ཁམས་གསུམ་མི་ལྡོག་སྒྲོལ་གྱི་གཙུག་ལག་ལྷ་ཁང་
ཁམས་གསུམ་ཟངས་ཁང་གླིང་གི་མིང་གི་རྣམ་གྲངས་ཡིན་ཞིང༌། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་བསམ་ཡས་གཙུག་ལག་ཁང་ལྟེ་བར་དཔེ་བྱས་ནས་བཞེངས་པ་སྟེ། བསམ་ཡས་གཙུག་ལག་ཁང་གི་ལྷོ་ཕྱོགས་ལྕགས་རིའི་ཕྱི་ལ་ཡོད་པ་དེ་ཡིན། ལྷ་ཁང་ལྟེ་བ་ཐོག་སོ་གསུམ་ཡོད་པའི་སྟེང་ཐོག་ལ། རྣམ་པར་སྣང་མཛད་མི་བཞི་རྒྱབ་སྤྲོད་ལྟ་བུ། སེམས་དཔའ་སེམས་མ་ཁྲོ་བོ་གཉིས་བཅས་རྡོར་དབྱིངས་ཀྱི་ལྷ་ཚོགས་ཆ་ཚང་འཇིམ་སྐུ་ལ་ཕྲ་རྒྱན་ཡོད་པ། བར་ཁང་གི་རྟེན་གཙོར་སངས་རྒྱས་མ་ཆགས་པདྨའི་སྤྱན་པད་སྡོང་གི་ཁར་བཞུགས་པ། གཡས་གཡོན་ལ་སེམས་དཔའ་བཞི་དང་སེམས་མ་བཞི། ཁྲོ་བོ་ཀང་དང་ཀིང་གཉིས་འཇིམ་སྐུ་ལ་ཕྲ་རྒྱན་སྣ་ཚོགས་ཡོད་པ། སྐོར་ཁང་ལ་ཕྱི་ནང་གཉིས་བལྟས་སུ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྡེབས་བྲིས་བལ་བྲིས་རྙིང་མ། འོག་ཁང་གི་རྟེན་གཙོར་ཇོ་བོ་བྱང་ཆུབ་ཆེན་པོ་ཐོག་ཚད་མ། གཡས་གཡོན་དུ་ཉེ་བའི་སྲས་བརྒྱད། ཁྲོ་བོ་གཉིས་བཅས་འཇིམ་སྐུ་ལ་ཕྲ་རྒྱན་མང་པོ་ཡོད་པ། དེའི་མཐའ་བསྐོར་གྱི་སྐོར་ཁང་ཁ་ཕྱི་བལྟས་ནང་བལྟས་གཉིས་ཀར《བཀའ་ཐང》ནང་གསལ་བ་བཞིན་གྱི་ལྡེབས་བྲིས་རྣམས་བལ་བྲིས་རྙིང་མ། དབུ་རྩེར་གཡུ་རྩི་ཅན་གྱི་རྒྱ་ཕིབས་བཅས་ཡོད་ཅིང༌། དེ་སྔོན་ཀ་ཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་དབུས་གཙང་གནས་མཇལ་དུ་ཕེབས་སྐབས་ཉམས་ཆག་མེད་པར་བསྡད་ཡོད་ཚུལ་དམ་པ་དེས་མཛད་པའི《དབུས་གཙང་གནས་བསྐོར་ལམ་ཡིག》སྡེ་དགེ་དཔར་མའི་ཤོག་གྲངས༡༠༣ནས༡༠ ༤བར་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།