ཁམ་སའི་མི་མོ་

ཡོང་ཁུངས་Wikipedia

༄༅། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཁམ་སའི་མི་མོ་ལ་བརྟེན་ནས་རྣམ་ཤེས་འབྱུང་འཇུག་གནས་གསུམ་དུ་ངོ་སྤྲོད་པའི་རིམ་པ་བཞུགས་སོ། །ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། འཆི་ཁ་བར་དོའི་དཔེ་ཁམ་སའི་མི་མོ་ལ་བརྟེན་ནས་རྣམ་ཤེས་འབྱུང་འཇུག་གནས་གསུམ་གྱི་ངོ་སྤྲོད་ནི། མཚན་མོ་མུན་ཁང་དུ་མེ་དང་མར་མེའི་ཟེར་ཙམ་ཡང་མེད་པར་བྱས་ལ། ཁམ་ས་ལ་མི་མོའི་གཟུགས་དབང་པོ་ལྔ་གསལ་བ་གཟུགས་བརྙན་དང་བཅས་པ་བཀོད། ནང་དུ་རྣམ་ཤེས་ཀྱི་དཔེ་མར་མེ་དང་བཅས་པ་བཤམ། དེ་ནས་མཆེད་ལྕམ་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་དང་། རྒྱུ་འབྲས་ཀྱི་ཆོས་འཆད་པའམ། སྐབས་ལ་བབ་པའི་ཚེ། མེ་ལྟས་གཟུགས་བརྙན་གསལ་བར་བསྟན་ཏེ། བླ་མས་འདི་སྐད་གསུངས། འོ་འདི་ནི་རང་ཅག་རྣམས་ཀྱི་ལུས་ཀྱི་དཔེ་ཡིན་ཏེ་དེ་ཡང་འབྱུང་བཞིའི་ཐོ་ཡོར་ནམ་བོར་མི་ཤེས་པའི་ཤ་ལུས་ཧྲུལ་པོ་འདི་ཡིན་ཏེ། ནང་མི་གཙང་བས་གང་བ། བར་དུ་རུས་པ་དུམ་བུ་རྣམས་མཐུད་པ་ལ་རྩ་དང་རྒྱུས་པས་སྦྲེལ་བ། དེ་ལ་ཤ་ངན་གྱིས་ཞ་ལ་བྱས་པ། ཕྱི་ནས་པགས་པས་བསྟུམས་པ། བུག་པ་ནས་མི་གཙང་བའི་རྒྱུན་བབས་པ། སྒྱུ་ལུས་ཕུང་པོ་གོག་པོ་འདི་ལ་ཁྱེད་ཀུན་གྱིས་ལེགས་པར་ལྟོས་ཤིག །ད་འདི་ལ་འབྱུང་འཇུག་གནས་གསུམ་གཅེས་པའི་མཚན་དཔེ་འཆད་དེ། སྐྱེས་བུ་རྣམས་འཆི་བའི་ཚེ་འབྱུང་བ་རིམ་གྱིས་སྡུད་པ་ནི། ཤའི་ལུས་ས་ལ་ཐིམ་པས་ལུས་ལྕི། ལུས་ཀྱི་བསྒྱུར་ལོག་མི་ནུས་ཤིང་སུགས་བཞི་ས་ལ་ལྷུང་། མེའི་ལུས་ཆུ་ལ་ཐིམ་པས་ལུས་ཀྱི་མཐའ་ནས་དྲོད་ཆད།དྲོད་རྐང་མཐིལ་ནས་ཆུ་རྡོ་མེ་ལ་བསྲོས་ནས་ལྷན་དགོས་པ་འོང་། ཁྲག་ཆུ་ལ་ཐིམ་པས་ཁ་སྣར་དྲེག་པ་དང་མཆུ་དྲེག་ནག་རྔམ་གྱིས་འབྱུང་། དབུགས་རླུང་ལ་ཐིམ་པས་དབུགས་རྒོད། ཤེས་པ་མི་གསལ། རེས་དྲན་པ་འཚུབས། རེས་མི་དྲན་པ་ཙམ་འོང་།དེའི་དུས་སུ་ནང་རྟགས་སྨྲིག་རྒྱུ་ལྟ་བུ་འམ། ཤེས་པ་དུ་བ་ལྟ་བུ་ལང་ལིང་དང་ཁ་བ་བབས་པ་ལྟ་བུ་དང་། ས་གཞི་ལ་ཁྲག་གིས་ཆག་ཆག་བཏབ་པ་ལྟ་བུ་འབྱུང་། འདོད་ཆགས་དང་ཞེ་སྡང་ལས་གྱུར་པའི་རྟོག་ཚོགས་རྣམས་འགགས། རྣམ་པར་ཤེས་པའི་རླུང་ནམ་མཁའ་ལ་ཐིམ་པས་དབུགས་རྦད་ཀྱི་ཆད་དེ། ཕར་ལ་ཧ་ཞེས་ཕྱིར་ལ་སོང་བ་ཧཱུྃ་ཞེས་ནང་དུ་མ་འདུས་ཏེ། མདའ་གང་ཙམ་དུ་ཕྱིར་རིང་དུ་སོང་། དེ་རྗེས་མདའ་གང་ཙམ་གྱིས་རིང་དུ་སོང་། དེ་རྟིང་མདུང་གང་ཙམ་གྱིས་རིང་དུ་སོང་། ཕྱི་དབུགས་ཕྱི་རུ་ཆད་དེ། ཕྱི་འབྱུང་ཉི་མ་ནུབ་པ་བཞིན་དུ་ཤེས་པ་ནག་ཐིབས་ཀྱིས་སོང་། ཕྱི་དབང་པོ་ཚོགས་དྲུག་གི་རྟོག་པ་འགགས་ཏེ། མིག་གིས་གཟུགས་མི་མཐོང་། རྣ་བས་སྒྲ་མི་ཐོས། སྣས་དྲི་མི་ཚོར། ལྕེས་རོ་མི་མྱོང་། ལུས་ཀྱིས་རེག་བྱ་མི་ཚོར། ཕྱི་ནས་ནད་པ་ཤི་ཟེར་ཡང་ནང་དུ་ཤེས་པ་གསལ་བ་སྲིན་བུ་མེ་ཁྱེར་ལྟ་བུ་ཡོད། འདིའི་དུས་སུ་གསལ་གདབ་པའི་དུས་ཡིན། དྭངས་མ་ལྔ་འདུས་ཀྱི་སྐད་ཅིག་མ་རུ་བཞེད་པར་གདའ། དེ་ནས་ནང་དབུགས་ནང་དུ་ཆད་དེ། ནང་འབྱུང་མུན་སྲོད་པ་ལྟ་བུར་སོང་༑ མུན་པའི་གཡང་ལ་བསྐྱུར་བའི་སྣང་བ་འབྱུང་སྟེ། གཏི་མུག་ལས་གྱུར་པའི་རྟོག་པ་འགགས། ནང་ཡིད་ཀྱི་འགྱུ་བ་འགགས་ནས་རིག་པ་གཞི་ཐོག་ཏུ་ཞག་བཞི་ལྔ་ཙམ་བརྒྱལ་ཏེ། འདིའི་དུས་སུ་གདམས་པ་ཟབ་མོ་ལ་རང་བྱན་ཚུད་པ་རྣམས་ཀྱིས༑ མ་ཆོས་ཉིད་འོད་གསལ་གྱི་དཀྱིལ་འཁོར་ལ། བུ་རིག་པ་ཡེ་ཤེས་ཀྱི་རང་ངོ་ཤེས་ནས་མ་བུ་དབྱེར་མེད་དུ་འདྲེས་ནས་སངས་རྒྱས་པའི་དུས་སུ་བཞེད་པར་གདའ་འོ། །དེ་ནས་དྲན་པའི་ཤེས་པ་གཅིག་སད་ཙམ་ན། འོད་གསལ་གྱི་སྣང་བ་ནུབ་ནས་སྔར་གྱི་བག་ཆགས་ཀྱི་འཁྲུལ་པ་ལངས་ཏེ། བར་དོ་ཡིད་ཀྱི་ལུས་ཅན་རྫུས་སྐྱེས་སུ་ཀྲོང་གིས་འབྱུང་ངོ་། །སྔོན་གྱི་བག་ཆགས་ཀྱི་དབང་གིས་ཉེ་འབྲེལ་རྣམས་ཀྱི་དྲུང་དུ་ཕྱིན་ཅིང་༑ ཁོང་རྣམས་ཀྱིས་ངུ་སྐད་བྱེད་པ་མཐོང་ནས། ཁྱེད་རྣམས་མ་ངུ་དང་ཅི་ལ་ངུ་།ང་འདིར་ཡོད་བྱས་ཀྱང་ཁོང་རྣམས་ཀྱི་མིག་སྔོན་དུ་མ་བྱུང་། གཟུགས་ནི་མ་མཐོང་།སྐད་ནི་མ་ཐོས། ད་རུང་ངུ་རུང་རུང་བྱས་པས། ད་འོང་ཤི་བ་ཡིན་ནམ་བསམ་སྟེ།དེའི་དུས་སུ་ཤེས་པ་བདུན་འགྱུར་གྱི་གསལ་པ་ཡོད་པས། ཆུ་དང་མེ་ལོང་གི་རྩར་ཕྱིན་ནས་བལྟས་པས་རང་གི་གཟུགས་བརྙན་ཤར་རྒྱུ་མ་བྱུང་ནས། ད་ང་ཤི་བ་ཡིན་པར་འདུག་སྙམ་པ་བྱུང་བས་སྡུག་བསྔལ་དྲག་པོ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུ་འབྱུང་ངོ་༑ ༑ གདམས་པ་དང་ལྡན་པ་རྣམས་ཀྱིས་འཕྲང་གསུམ་པ་འདི་ནས་སྒྱུ་མ་ལྟ་བུའི་འཁོར་བ་ལ་རུ་ལོག་པར་བྱེད་དོ། །འཁྲུལ་པ་ཅན་རྣམས་ནི་མངལ་སྒོའི་གྲོང་ཁྱེར་ལ་ཞུགས་པའི་དུས་སོ། །དེ་ཡང་རྒྱུད་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན།།དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་ཀྱིས་སྤྱོད། །ཅེས་གསུངས་ཏེ། ལུས་ནི་སྔ་མའི་གཟུགས་ལྟར་དབང་པོ་སྐྱེ་མཆེད་ཐམས་ཅད་གསལ་བ་གཅིག་ཏུ་འཆར་ཏེ། རི་དང་ཁང་ཁྱིམ་བྲག་དང་ཆུ་ལ་སོགས་པ་ཐམས་ཅ ད་ལ་ཐོག་རྡུག་མེད་པ་རྣམ་ཤེས་འཁྱམས་པ་དེ་དཔེ་མེ་ལྟར་ཕྱོགས་ཀུན་ཏུ་ཡུག་སྟེ། མའི་མངལ་དང་རྡོ་རྗེ་གདན་མ་གཏོགས་པ་གང་ལའང་ཐོག་རྡུག་མེད་པ། ཕྱོགས་ཀུན་ཏུ་ལུས་ཚོལ་དུ་འགྲོ་བ་ལང་ལང་དུ་རྒྱུག་སྟེ། སྐྱེས་བུའི་ལག་པ་བརྐྱང་བསྐུམ་ཙམ་ལ།སྟོང་གསུམ་ཐམས་ཅད་བསྐོར་ནུས་པ་དེ་ཡེ་ཤེས་ཀྱི་རྫུ་འཕྲུལ་ནི་མ་ཡིན་ཏེ། དེ་ཡང་ལས་གང་གཙོ་ཆེར་བསགས་པའི་རྗེས་ཕྱིར་འབྲངས་ཏེ། དེ་ཡང་རྫོགས་ལྡན་མུན་པ་ནག་པོའི་རྒྱལ་ཁམས་ཞེས་པ། ཉི་ཟླའི་སྣང་བ་མེད་པ་མུན་པ་ཁོར་ཡུག་ཏུ་གནས་པ་དེར། གནམ་ལྕགས་འོད་ཀྱི་ལམ་ལྔ་ཞེས་བྱ་བ་འོད་ཧད་ཧོད་ཕྱོགས་རེས་སྣ་ཁྲིད་ནས་འོང་སྟེ། རྒྱུ་ང་རྒྱལ་གྱི་དབང་གིས་དགེ་བཅུ་གཙོ་ཆེར་བསགས་པ་རྣམས་ནི་འོད་དཀར་པོ་ཧད་ཧོད་ཀྱི་སྣ་ཁྲིད་ནས། ལྷ་ཁང་ངམ། མཆོད་ཁང་གསར་པ་འམ། མེ་ཏོག་གི་ཚལ་ལམ། དེ་འདྲ་རྣམས་སུ་ཕྱིན་པ་སྙམ་བྱེད་ཙ་ན། ལྷའི་གནས་སུ་སྐྱེས་ནས་འོང་ངོ་། །རྒྱུ་ཕྲག་དོག་གི་དབང་གིས་དགེ་བ་བཅུ་གཙོ་ཆེར་བསགས་པ་རྣམས་ནི་འོད་དམར་པོ་ཧད་ཧོད་ཀྱིས་སྣ་ཁྲིད་ནས། བྲག་རི་རྩེ་རྣོན་ཟིང་ཟིང་ངམ། ཚེར་དོང་དུ་ཕྱིན་པ་སྙམ་བྱེད་ཙ་ན། ལྷ་མ་ཡིན་གྱི་གནས་སུ་སྐྱེས་ནས་འོང་ངོ་། །རྒྱུ་འདོད་ཆགས་ལ་བརྟེན་ནས་དགེ་བཅུའི་ལས་གཙོ་ཆེར་བསགས་པ་རྣམས་ནི་འོད་སྔོན་པོ་ཧད་ཧོད་ཀྱིས་སྣ་ཁྲིད་ནས་ཡུལ་གྲོང་ངམ། ཁང་ཁྱིམ་གསར་པའི