ཁམས་པ་ཉི་མ་གྲགས་
གསང་སྔགས་སྔ་འགྱུར་གྱི་གཏེར་ཆེན་བརྒྱ་རྩ་བརྒྱད་ཀྱི་ནང་ཚན་ཞིག་སྟེ། རབ་བྱུང་བཅུ་གཅིག་པའི་མེ་ཕག(༡༦༤༧)ལོར་མདོ་སྟོད་ཟལ་མོ་སྒང་གི་ཁོངས་སྒོམ་སྡེ་ནང་ཆེན་གྱི་ཆ་ཤས་བན་རུ་གྲུ་ཡ་ཞེས་པར་ཡབ་བྱམས་མེ་དཔོན་པོ་ཀརྨ་རྣམ་རྒྱལ་དང༌། ཡུམ་བླ་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་དུས་སུ་སྐུ་སྐྱེ་སྔོན་མ་དྲན་པའི་གསུང་ཐོལ་བྱུང་དུ་གནང་བ་སོགས་བྱིས་པ་སྤྱིར་བཏང་དང་མི་འདྲ། གྲུབ་དབང་རྫོགས་ཆེན་པདྨ་རིག་འཛིན་གྱི་དྲུང་དུ་ལོ་བཅོ་བརྒྱད་ཙམ་བསྟེན་ནས་ཆོས་མང་པོ་གསན། གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེས་འཕོ་ལུང་པ་ཀརྨ་བསམ་གྲུབ་ཀྱི་སྤྲུལ་སྐུ་འཁྲུལ་མེད་ཡིན་པར་ངོས་འཛིན་གནང་ཞིང༌། གཏེར་སྟོན་རང་ཉིད་ཀྱི་ཆོས་བདག་ཀྱང་ཡིན་པར་ཞལ་གྱིས་བཞེས་ཏེ་དབང་ལུང་འགའ་ཞིག་གནང༌། གྲུབ་དབང་རིན་པོ་ཆེ་ལས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་བརྒྱད་པ་ཤིང་འབྲུག(༡ ༦༦༤)ལོར་གྲུབ་དབང་རིན་པོ་ཆེ་དང་ལྷན་དུ་དབུས་གཙང་ལ་ཕེབས། དབུས་གཙང་གི་གནས་རྟེན་རྣམས་མཇལ་བའི་ཞོར་ལ་རྡོ་རྗེ་བྲག་རིག་འཛིན་པདྨ་འཕྲིན་ལས། ཞིག་པོ་གླིང་པ། སྨྲ་བོ་ལྕོག མངའ་བདག་ཆོས་ཀྱི་དབང་པོ། རས་ཆུང་སྤྲུལ་སྐུ་སོགས་ཀྱི་དྲུང་ནས་གསང་སྔགས་སྔ་འགྱུར་གྱི་ཆོས་བཀའ་མཐའ་ཡས་པ་གསན། དགུང་ལོ་ཉེར་གཉིས་པ་ས་སྤྲེལ་(༡༦༦༨)ལོར་གྲུབ་དབང་རིན་པོ་ཆེ་དང་ལྷན་དུ་ཙཱ་རིར་གནས་གཟིགས་དང་སྦྲགས་ལོ་གསུམ་སྐུ་མཚམས་མཛད་ཅིང༌། ཞོར་ལ་རྫོགས་ཆེན་སྐོར་གྱི་སྙན་བརྒྱུད་མན་ངག་མང་པོ་གསན་ནས་ཉམས་བཞེས་མཛད། དགུང་ལོ་ཉེར་བརྒྱད་པ་ཤིང་སྟག(༡༦༧༤)ལོར་ཁམས་ཁུལ་སྲིང་མོ་རྫོང་ནས་རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིག་གི་ཆོས་སྐོར་དང༌། སྐུ་རྟེན་འགའ་ཞིག་གཏེར་ནས་བཞེས། གཞན་ཡང་གངས་ཏི་སེ། མོན། ནགས་ཤོད། རྒྱ་གར་རྩ་མཆོག་གྲོང་སོགས་གཏེར་གནས་མང་པོ་ནས་གཏེར་བཞེས་ཤིང༌། གཏེར་ཁ་འགའ་ཞིག་བར་ཆད་ཀྱི་དབང་དུ་སོང་ནས་བཞེས་མ་ཐུབ་པ་ཕུད། གཏེར་བཞེས་གནང་གྲུབ་པའི་རིགས་རྣམས་ལོ་ཤས་རིང་གསང་རྒྱ་དམ་པོའི་སྒོ་ནས་ཉམས་བཞེས་གྲུབ་རྗེས་སློབ་མ་ཉུང་ཤས་ལ་འཆད་སྤེལ་མཛད་ཅིང༌། དགུང་ལོ་སོ་གཉིས་པ་ས་རྟ(༡༦༧༨)ལོར་ནགས་ཤོད་ཆགས་རུ་ཕུག་ནག་ཏུ་ལོ་གསུམ་ཙམ་བཞུགས་ཏེ་གནས་གཞི་བཟུང་བའི་རྟེན་འབྲེལ་བསྒྲིགས། དགུང་ལོ་ཞེ་བདུན་པ་ཆུ་བྱ་(༡༦༩༣)ལོར་སྟག་མོ་སྒང་གི་དགོན་པ་བསྐལ་བཟང་ཕུན་ཚོགས་གླིང་ཕྱག་བཏབ། དགུང་ལོ་ང་བདུན་པ་ཆུ་ལུག་(༡༧༠༣)ལོར་ནགས་ཤོད་ཁུལ་དུ་ཆགས་རུ་འོད་གསལ་སྒྲུབ་སྡེ་ཕྱག་བཏབ། དགུང་ལོ་རེ་བཞི་པ་ལྕགས་སྟག་(༡༧༡༠)ལོར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་མ་བྱས་པར་དམར་གདུང་བཞུགས་པའི་གསེར་གདུང་བཞེངས། གསུང་རྩོམ་པོད་གཉིས་ཙམ་ཡོད་ཅེས་རྣམ་ཐར་དུ་གསལ། རྣམ་ཐར་སྐོར་རང་ཉིད་ཀྱིས་གསུངས་པ་རྒྱས་བསྡུས་གཉིས་དང༌། ཞལ་སློབ་བསྐལ་བཟང་དབང་ལྡན་གྱིས་མཛད་པའི་རྣམ་ཐར་ཆེན་མོ་ཡོད། རྣམ་ཐར་ཅུང་ཟད་གསལ་བ་སྟག་སྒང་མཁན་ཆེན་ངག་དབང་བློ་གྲོས་སམ་གུ་རུ་བཀྲ་ཤིས་ཀྱང་ཞུ་བ་དེས་མཛད་པའི《གུ་བཀྲ་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༨༢༠ནས༨༦༠བར་གསལ་བ་དེར་གཟིགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།