ཁམས་ཀྱི་གླ་བ་རྐང་གཅིག་གི་སྨོན་གསོལ།

ཡོང་ཁུངས་Wikipedia
༄། ཁམས་ཀྱི་གླ་བ་རྐང་གཅིག་གི་སྨོན་གསོལ་འདི་ན་དགེ།

 

དལ་འབབ་གཡུ་ཀླུང་༡འགྲམ་གྱི་རི་ལྡེབས་སུ།།

གུ་རུ་པདྨས་ཐེའུ་རང་དམ་བཏགས་གནས།།༢

ཡ་མཚན་གླ་བ་རྐང་གཅིག་ཅེས་བྱ་བའི།།

འགྱུར་མེད་རྟགས་ཀྱིས་མཚན་དེར་གསོལ་བ་འདེབས།།

མཐའ་མིའི་བསམ་སྤྱོད་ལོག་པ་ཞི་བ་དང་།།

ཆོས་མཐུན་འཚོ་བ་འབྱུང་བར་བྱིན་གྱིས་རློབས།།

ཡལ་མེད་རྟག་པའི་བྱིན་རླབས་ཆེན་པོ་ཡིས།།

ཉིན་མཚན་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །

ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ།  ཞེས་སྔོན་ཚེ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་ཐེའུ་རང་སྤུན་དགུ་དམ་ལ་བཏགས་པའི་གནས་ལ་སྨོན་གསོལ་དུ་དཔལ་ལྡན་ལེགས་བཤད་ཀྱིས་མེ་ཕག་ཟླ༩ ཚེས༧ ལ་སྨྲས་པའོ།།


༜ ༡ གཡུ་ཀླུང་ནི་སྡིངས་ཆུ་ལ་གོ

༜ ༢ གནས་འདི་དཀར་མཛེས་ཁུལ་གྱི་ཁོངས་སྡེ་རོང་རྫོང་གི་ཆུ་འདུ་ཞེས་པའི་གྲོང་པའི་གཡས་ལོགས་སྡིངས་ཆུའི་ཕར་འགྲམ་གྱི་བྲག་ངོས་སུ་ཡོད་དོ།།