ཁམས་གོང་མ་
གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་གཉིས་སོ། །དེ་ལས་གཟུགས་ཁམས་ནི། འདོད་པའི་ཁམས་ལ་ཆགས་པ་དང་བྲལ་ཞིང་གཟུགས་ཁམས་ལ་ཆགས་པ་དང་བཅས་པའོ། །དེ་ཡང་གོང་དུ་བརྗོད་པའི་འདོད་ཁམས་ཀྱི་གནས་མཐོ་ཤོས་གཞན་འཕྲུལ་དབང་བྱེད་ཀྱི་སྟེང་གི་ནམ་མཁའ་ལ་སྟེང་ནས་སྟེང་དུ་བརྩེགས་ཏེ་གཟུགས་ཁམས་གནས་རིས་བཅུ་བདུན་གནས་པ་ལས། ཡས་རིམ་བཞིན་བསམ་གཏན་དང་པོའི་གནས་ཚངས་རིས། ཚངས་མདུན། ཚངས་ཆེན་གསུམ། བསམ་གཏན་གཉིས་པའི་གནས་འོད་ཆུང༌། ཚད་མེད་འོད། འོད་གསལ་གསུམ། བསམ་གཏན་གསུམ་པའི་གནས་དགེ་ཆུང༌། ཚད་མེད་དགེ་དགེ་རྒྱས་གསུམ། བསམ་གཏན་བཞི་པ་ལ་གནས་བརྒྱད་ཡོད་པ་ལས། སོ་སྐྱེའི་གནས་གསུམ་སྟེ་སྤྲིན་མེད། བསོད་ནམས་སྐྱེ། འབྲས་བུ་ཆེ་བ་དང༌། འཕགས་པའི་གནས་གཙང་ལྔ་སྟེ་མི་ཆེ་བ། མི་གདུང་བ། གྱ་ནོམ་པ། ཤིན་ཏུ་མཐོང་བ། འོག་མིན་བཅས་སོ། །དེ་དག་ལས་མི་ཆེ་བ་ནསའོག་མིན་བར་ནི་འཕགས་པ་རྣམས་ཁོ་ན་དེར་སྐྱེ་བས་གནས་གཙང་མར་གྲགས་སོ། །གཟུགས་མེད་ཁམས་ནི། གཟུགས་ཁམས་ལ་འདོད་ཆགས་དང་བྲལ་བར་གྱུར་ལ། གཟུགས་མེད་པ་ལ་འདོད་ཆགས་དང་བཅས་པའོ། །དེ་ཡང་གཟུགས་མེད་ནམ་མཁའ་མཐའ་ཡས་ནས་སྲིད་རྩེའི་བར་གྱི་སྐྱེ་མཆེད་མུ་བཞི་སྟེ། གཟུགས་ཀྱི་འདུ་ཤེས་མེད་པར་ནམ་མཁའ་ཙམ་མཐའ་ཡས་སོ་ཞེས་ཏིང་ངེ་འཛིན་གྱི་སྙོམས་པར་ཞུགས་པ་ནམ་མཁའ་མཐའ་ཡས་པ་དང༌། ནམ་མཁའི་འདུ་ཤེས་ཀྱང་བཀག་སྟེ་རྣམ་ཤེས་མཐའ་ཡས་སོ་སྙམ་པའི་འདུ་ཤེས་པ་རྣམ་ཤེས་མཐའ་ཡས་དང༌། དེ་ཡང་བཀག་སྟེ་ཅི་ཡང་མེད་དོ་སྙམ་པའི་འདུ་ཤེས་པ་ཅི་ཡང་མེད་དང༌། དེ་ཡང་བཀག་སྟེ་ཡོད་མིན་མེད་མིན་ཙམ་དུ་གནས་པ་སྲིད་པའི་རྩེ་མོའོ། །དེ་ལྟར་གཟུགས་མེད་བཞི་ནི་ལུས་ཅན་མ་ཡིན་པའི་ཕྱིར་གནས་ལོགས་སུ་མེད་ཀྱང་སེམས་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་གིས་རྣམ་པ་བཞིར་འབྱེད་པའི་སྒོ་ནས་བཞག་པ་ཡིན་ཏེ། ཡུལ་གང་དུ་སྙོམས་འཇུག་དེ་ཐོབ་ནས་ཤི་འཕོས་པ་རྣམས་དེ་ཉིད་དུ་དེ་གྲུབ་པའི་ཕྱིར་རོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།