱུང། མཁན་སློབ་གཉིས་ལས་འདུལ་བ་ལ་སོགས་པའི་ཆོས་སྐོར་མང་དུ་གསན། དགུང་ལོ་བཅུ་དགུ་པར་མཁན་པོ་སྐྱོར་མོ་ལུང་པ་ཞིག་པོ་དང་། སློབ་དཔོན་དཔལ་བ། གསང་སྟོན་སློབ་དཔོན་དབང་བ་བཅས་ལས་བསྙེན་པར་རྫོགས་ཤིང་འདུལ་བ་མདོ་རྩ་ལ་སོགས་པའི་ཆོས་དང་གདམས་ངག་མང་དུ་ཞུས། དེ་ནས་ཟེམ་རིན་པོ་ཆེ་གྲགས་པ་སེང་གེའི་ཞབས་ལ་གཏུགས་ཏེ་གདམས་ངག་མ་ལུས་པ་ཞུས་ནས་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་ཁྱད་པར་ཅན་འཁྲུངས་ཤིང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་མངའ་བརྙེས། དགུང་ལོ་ཉི་ཤུ་རྩ་ལྔ་པར་ཟེམ་རིན་པོ་ཆེ་སྐུ་གཤེགས། རབ་བྱུང་བཞི་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1256 ལོར་བྱ་ཡུལ་དགོན་གྱི་གདན་སར་ཕེབས་ཤིང་ལོ་ངོ་ཉི་ཤུ་རྩ་བདུན་གྱི་རིང་དུ་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཏེ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ལྔ་བཅུ་རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཡུལ་དགོན་གྱི་གདན་རབས་དྲུག་པ་ཡིན་ནོ།།