ཁམས་གསུམ།
ཁམས་གསུམ་ཞེས་པ་ནི་ནང་པ་སངས་རྒྱས་པའི་ལུགས་ཀྱི་འཇིག་རྟེན་གྱི་ཁམས་གསུམ་སྟེ་འདོད་ཁམས་དང་གཟུགས་ཁམས་དང་གཟུགས་མེད་ཁམས་གསུམ་ལ་གོ་བ་ཡིན། སྤྱོད་འཇུག་གི་འགྲེལ་བཤད་སྣ་ཚོགས་ཀྱི་ནང་དུ་ཁམས་གསུམ་འདི་ཉིད་སེམས་ཅན་ཐམས་ཅད་ཀྱི་གནས་ཡུལ་དང་། མཆོད་པ་ཕུལ་བའི་ཁྱབ་ཚད། སངས་རྒྱས་ཀྱིས་རྒྱལ་བར་བྱ་བའི་ཡུལ་དུ་བཤད་འདུག
མཆོད་པའི་ཁྱབ་ཚད་ཀྱི་སྒོ་ནས་བཤད་པ།
[རྩོམ་སྒྲིག]མཆོད་རྫས་ཐམས་ཅད་ཀྱི་ཚུལ་དུ་བཤད་པ། "མཆོད་བའི་དོན་དུ་ཁམས་གསུམ་པོ་ཀུན་ན་ཡོད་པའི་མཆོད་རྫས་ཀྱི་དངོས་པོ་ཐམས་ཅད་ཕུལ་ནས་མཆོད་ན་ཡང་ད་དུང་མཆོད་བའི་རྫས་ཀྱི་ངོས་ནས་ཆུང་བར་འགྱུར་གྱི་འཚམས་པ་མ་ཡིན་ན་མཆོད་རྫས་སྣ་རེ་ཙམ་ཕུལ་བ་ལྟ་ཅི་སྨོས་པའོ། །"[༡]ཞེས་པས་སངས་རྒྱས་ཀྱི་ཡོན་ཏན་ནམ་མཁའ་ལྟར་ཚད་མེད་པ་ཡིན་པས། འཇིག་རྟེན་གསུམ་གྱི་རིན་པོ་ཆེ་དང་རྣམ་ཐར་གང་ཡོད་ཐམས་ཅད་ཅིག་ཅར་དུ་ཕུལ་ནའང་སངས་རྒྱས་ཀྱི་ཡོན་ཏན་ལ་ལྟོས་ན་ཆུང་བ་ཙམ་དུ་འགྱུར་བའི་དོན་ཡིན། རིན་པོ་ཆེ་སྣ་བདུན་གྱི་ཚུལ་དུ་བཤད་པ། "ཁམས་གསུམ་གྱི་འབྱོར་པའམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཕུལ་ཡང་ཆུང་པར་འགྱུར་བས་ན་ཡོན་ཏན་གྱི་ངོས་ནས་མི་མཚུངས་ཀྱང་།"[༢] ཞེས་པས་རིན་པོ་ཆེ་སྣ་བདུན་ནི་གསེར་དང་དངུལ། རིན་པོ་ཆེ་བཻ་ཌཱུར་ཡ། སྤུག་པ། མུ་ཏིག་ལ་སོགས་པ་ཡིན། ཁམས་གསུམ་གྱི་རིན་པོ་ཆེ་འདི་ཚོ་ཡོངས་རྫོགས་དང་འབྱོར་པ་ཐམས་ཅད་བསྡོམས་ཏེ་སངས་རྒྱས་ལ་ཕུལ་ནའང་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ལ་ལྟོས་ན་ཆུང་བར་འགྱུར་བའི་དོན་ཡིན། དངོས་པོ་ཡོངས་རྫོགས་ཀྱི་ཚུལ་དུ་བཤད་པ། "ཁམས་གསུམ་གྱི་དངོས་པོ་ཐམས་ཅད་ཕུལ་ཡང་ཆུང་བར་འགྱུར་བ་ཡིན་ན་གཞན་ལྟ་ཅི་སྨོས་སོ། །"[༣]ཞེས་པས་འདོད་ཁམས་དང་གཟུགས་ཁམས