Jump to content

ཁམས་པ་རོ་མཉམ་རྡོ་རྗེ་

ཡོང་ཁུངས་Wikipedia

གསང་བ་འདུས་པའི་བླ་བརྒྱུད་དུ་བཞུགས་པའི་མཚུར་སྟོན་དབང་གི་རྡོ་རྗེའི་སློབ་མ་གཙོ་བོ་གསུམ་གྱི་གྲས་ཡིན། འཁྲུངས་འདས་ཀྱི་ལོ་གསལ་བར་མ་རྙེད། ཐོག་མར་རྒྱ་གར་དུ་ཕེབས་ནས་གྲུབ་ཆེན་མེེ་ཏྲི་པ་ལས་གསང་བ་འདུས་པ་གསན་རྒྱུའི་དགོངས་པ་ཡོད་ཀྱང༌། གྲུབ་ཆེན་སྐུ་གཤེགས་ཟིན་པས་མ་མཇལ། དེ་ནས་བོད་དུ་ཕེབས་ཏེ་མར་པ་ལོ་ཙཱ་བ་ལ་གསན་དགོངས་ཀྱང་མར་པ་ལོ་ཙཱ་བ་ཡང་གཤེགས་ཟིན་པས་མར་པའི་སློབ་མ་འཚུར་སྟོན་དབང་གི་རྡོ་རྗེའི་དྲུང་དུ་ཕེབས་ནས། འགོན་གད་པ་ཀིརྟི་དང་མཉམ་དུ་གསང་བ་འདུས་པ་གསན་ཞིང༌། མཚུར་སྟོན་གྱིས་ཁོང་རྣམ་པ་གཉིས་ལ་རྒྱུད་ཀྱི་བཤད་པ་མན་ངག་དང་བཅས་པ་གནང༌། ཁམས་པས་མཚུར་སྟོན་གྱི་གསུང་རྒྱུན་བཞིན་རྩ་རྒྱུད་རྐྱང་པའི་ཊིཀྐ་ཡང་མཛད། དེ་དང་མཐུན་པའི་དབང་གི་ཆོ་ག་ཞིག་མཛད་པའི་གཞི་འཛིན་ས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་གར་སྣང་ཞེས་འགོས་ལོ་གཞོན་ནུ་དཔལ་བས་གསུངས། ལོ་རྒྱུས་གཞན་དག་འཁོད་པ་ད་ཕན་མ་མཇལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།