་ནང་དུ་ཕྱིན་པ་སྙམ་བྱེད་ཙ་ན།མིའི་མངལ་དུ་ཚུད་ནས་འོང་ངོ་། །རྒྱུ་གཏི་མུག་གི་དབང་གིས་མི་དགེ་བ་བཅུའི་ལས་གཙོ་ཆེར་བསགས་པ་རྣམས་ནི་འོད་ལྗང་གུ་ཧད་ཧོད་ཀྱིས་སྣ་ཁྲིད་ནས་ས་ཕུག་གམ།གད་ཕུག་གཏིང་རུམ་དུ་ཕྱིན་པ་སྙམ་བྱེད་ཙ་ན། དུད་འགྲོའི་སྐྱེ་གནས་སུ་སྐྱེས་ནས་འོང་ངོ་། །རྒྱུ་སེར་སྣའི་དབང་གིས་མི་དགེ་བ་བཅུ་གཙོ་ཆེར་བསགས་པ་རྣམས་ནི་འོད་སེར་པོ་ཧད་ཧོད་ཀྱིས་སྣ་ཁྲིད་ནས་ཐང་སྟོང་རྩྭ་མེད་ཆུ་མེད་སྐམ་པོའི་གནས་སུ་ཕྱིན་སྙམ་བྱེད་ཙ་ན། ཡི་དྭགས་ཀྱི་གནས་སུ་སྐྱེས་ནས་འོང་ངོ་། །རྒྱུ་ཞེ་སྡང་གི་དབང་གིས་མི་དགེ་བ་བཅུ་གཙོ་ཆེར་བསགས་པའི་རྣམས་ནི་འོད་དུད་ཁ་ཧད་ཧོད་ཀྱིས་སྣ་ཁྲིད་ནས་རྫ་རོང་ངམ། ཆུ་རོང་ངམ། བྲག་དང་ཆུ་འཐབས་པའི་ས་མཚམས་དེ་འདྲ་ན་ཕྱིན་པ་སྙམ་བྱེད་ཙ་ན། དམྱལ་བའི་གནས་སུ་སྐྱེས་ནས་འོང་ངོ་། །རང་གི་ལས་དང་རྗེས་སུ་མཐུན་པའི་འོད་ཧད་ཧོད་ཕྱོགས་རེས་སྣ་ཁྲིད་ནས་འོང་སྟེ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་ཀྱིས་སྤྱོད་པའོ། །བར་དོའི་དྲི་ཟའི་སེམས་ཅན་དེ་དག་ནི་ཆགས་སེམས་དང་སྲེད་ཞེན་གྱིས་མཚམས་སྦྱར་ནས། མངལ་གྱི་རྒྱར་ཚུད་ནས་ཤ་ཁྲག་གི་གདོས་སུ་འཐུམ་མོ། །འགྲོ་བ་མིའི་ལུས་སུ་སྐྱེ་རྒྱུ་ཡིན་ན་ཕ་མ་གཉིས་འཁྲིགས་པ་སྤྱོད་པ་མཐོང་ནས་ཡོང་སྟེ། དེའི་དུས་སུ་ཆགས་སྡང་གིས་མངལ་དུ་འཇུག་པས་གལ་ཏེ་ཕོར་སྐྱེ་ན་རང་ཉིད་ཕོའི་སྣང་བ་འཆར་ཏེ། ཕོ་ལ་ཞེ་སྡང་དྲག་པོ་སྐྱེ་ཞིང་མོ་ལ་མིག་སེར་དང་ཆགས་པ་སྐྱེ་བའི་སྣང་བ་འོང་ངོ་། །གལ་ཏེ་མོར་སྐྱེ་ན་ནི་རང་ཉིད་མོའི་སྣང་བ་འཆར་སྟེ། མོ་ལ་ཕྲག་དོག་དང་མིག་སེར་དྲག་པོ་སྐྱེ་ཞིང་། ཕོ་ལ་ཆགས་པ་དང་གདུང་བ་དྲག་པོ་སྐྱེ་སྟེ། དེའི་རྐྱེན་བྱས་ནས་ཁའི་ལམ་ནས་ཞུགས་ཏེ། ཐིག་ལེ་དཀར་དམར་འཕྲད་པའི་དུས་སུ། ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་ནས་བདེ་བའི་ཆོས་མཛད་ཀྱི་སྐྱེས་བུ་རྣམས་ལའང་ལམ་ཁྱེར་གྱི་གདམས་པ་ཟབ་མོ་བསྲུང་བྱ་འདུལ་ཁྲིམས་རྣམ་དག་ཡོད་ན་ལྷག་པར་ཡང་མཁོ་བའི་དུས་ཡིན་ནོ། །ངང་དུ་ཤེས་པ་བརྒྱལ་ལོག་གིས་སོང་ནས་མའི་མངལ་དུ་ཚུད་དོ། །སྐབས་འདིར་མི་མོའི་ཁོག་པའི་མེ་སྦར་རོ། །འོད་ནི་འགྲོ་བ་མིའི་ལུས་སུ་སྐྱེ་བའི་དཔེ་ཡིན་ནོ། །གཟུགས་བརྙན་གྱི་ངར་གླུད་འདི་ནི་རང་ཅག་རྣམས་ཀྱི་ལུས་ཀྱི་དཔེ་ཡིན་ནོ། །ནང་འདིར་མར་མེའི་འོད་ཁྱམ་ཙམ་ཞིག་འདུག་པ་འདི་ནི་རྣམ་པར་ཤེས་པའི་དཔེ་ཡིན་ནོ། །མར་ཁུ་ཐིགས་པ་གཅིག་འདུག་པ་འདི་ནི་ཚེའི་ཚད་ཡིན་ནོ། །མིག་གི་ནང་འདི་ན་འོད་ཁྱིམ་ཙམ་ཞིག་འདུག་པ་ནི་གཟུགས་མཐོང་བྱེད་ཀྱི་ཤེས་པ་མཛེས་མི་མཛེས་ཀྱི་འཛིན་པ་དང་བཅས་པ་ཡིན་ནོ། །རྣ་བའི་ནང་འདི་ན་འོད་ཅིག་འདུག་པ་ནི་སྒྲ་ཉན་བྱེད་ཀྱི་ཤེས་པ་སྙན་མི་སྙན་གྱི་འཛིན་པ་དང་བཅས་པ་ཡིན་ནོ། །སྣའི་ནང་འདི་ན་འོད་ཅིག་འདུག་པ་ནི་དྲི་སྣོམ་བྱེད་ཀྱི་ཤེས་པ་ཞིམ་མི་ཞིམ་གྱི་འཛིན་པ་དང་བཅས་པ་ཡིན་ནོ། །ཁའི་ནང་འདི་ན་འོད་ཅིག་འདུག་པ་ནི་རོ་མྱོང་བྱེད་ཀྱི་ཤེས་པ་དངར་མི་དངར་གྱི་འཛིན་པ་དང་བཅས་པ་ཡིན་ནོ། །རང་ཅག་རྣམས་འཆི་བའི་དུས་སུ་ཡང་རྣམ་པར་ཤེས་པ་རླུང་དང་བསྡོངས་ནས། ལུས་ཀྱི་བུ་ག་དགུ་པོ་འདི་དག་གང་རུང་ཞིག་ནས་ཐོན་ཏེ།དེ་ཡང་སྤྱི་བོའི་གཙུག་འདི་ན་བུག་པ་གཅིག་ཡོད་པ་སྟེ། ཚངས་པའི་བུ་མཎྜལ་སྤྱི་བོའི་བུ་གའི་སྟེང་ཕྱོགས་ལ་སྤྱོན་ཅིང་གསལ་བར་བསྟན་ཏོ།། ག་ཞེས་བྱ་བ་འདི་ནས་རིག་པ་རླུང་དང་བསྡོངས་ཏེ་ཐོན་ན་ནི་བླ་ན་མེད་པ་བྱང་ཆུབ་ཏུ་སངས་རྒྱས་པའམ། དེར་མ་གྲུབ་ན་ལྷ་གནས་ཉི་ཤུ་འམ། སུམ་ཅུ་རྩ་གསུམ་ལྷའི་གནས་རྣམས་སུ་སྐྱེ་བའི་སྒོ་ཡིན་པར་འདུག་གོ །མིག་ནས་རྣམ་ཤེས་ཐོན་ན་མིའི་ལུས་སུ་སྐྱེ་བར་འགྱུར་རོ། །རྣ་བ་ནས་ཐོན་ན་ལྷ་མ་ཡིན་གྱི་གནས་སུ་སྐྱེ་བར་འགྱུར་རོ། །སྣ་འམ་ལྟེ་བ་ནས་ཐོན་ན་དུད་འགྲོའི་གནས་སུ་སྐྱེ་བར་འགྱུར་རོ། །ཁ་ནས་ཐོན་ན་ཡི་དྭགས་ཀྱི་གནས་སུ་སྐྱེ་བར་འགྱུར་རོ། །བུག་པ་ཐུར་བསྟན་པ་འོག་གི་སྒོ་ནས་སྡུག་བསྔལ་དམྱལ་བའི་གནས་སུ་སྐྱེ་བའི་སྒོ་ཡིན་པར་འདུག་གོ །དེ་རྣམས་ནི་འབྱུང་འཇུག་གནས་པའི་རྣམ་པར་བཤད་པའོ། ། ཡང་འདི་ཉིད་ལས་མཉམ་བཞག་སྒོམ་པའི་དཔེ་ཡང་བསྟན་ཏེ། རང་ཉིད་མཉམ་པར་བཞག་པའི་ཚེ་ན་འདི་བཞིན་དུ་ཞོག་ཅིག །སྒོ་ལྔའི་རྟེན་མེད་ཁམ་སའི་ངར་གླུད་འདི་བཞིན་དུ་ཞོག་ཅིག །གསལ་བྱ་ཡོད་ཀྱང་འཛིན་པ་མེད་པ་འདི་ལྟ་བུར་ཞོག་ཅིག།།ལུས་ཙོག་པུ་འགུལ་མེད་དུ་ཞོག་ཅིག།།སེམས་གསལ་སྟོང་འཛིན་མེད་དུ་ཞོག་ཅིག།།ལུས་ཡོད་གཅེས་འཛིན་མེད་པར་ཞོག་ཅིག།།སེམས་ཡོད་གཟུང་འཛིན་མེད་པར་ཞོག་ཅིག །ཅི་འདྲ་ན་འདི་འདྲ་བར་ཞོག་ཅིག།།འདི་ནི་བརྡ་ཆོས་ཟབ་མོའི་སྒོ་ནས་མཉམ་བཞག་གི་དགོངས་པ་ལ་ངོ་སྤྲད་པར་བྱ་སྟེ། དབང་པོ་ལ་རྣོ་རྟུལ་མེད་པར་གོ་བའི་བརྡ་ཆོས་ཟབ་མོའོ། །གཞན་དུ་ཚིག་གི་ལོ་མས་དོན་གྱི་སྡོང་པོ་སྒྲིབ་པར་བྱེད་དོ། ། ཡང་འདི་ཉིད་ལས་སྦྱངས་བ་དོན་མེད་ཨ་མ་མདོ་ལེ་མའི་གཏམ་རྒྱུད་ལས་དྲངས་ནས་འཆད་དེ། འདིའི་མིང་ནི་ཨ་མ་མདོ་ལེ་མ་ཞེས་བྱ་བ་ཡིན་ཏེ། འདི་ནི་ཧོར་གྱི་ཡུལ་ན་རྒྱལ་པོ་ཞིག་གི་བཙུན་མོ་ཡིན་པར་འདུག་སྟེ། དེ་ཡང་འཇིག་རྟེན་གྱི་བློ་རྒྱ་ཆེ་བ། དད་པ་ཆུང་ལ་བློ་སྣ་རིང་བ། ཆོས་ལ་མི་མོས་པ། འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ལ་ཤིན་ཏུ་བློ་སྦྱོང་བ་ཞིག་ཡོད་ལ། གཞན་ཡང་རྒྱལ་པོ་དེ་ནི་དཔོན་མོ་མདོ་ལེ་མས་ཐོག་དྲངས་པའི་བཙུན་མོ་མང་དུ་ཡོད་ཀྱང་།བུ་དང་བུ་མོ་ལ་སོགས་པ་ནི་མེད། དེ་ཡང་དུས་ལན་གཅིག་གི་ཚེ་ན་རྒྱལ་པོ་དེ་འདས་པར་གྱུར་ཏེ། རྒྱལ་ས་དཔོན་མོ་མདོ་ལེ་མས་བཟུང་ནས་འཇིག་རྟེན་ཁེ་གྲགས་ཀྱི་བྱ་བཞག་རྣམས་ནི་དཔོན་པོ་དེ་ཡོད་དུས་བས་ལྷག་པར་བྱུང་ཡོད་པར་གདའོ། །ལ་ལས་དཔོན་མོ་ཟེར། ལ་ལས་ཨ་མ་ཟེར། ལ་ལས་མ་གཅིག་ཟེར། འོ་སྐོལ་གྱི་དཔོན་མོ་འདི་ལྟ་བུ་ནི་ག་ན་སྲིད་ཅེས་སྲིད་སྡེ་རྣམས་ཀྱིས་བསྟོད་པ་ལས། མོས་ཁྲམས་ཀྱི་ཕྱེ་གཏོར་འགམ་ཞིང་རང་མཐོང་ཇེ་ཆེར་སོང་སྟེ། ཁེ་གྲགས་ཀྱི་བྱ་བ་ལ་དོན་མེད་པ་ནི་མ་གོ །ཀུན་རྫོབ་སྒྱུ་མའི་རང་མཚང་མ་རིག །ཚེ་མི་རྟག་ནམ་ཤི་ངེས་མེད་ནི་མ་གོ་བས་འཇིག་རྟེན་འཁྲུལ་བའི་ལས་ལ་ཨ་འཐས་ཏེ་མགོན་པོ་བྱམས་པའི་བསྟན་པ་མ་ཤར་གྱི་བར་དུ་སྡོད་པའི་ཆས་བྱེད་དེ། ཕོ་བྲང་ཁང་ཁྱིམ་རྣམས་ཀྱི་རྩིག་པ་ཡང་བཤིག་ཅིང་༑ སླར་རྩིག་རྨིང་ཆེ་རུ་བསྐྱེད། ཟས་ནོར་གྱི་དཀོར་མཛོད་ཀ་ཆ་མང་པོ་བསགས།ཕོ་བྲང་གི་རྩིག་པ་འགྱེལ་འོང་། བསགས་པའི་ནོར་རྫས་ཟད་འོང་སྙམ་པ་མ་གཏོགས་པ༑ སྒྱུ་ལུས་ཀྱི་ཕུང་པོ་ཞིག་འོང་བ་དང་ལོང་མེད་ལ་མི་ཚེ་ཟད་འོང་སྙམ་པ་མེད་དེ།དགྲའི་ཡུལ་དུ་དམག་འདྲེན། རང་གི་ཡུལ་དུ་ནི་མཁར་བརྩིགས། སྐུ་མཁར་དགུ་ཐོག་ཅིག་ཡོད་ཀྱང་ད་རུང་ལེགས་ཉེས་དང་མཐོ་ཉེན་ཁ་གསོ། ལྕགས་རི་དགུ་རིམ་ཡོད་ཀྱང་ད་རུང་ཡང་བཙན་ཉེན་དང་དམ་ཉེན་འོབས་ཀྱིས་ནི་བསྐོར་ཏེ། ལྕགས་རི་བཙན་པ་དང་སྐུ་མཁར་མཐོ་བས་ཆོག་སྙམ་ནས། གནམ་བརྡིབ་ཀྱང་མགོ་ཅེ་རེ་ཡོད་སྙམ་པ་ལས། འཆི་བདག་བདུད་ཀྱི་ཁང་པ་ལྕགས་རི་དགུ་རིམ་དང་སྐུ་མཁར་དགུ་ཐོག་གིས་ཀྱང་ཕན་པ་མེད་པ་ནི་མ་གོ བསགས་པའི་ནོར་རྫས་ལ། ལུང་པ་ལ་ལའི་ནང་དུ་ནི་མོའི་རྟ་ཁྱུ་ཡོད། ལུང་པ་ལ་ལའི་ནང་དུ་ཕྱུགས་ཁྱུ་ཡོད། ལ་ལའི་ནང་དུ་ནི་ལུག་ཁྱུ་ཡོད། དེ་ལ་སོགས་པའི་ནོར་རྫས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་ད་རུང་ཡང་འདོད་པའི་ར་བ་སྐྱ་མོ་དེ་མ་གང་བས། ཉུང་སྙམ་པ་མ་གཏོགས་པ་མང་སྙམས་པ་ནི་མེད། ད་རུང་གཞན་གྱི་ནོར་རྫས་གང་མཐོང་ཐམས་ཅད་ལ་ནི་འདི་དང་ངས་ཐོབ་པ་ཞིག་བྱ་དགོས་སྙམ་ནས་མོའི་དམིགས་པའི་གཏིང་དུ་བཅུག་སྟེ། འདོད་པས་ཚོང་པ་དང་། ཁྲལ་སྡུད་པ་དང་། རྐུ་འཕྲོག་སློང་གསུམ་ལ་སོགས་པ་ངན་ཐབས་རྣམ་པ་སྣ་ཚོགས་བྱེད་པའོ། །རང་ཉིད་དཔོན་དུ་གྱུར་ཀྱང་ད་རུང་དེ་ལས་མཐོ་བར་འདོད། གཞན་དག་འོག་ཏུ་ཚུད་ཀྱང་ད་རུང་དེ་ལས་གུས་པར་འདོད་དེ། སྲིད་འཁོར་རྣམས་ལ་བྱ་བྱེད་དུ་མ་ཙམ་རེའི་ལེགས་ཉེས་ཚོ་ལ་ཡང་། ཁྲིམས་ལ་གཏུགས་པ་ཡིན། རྐེ་བྲག་པ་དང་མིག་དྲང་བ་ལ་སོགས་པ་བྱེད་པའོ། །གང་བསགས་དཔག་ཚད་ནོར་གྱིས་གང་ཡང་ཁོང་སེར་སྣའི་ཤི་སྤར་འཐབས་པ་ལས་ཆོས་ཕྱོགས་སུ་སྦྱིན་པ་ནི་སྣ་རེ་ཙམ་ཡང་མི་བཏང་།གཞན་མ་ན་རྒས་འཆི་བའི་སྡུག་བསྔལ་མཐོང་ཡང་ཁོང་དེ་ཙུག་ཏུ་འདུག་སྙམ་པ་ལས།རང་ལ་དེ་འདྲ་འོང་བ་ནི་མ་བསམ་སྟེ།འཇིག་རྟེན་འདིའི་དྲན་པ་གསལ་ཀྱང་ཚེ་ཕྱི་མའི་རྣམ་གཞག་ནི་མ་གོ ལྷ་དཀོན་མཆོག་གསུམ་ལ་དད་པའི་སེམས་ནི་མེད་དེ། ཆོས་བྱེད་སེར་མོ་བ་རྣམས་ལ་ཞབས་ཏོག་མི་བྱེད་པའི་སྟེང་དུ་མཐོང་བ་ཙམ་གྱིས་སྙིང་དུ་མི་སྡུག་པར་བལྟའོ། །ཟས་ཚད་ཞིམ་པར་འོང་མི་འོང་བསམ་པ་ལས་ལས་ཀྱི་རྣམ་པར་སྨིན་པ་ལ་ནི་མི་བརྩི་སྟེ། ཟླ་ངོ་རེ་ཙམ་གྱི་ནང་དུ་སྲོག་ཆགས་བྱ་ཕག་གི་མཐའ་བརྟེན་པའི་དུད་འགྲོ་ར་བ་གང་ཙམ་མོའི་ཁ་ནང་དུ་ཧྲུག་ཧྲུག་འགྲོ་ཟེར། མོ་དབང་ཆེ་ཡང་ལྷ་ཆོས་ནི་མི་བྱེད། འབྱོར་བ་ཆེ་ཡང་བླ་མ་ནི་མི་བརྟེན། ལོངས་སྤྱོད་ཆེ་ཡང་ཚོགས་སོགས་ནི་མི་བྱེད། སྦྱངས་པ་དོན་མེད་མ། འཁྲུལ་སྣང་ཨ་འཐས་ཅན། དྲེད་མོ་འཆི་བ་མ་དྲན་པ། ཆོས་མེད་མི་ཚེ་སྟོང་ཟད་མཁན་གྱི་ཨ་མ་མདོ་ལེ་མའོ། །མོས་མི་བདེན་པ་ལ་བདེན་པར་འཛིན། མི་རྟག་པ་ལ་རྟག་ཏུ་རེ། སྡུག་བསྔལ་བ་ལ་བདེ་བར་ཞེན། རང་མགོ་རང་གིས་བསྐོར་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་ཁེ་གྲགས་བརྩི་ཞིང་འཁྲུལ་སྣང་ལ་ཡེངས་བའི་དུས་དེར། ཉིན་མཚན་གཉིས་ཀྱིས་རེས་མོས་བྱས་ཤིང་མོའི་ཚེ་ལ་བརྐུས་ཏེ། ཞག་དང་ཟླ་བ་རིམ་གྱིས་འདས་པས་ལོ་ཧྲིལ་ཧྲིལ་སོང་ངོ་༑ ༑ལོ་གཅིག་སོང་གཉིས་སོང་བས་ཆོས་མེད་མ་མདོ་ལེ་མའི་མི་ཚེ་རིམ་གྱིས་ཟད་དེ།མོའི་ཡིད་ལ་འོང་སྙམ་མེད་པའི་འབྱུང་བ་རྒུད་པའམ། རྒས་པ་ཞེས་པ་དེས་རིམ་གྱིས་འཇབ་ནས་མོའི་གནས་སུ་ཕེབས་ཏེ། དཔྲལ་བ་ཚེས་བརྒྱད་ཀྱི་ཟླ་བ་འདྲ་བ་དེ་ལ་གཉེར་མས་སྐང་ལུང་མང་དུ་དོད། ནག་པོར་སྐྱེས་པའི་སྐྲ་ལོ་དེ་ཤི་སྐྲ་དཀར་པོའི་ཚད་ནི་བརྒྱབས། དུང་སོ་འཁོར་མའི་གྲལ་ཞིག་སྟེ། ལ་ལ་ནི་བུད་ལ་ལ་ནི་དྲལ། དྲང་པོར་སྐྱེས་པའི་ལུས་པོ་ནི་རྒུར། མོ་རང་གི་བསམ་པ་ལ་ལུས་འདི་ལ་ཞིམ་པའི་ཟས་ནི་ཟོས། གོས་ནི་གང་དྲོ་གྱོན། སྤྱོད་པ་ནི་གང་དགའ་བྱས། རྒས་པ་འདི་འདྲ་འོང་མི་ཐོང་བ་ལས། ད་སྔར་དང་མི་འདྲ་ལུས་ལྕི་ཞིང་གོག་དགོས་པ་བྱུང་སྟེ། སེམས་མི་དགའ་ཞིང་བློ་མི་བདེ། དེ་ཡང་འོང་བསམ་མེད་པའི་རྒས་པ་དེ་བདག་ལ་ཡང་བྱུང་བསམ་པ་ཙམ་ལས། ད་རུང་དེའི་རྗེས་ལ་ན་བ་དང་འཆི་བ་ལ་སོགས་པ་རྣམས་འོང་རྒྱུ་ཡིན་བསམ་པ་མེད། སླར་ཡང་འཁྲུལ་སྣང་སྒྱུ་མའི་ཆོས་ལ་མངོན་ཞེན་སྤྱོད་ཅིང་ཡོད་པའི་དུས་སུ། རྒས་པའི་རྗེས་ལ་འོང་བསམ་པ་མེད་པའི་ན་བ་དེ་ཡང་གློ་བུར་གྱི་ཚུལ་དུ་འབྱུང་བཞི་འདུས་པའི་སྒྱུ་ལུས་ཀྱི་སྟེང་དུ་བབས་ཏེ། སྟོད་ལ་ཚ་བའི་ནད་ཀྱིས་བཏབ། སྨད་ན་གྲང་བའི་ནད་ཀྱིས་བཏབ། བར་ལ་གཟེར་ཐུང་ནད་ཕོག་སྟེ།དང་པོ་ཁར་འོང་བ་ནི་ཆུ་ལས་མེད། དབུགས་ནི་ཁ་སྣ་ནས་མི་ཤོང་། ཨ་ན་ཨ་ཚ་ཧུ་ཆིས་རྒྱུན་མི་ཆད། ཉིན་མཚན་འདས་པའི་དུས་མེད། ཉེ་འབྲེལ་འཁོར་གཡོག་ཀུན་གྱིས་མཐའ་བསྐོར་ཀྱང་མོའི་ལས་ངན་ནད་ལ་བགོ་ནས་མཉམ་པོར་ཁུར་བའི་ཐབས་མེད་དེ༑ ཤིན་ཏུ་སྡུག་བསྔལ་ཞིང་ཉམ་ཐག་པར་གྱུར་ཏོ། །དེ་ཡང་མོའི་བསམ་པ་ལ་ང་ནད་འདིས་བྱ་བཞག་རྣམས་སྟབས་ཆད་དེ། དེ་རིང་འདི་ལྟ་བུའི་བྱེད་འཕྲོ་སང་འདི་ལྟ་བུའི་བྱེད་རྒྱུ། དེ་འདྲ་བ་རྣམས་ཡོད་པ་ལས། ད་ནམ་ནས་འདི་དྲག་འོང་ན། དེ་དུས་དེ་ལྟ་བུ་རྣམས་བསྒྲུབ་པར་བྱའོ། །ཞེས་རྣམ་པར་སེམས་པ་ལས། ད་རུང་མི་རྟག་པ་འཆི་བ་ཞེས་པ་ནི་འོང་བསམ་དང་དེ་དུས་ཕན་པ་ཆོས་ཡིན་བསམ་པ་ལ་སོགས་ནི་ཀླད་པའི་ཕྱི་རྒྱབ་ལ་ཡང་མེད་དོ། །མོ་ལ་དབང་ནི་ཡོད།འབྱོར་པ་ནི་ཆེ་བས། སྨན་པའི་ཚོགས་རྣམས་ནི་བསགས། མོ་དང་། རྩིས་དང་། རྟེན་འབྲེལ་མཁན་པོ་དང་། རིམ་གྲོའི་ཚོགས་རྣམས་བསགས་ཏེ། དྲང་སྲོང་ལ་བརྟེན་ནས་སྨན་དཔྱད། འཕགས་པ་ལ་བརྟེན་ནས་རིམ་གྲོ་བྱས་ཏེ། ཅི་ལྟར་བྱས་ཀྱང་ཡར་སྐྱེད་མེད་དེ། མོ་ལ་ནི་བརྒྱབས་པ་བཞིན་དུ་སོང་སྟེ། རྩིས་མཁན་རྣམས་ཀྱིས་ན་རེ།རྩིས་ལུང་ངན་ཏེ། ན་ས་ཤི་ས་དུར་ས་གསུམ་ཡོད་དེ། དུར་ས་རུ་སླེབས་ནས་འདུག་གོ །ད་རེས་ཀྱི་ནད་པ་ལ་འདི་རང་མི་ཐར་ལས་ཆེ་ཞེས་ཟེར་རོ། །ཆོ་ག་པ་རྣམས་དང་།རྟེན་འབྲེལ་མཁན་པོས་ན་རེ། ནད་པ་མང་པོའི་སྔས་སུ་ཕྱིན་ཀྱང་ད་རེས་བས་རྟེན་འབྲེལ་ངན་མ་བྱུང་། ནད་པ་འདི་མི་སོས་པ་ཐག་ཆོད་ཟེར་ཏེ་སོ་སོར་གྱིས་སོ། །ལྷ་རྗེ་ཀུན་གྱིས་ན་རེ། སྨན་ལ་ད་རེས་ངོ་སོ་མ་བྱུང་སྟེ། ཅི་ཙམ་ཅིག་བཏང་ཀྱང་མ་ཐུབ་པར་འདུག