་དང་གཟུགས་མེད་ཁམས་གསུམ་གྱི་ནང་ན་ཡོད་པའི་དངོས་པོ་ཐམས་ཅད། མཆོད་རྫས་ཚང་མ་ཕུལ་ཡང་ཆུང་བར་འགྱུར་གྱི། དེ་ལས་ཆུང་བའི་མཆོད་རྫས་གཞན་ཕུལ་བ་དེ་ལྟ་ཅི་སྨོས་པ་མེད་པའི་དོན་ཡིན། "འཇིག་རྟེན་གསུམ་དུ་བྱུང་བའི་རིན་པོ་ཆེ་ལ་སོགས་པ་རྣམས་འཚམས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །"[༤]ཞེས་པས་འཇིག་རྟེན་གསུམ་ཞེས་པ་ཡང་ཁམས་གསུམ་དང་དོན་གཅིག་ཡིན། འདིས་ཀྱང་འཇིག་རྟེན་གསུམ་ནང་ཡོད་པའི་རིན་པོ་ཆེ་ཚང་མ་སངས་རྒྱས་ཀྱི་ཡོན་ཏན་ལ་འཚམ་པ་ཙམ་ཡང་མ་ཡིན་པའི་དོན་བསྟན་ཏོ། །
སངས་རྒྱས་ཀྱིས་རྒྱལ་བར་བྱ་བའི་ཡུལ།
[རྩོམ་སྒྲིག]ཉོན་མོངས་པ་ཐམས་ཅད་ལས་རྒྱལ་བ། "ཁམས་གསུམ་གྱི་ཉོན་མོངས་སོགས་མི་མཐུན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་བ་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་བར་འདོད་པ་ནི་རྣམ་པ་ཀུན་ཏུ་མ་འབྲེལ་བས་གཞན་དག་གིས་ཁྲེལ་ནས་བཞད་གད་བྱ་བའི་གནས་སུ་འགྱུར་རོ། །"[༥]འདིས་བསྟན་པ་ནི་སངས་རྒྱས་ཀྱི་ཁྱད་ཆོས་ནི་ཁམས་གསུམ་གྱི་ཉོན་མོངས་པ་དང་མི་མཐུན་ཕྱོགས་ཚང་མ་ལས་རྒྱལ་བ་ཡིན། དེ་ལྟ་བུའི་སངས་རྒྱས་ལ་ཐོབ་པར་འདོད་པ་ཡིན་ན། རང་གི་ཉེས་པ་དང་ལྟུང་བ་རྣམས་ཀྱིས་བདག་ཕམ་པར་བྱས་ན་འགལ་ཟླ་ཆེན་པོ་ཡིན་པས། གཞན་དག་གིས་བཞད་གད་ཀྱི་གནས་སུ་འགྱུར་རོ། ། སྤང་བྱ་ཀུན་ལས་རྒྱལ་བ། "ཁམས་གསུམ་གྱི་སྤང་བྱ་ཀུན་ལས་རྣམ་པར་རྒྱལ་བའི་སངས་རྒྱས་ཐོབ་པར་འདོད་པ་ནི་མང་པོས་ཁྲེལ་པས་བཞད་གད་ཀྱི་གནས་སུ་འགྱུར་བའོ། །"[༦]ཞེས་པ་ནི་ཉོན་མོངས་པ་དང་ལྟུང་བ། ཞེ་སྡང་དང་འདོད་ཆགས་ལ་སོགས་པ་སྤང་བར་བྱ་བའི་ཉེས་པ་ཚང་མ་ལ་གོ ཁམས་གསུམ་གྱི་སྤང་བྱ་ཚང་མ་ལས་རྒྱལ་བའི་སངས་རྒྱས་ཐོབ་པར་འདོད་ན། རང་ཉིད་སྤང་བྱ་ཆུང་ངུ་ཞིག་གིས་ཀྱང་ཕམ་པར་མི་རུང་བའི་དོན་ཡིན་ནོ། ། ཁམས་གསུམ་ལས་ཡོངས་སུ་རྒྱལ་བ། "ཁམས་གསུམ་ཐམས་ཅད་ལས་རྒྱལ་བར་འདོད་པ་ནི་བཞད་གད་ཀྱི་གནས་སུ་འགྱུར་བས་སོ། །"[༧]ཞེས་པས་ཁམས་གསུམ་ཐམས་ཅད་ལས་རྣམ་པར་བརྒྱལ་བར་འདོད་ན། ཁྱེད་རང་རང་གི་ལྟུང་བས་ཀྱང་ཕམ་པར་མི་རུང་བའི་གནས་སུ་བྱ་དགོས་པ་ལས་གཞན་བཞད་གད་ཀྱི་གནས་སུ་འགྱུར་བའོ། །
ནུས་པའི་ང་རྒྱལ་བསྐྱེད་པའི་གཞི།
[རྩོམ་སྒྲིག]རང་གི་ཉེས་པ་གཞོམ་ཐུབ་ན་ཁམས་གསུམ་ལས་རྒྱལ་ནུས། "ཁམས་གསུམ་ལས་རྒྱལ་བའི་སངས་རྒྱས་ཇི་ལྟར་འགྲུབ།"[༨] ཞེས་པས་གལ་ཏེ་རང་གི་ཉེས་པ་ཆུང་ངུ་ཞིག་ཀྱང་གཞོམ་མ་ཐུབ་ན། ཁམས་གསུམ་ཡོངས་རྫོགས་ལས་རྒྱལ་བའི་སངས་རྒྱས་ཇི་ལྟར་འགྲུབ་ཅེས་རང་ལ་འདྲི་བ་སྟེ། ཆུང་ངུ་ནས་ཆེན་པོར་འགྲོ་བའི་རིམ་པ་སྟོན་པའོ། །ལྟུང་བ་གཞོམ་པའི་གོ་རིམ། "ཁམས་གསུམ་ལས་རྒྱལ་བར་རྩོམ་པ་ལ་བཞད་གད་དེ། ཁྲེལ་གད་ཀྱི་གནས་སུ་འགྱུར་རོ། །"[༩]ཞེས་པས་ཞུམ་པའི་བསམ་པ་བསྐྱེད་ནས་ལྟུང་བ་གཞོམ་ཐུབ་པ་མེད་པ་དེ་དག་ལ། ཁམས་གསུམ་ལས་རྒྱལ་བར་རྩོམ་པ་ནི་འགལ་ཟླ་ཆེན་པོ་ཡིན་པས། གཞན་དག་གིས་ཁྲེལ་ནས་བཞད་གད་ཀྱི་གནས་སུ་འགྱུར་བ། དེའི་ཕྱིར་བརྟན་པའི་སེམས་དང་ནུས་པའི་ང་རྒྱལ་བསྐྱེད་དགོས་པར་བསྟན་པའོ། །
བསྡུས་དོན།
[རྩོམ་སྒྲིག]འདོད་ཁམས་དང་གཟུགས་ཁམས་དང་གཟུགས་མེད་ཁམས་གསུམ་ལ་གོ་ཞིང་། དེ་ཉིད་མཆོད་པའི་ཁྱབ་ཚད་སྟོན་པ། སངས་རྒྱས་ཀྱིས་རྒྱལ་བར་བྱ་བའི་ཡུལ་སྟོན་པ། ནུས་པའི་ང་རྒྱལ་བསྐྱེད་པའི་གཞི་སྟོན་པ། སེམས་ཅན་ཐམས་ཅད་ཀྱི་གནས་ཡུལ་དང་། སངས་རྒྱས་ཀྱི་མཛད་པ་རྒྱ་ཆེ་བ། ཡོན་ཏན་ཟབ་མོ་བཅས་བསྟན་པའོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེन། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྐྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།