ཁམས་ཀློང་ཐང་སྒྲོལ་མ་
མཐོང་རིས་
དེ་སྔོན་བཙན་པོ་སྲོང་བཙན་སྒམ་པོས་བོད་ཀྱི་ས་དབྱིབས་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བ་གནོན་པའི་ཆེད་དུ་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བཅུ་གཉིས་བཞེངས་པའི་གྲས་ཏེ། ལག་མཐིལ་གཡས་ལ་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ལྷ་ཁང་བཞེངས། ལྷ་ཁང་དེའི་བཟོ་དབྱིབས་ནི《ནེལ་པ་པཎྜིཏའི་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས་༡༨ལས་ཕྱི་མཆོད་རྟེན། ནང་ལྷ་ཁང༌། རྩ་བ་གཟེར་མགོ(ཟླུམ་པོ)རྩེ་མོ་རྒྱ་ཕིབས་ཀྱི་དབྱིབས་སུ་ཡོད་པར་གསུངས། ས་གནས་ནི་དེང་སང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྡན་ཁོག་དུ་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།