ངེད་ཀྱིས་བྱ་རྒྱུ་མེད་ཟེར་ཏེ་སྨན་པ་རྣམས་ཀྱིས་ཀྱང་བོར། ད་རེས་སྤྱང་མོ་མདོ་ལེ་མ། གྲུང་མོ་རང་མགོ་འཁོར་བའི་ཨ་མ་མདོ་ལེ་མའི་བསམ་པ་ལ། ག་རེ་འོང་བསམ་མེད་པའི་རྒས་པ་འདི་བྱུང་བ་ཡིན་ཀྱང་། ན་བ་འདི་འོང་མི་ཐོང་བ་ལ།ད་རེས་འདི་ལྟ་བུའི་ནད་ཀྱིས་ཐེབས། དབང་ནི་ཆེ། ནོར་རྫས་ནི་མང་། ཉེ་འབྲེལ་དང་འཁོར་གཡོག་འདི་ཙམ་ཡོད་ཀྱང་། ངའི་ནད་འདི་ལ་ཕན་ཐབས་ཙམ་ཞིག་མ་བྱུང་ན། ད་རེས་ཀྱི་ལུས་འདི་ཡང་སྔར་དང་མི་འདྲ་བར་སོང་འདུག བྱ་བའི་ཐབས་ཐམས་ཅད་ཀྱང་རྡུགས། ད་མི་རྟག་པ་འོང་བསམ་མ་བྱས་པ་ཡིན་པ་ལས་འོང་འདོད་པ་འདྲ་ན། ད་ཨ་ཙ་མ་ང་རེ་འཇིགས་བསམ་པའི་འཇིགས་སྐྲག་གི་སྡུག་བསྔལ་ནི་གནམ་བརྡིབས་པ་ཙམ་སྙིང་གས་ལ་ཐུག་པ་ཙམ་དུ་སྐྱེས་སོ། །བསམ་བརླག་བློ་རིང་མ་མོས་བསམ་བློ་མང་པོ་དེ་ད་གཟོད་སྐྱེས་ཏེ། ད་ག་རེ་བསགས་པའི་ནོར་རྫས་འདི་རྣམས་ལ་ཅི་ཙམ་པའི་དཀའ་བླས་ཅིག་བྱས་པ་ཡིན་པས་ཟད་ཀྱིས་དོགས་པ་ལས་ལུས་ཡོད་བསམ་པ་མེད་པ་ལ། ད་སྤྱོད་དབང་མེད་པར་ཤུལ་དུ་ལུས་འདོད་པ་འདྲ་ན། བསགས་པ་ལ་དོན་མགོ་མི་འོང་འདོད་པ་འདྲ་ན། ཡུལ་དང་ཕོ་བྲང་འདི་རྣམས་ལ་ཅི་ཙམ་པའི་དཀའ་ལས་བྱས་པ་ཡིན་པ་ལ། སྡོད་དབང་མི་ཐོབ་པ་འདྲ་ན། གཉེན་དང་སྲིད་འཁོར་འདི་རྣམས་ལ། ཅི་འདྲ་བའི་སྐྱོང་བྲན་ཅིག་བྱས་པ་ཡིན་པ་ལ། ད་འགྲོགས་དབང་མེད་པར་བྲལ་འདོད་པ་འདྲ་ན། ད་འཇིག་རྟེན་འདི་ནས་ཕ་རོལ་དུ་འགྲོ་བའི་དུས་སུ། ཆོས་དང་བླ་མ་ཞིག་ཡོད་ན་ཕན་ཟེར་ཏེ། དེ་བརྟེན་ན་བསྟེན་དབང་ཞིག་ཡོད་པ་ཡིན་པ་ལ། སྐལ་མེད་ལས་ཟད་མ་བདག་གིས་མ་བརྟེན་ན།དེ་འདྲ་དང་ནི་འདྲིས་བཤེས་མེད་ན། རྒྱུ་བསོད་ནམས་ཀྱི་ཚོགས་ཨ་མ་དེ་བསགས་ན་རྒྱུ་ཅིག་ཡོད་པ་ཡིན་ཏེ། དེ་ཡང་བདག་གིས་མ་བགྱིས་ན། མི་དགེ་སྡིག་པའི་ལས་ཀྱི་རྣམ་སྨིན་ཨ་མ་དེ། ད་ངའི་སྟེང་དུ་སྨིན་པ་ཅིག་འོང་རྒྱུ་ཡིན་ན།ཆོས་མེད་སྡིག་རྒྱལ་མ་ངས་བསམ་གྱིས་མི་ཁྱབ་པ་ཞིག་འོང་ན། ད་ཆ་མེད་ཡུལ་དུ་རྒྱུས་མེད་འགྲོ་ཙ་ན། ཆོས་མེད་མགོ་འཐམས་མ་ངས་ཇི་ལྟར་བགྱི་ན། མུན་ནག་གི་ཡུལ་ལ་དམུན་ལོང་འགྲོ་ཙ་ན། ཆོས་མེད་གཏི་མུག་ཅན་ངས་ཇི་ལྟར་བྱེད་ན། འདྲིས་མེད་ཀྱི་ཡུལ་དུ་བཤེས་མེད་འགྲོ་དགོས་པ་འདྲ་ན། སྐྱབས་མེད་མགོན་མེད་མ་ངས་ཇི་ལྟར་བགྱི། རྒྱགས་མེད་ཀྱི་ཡུལ་དུ་ཁ་སྟོང་འགྲོ་དགོས་པ་འདྲ་ན། བསོད་ནམས་མ་བསགས་པ་ངས་ཅི་ཚུག་བྱེད་ན་བསམ་པ་ན་འགྱོད་པ་དྲག་པོ་བདས་ཀྱིས་མི་སླེབ་པ།གཡུ་མདོག་རྒྱ་མཚོ་ལ་ལྷུང་བ་ལྟ་བུའི་སྡུག་བསྔལ་དེའི་དུས་སུ་སྐྱེས་ཏེ། ཆོས་མེད་པའི་འགྱོད་སེམས་དེ་ཅུང་ཟད་ཕྱིས་པ་འདྲའོ། །དེའི་དུས་སུ་མལ་གྱི་ཐ་མ་ལ་ནི་ཉལ། གཏམ་གྱི་ཐ་མ་ནི་སྨྲ་སྟེ། ཕན་པའི་ཐབས་ནི་ཅི་ཡང་མེད་དེ། ལུས་ཀྱི་ཟུངས་ཟད་སྨན་པ་རྣམས་ཀྱིས་བོར། བྱ་ཐབས་མེད་ཀྱང་ཉེ་འབྲེལ་རྣམས་ཀྱིས་བསྐོར། ཕན་པའི་ཁ་སྤྱད་སྣ་ཚོགས་སྨྲས། ལ་ལས་ནི་ཨ་མ་ཟེར།ལ་ལས་ནི་ཨ་རྗེ་ཟེར། མོ་ནི་འབྱུང་བ་རྣམས་རིམ་གྱིས་ཐིམ་སྟེ། འཇིག་རྟེན་ཕྱི་མའི་གནས་སུ་འགྲོ་བར་ཉེ་སྟེ། ཤེས་པ་མྱོག་མྱོག་ཐམ་ཐམས་སུ་སོང་སྟེ། ཡང་ཁོང་རྣམས་ཀྱིས་མོའི་མིང་ནས་འབོད་ཅིང་། ངེད་ཚོ་ལ་ལྟོས་དང་། ངེད་ཚོ་བོར་ཕོད་པ་ཨེ་ཡིན།ངེད་ཚོ་བོར་ནས་ཁྱོད་འགྲོ་བ་ཨེ་ཡིན་ཅེས་ཟེར་ཞིང་། སྨྲེ་སྔགས་དང་སྐད་ངན་དྲག་པོ་བཏོན་པས། ཡང་དབུགས་ཆད་པར་མ་ནུས་ཏེ། མིག་སྐྱ་ལོག་གིས་ཁོང་རྣམས་ཀྱི་གདོང་ལ་བལྟས་པས་སྡུག་བསྔལ་ཤིན་ཏུ་བཟོད་པར་དཀའ་བ་ཙམ་དུ་སྐྱེས་སོ། །ཡང་འབྱུང་བའི་ཟུངས་ཟད་པས། ཚུགས་མ་ཐུབ་སྟེ། ཤེས་པ་ཐམ་ཐམ་སོང་བ་དང་།ཡང་ཁོང་རྣམས་ཀྱིས་སྐད་ངན་དྲག་པོ་དུག་མདའ་ལྟ་བུ་བཏང་བས། མོའི་སྙིང་དུ་གཟེར་ལྷང་གིས་བྱུང་ནས་ད་རུང་དབུགས་ཆད་ལ་མ་སྟེར་ཏེ། ཆགས་ཞེན་གྱི་དབང་གི་མིག་སྐྱ་ལོག་ལོག་ཚུར་བལྟའོ། །དེ་ཙམ་ན་ལས་དང་སྐལ་བར་ལྡན་པའི་ཚེ་སྔ་མ་ནས་སྨོན་ལམ་རྣམ་པར་དག་པ་བཏབ་པ་ཞིག་ཡིན་ན་ནི། ཚེ་འདི་ལ་ལྷ་ཆོས་མ་བྱས་ཀྱང་དབུགས་ཆད་ཁར། མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ཞིག སྡིག་ཅན་མོའི་རྩར་སླེབ་སྟེ། མ་བསྒོམ་སངས་རྒྱས་བར་འཕོ་བའི་གདམ་ངག་གི་གནད་བསྟན་ནས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་སྒོ། །ཡི་གེ་ཧིག་གཅིག་ལ་རྟ་བྱས་ཏེ། །མཁའ་སྤྱོད་བདེ་ཆེན་གྱི་གནས་སུ་འཕེན་པར་བྱེད། །ཅེས་གསུངས་ཏེ། དེ་ལྟ་བུ་སྤྱི་བོ་ཚངས་པའི་བུག་ནས་འཐོན་ཏེ། བདེ་ཆེན་གྱི་གནས་སུ་འགྲོ་བ་ཡིན་པར་འདུག་སྟེ། དེ་ལྟ་བུའི་ལས་དང་སྐལ་བ་ནི་མོ་ལ་མི་ལྡན་ཏེ། དེ་ཡང་རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པ་ལ་ཉེ་བ་ན། མོ་ལ་འཁྲུལ་སྣང་འདི་ལྟར་ཤར་ཏེ། དགེ་བའི་རྣམ་པར་རྟོག་པ་ལ།ཨ་འཐས་པའི་མཐུ་ལས་གྲུབ་པ་ནི། ལྷན་ཅིག་སྐྱེས་པའི་ལྷ་ཞེས་བྱ་བ། མི་དཀར་པོ་མདུང་ཤིང་ཙམ། ཆོས་གོས་དཀར་པོ་གྱོན་པ་ཞིག་བྱུང་ནས། འོ་འོ་དཔོན་མོ་མདོ་ལེ་མ། ང་ནི་ཁྱོད་དང་ལྷན་ཅིག་སྐྱེས་པའི་ལྷ་ཞེས་བྱ་བ་དེ་ཡིན། ཁྱོད་ཀྱི་དཀར་པོ་དགེ་བའི་ལས་བྱེད་ཚད། ངས་རྡེའུ་དཀར་པོ་འདྲེན་པ་ཡིན་ནོ༔ རྡེའུ་དཀར་པོ་འདི་མང་ན་ཁྱོད་མཐོ་རིས་བདེ་བའི་གནས། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷའི་གནས་ལ་སོགས་པ་བདེ་བའི་དཔལ་འབྱོར་ལ་ལོངས་སྤྱོད་དུ་བཅུག་པ་ཡིན་ཟེར་ཏེ། མོའི་སེམས་ལ་དེ་དགའ་སྟེ། དེ་འདྲ་བའི་བསོད་ནམས་མ་བསགས་ན་བསམ་ནས་རྡེའུ་དཀར་པོ་མང་ན་དགའ་སྙམ་པའི་སྨོན་པ་སྐོམ་པ་ཆུ་གདུང་བ་ལྟ་བུ་བྱུང་སྟེ། གློ་བུར་དུ་ཉོ་སྐྱི་ཚོལ་གསུམ་བྱེད་ཐབས་ནི་མ་རྙེད་ནས་ཡོད་པར་གདའ་འོ། །མོའི་ཉོན་མོངས་པ་མི་དགེ་བའི་ལས་རྣམ་པར་རྟོག་པ་ངོས་མ་ཟིན་ཏེ། ཨ་འཐས་པ་ལ་བརྟེན་ཏེ།ལྷན་ཅིག་སྐྱེས་པའི་འདྲེ་ཞེས་པ་ནི། མོའི་གཞོགས་གཡོན་ཕྱོགས་ནས། མི་ནག་པོ་བུང་རྐེ་རིང་བ། གཟུགས་ཆེ་ཞིང་ཡན་ལག་རགས་པ། སྐྲ་ནག་པོ་སྤྱི་བོར་བཅིངས་པ༑ མིག་ཤེལ་མིག་ཏུ་ཡོད་པ། ཡ་སོས་མ་མཆུ་གནོན་པ། གོས་ནག་པོ་གྱོན་པ།ལག་ཏུ་མེ་ལོང་དང་ཁྲམ་ཤིང་ཐོགས་པ། ཞགས་པ་ནག་པོ་གཅིག་རྐེད་པ་ལ་ཐོགས་པ་ཞིག་བྱུང་སྟེ། འོ་ང་ནི་ཁྱོད་དང་ལྷན་ཅིག་སྐྱེས་པའི་འདྲེ་ཞེས་བྱ་བ་ཡིན་ནོ། །ཁྱོད་ཀྱི་ལས་མི་དགེ་བའི་སྡིག་པ་བྱས་ཚད། ངས་རྡེའུ་ནག་པོ་འདྲེན་པ་ཡིན་ནོ། །རྡེའུ་ནག་པོར་འདི་མང་བར་བྱུང་ན། ཁྱོད་འདིའི་ནང་ནས་མར་དྲུད་ནས་ངན་སོང་དམྱལ་བའི་གནས་སུ་ཁྲིད་དེ། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཉི་ཚེ་ཉི་འཁོར་གཉིས་དང་བཅོ་བརྒྱད་དུ། བསྐལ་ཆེན་དུ་མའི་ཡུན་དུ་མནར་བར་བྱའོ། །ཅེས་ཟེར་བ་དང་།མོའི་སེམས་ལ་ཨ་བ་རེ་འཇིགས་ན། འདི་ལྟ་བུ་འོང་བ་ནི་མ་ཤེས། དགེ་བ་བསྒྲུབ་ཏུ་ཡོད་ཀྱང་ངས་མ་བསྒྲུབས། སྡིག་པ་སྤང་དུ་ཡོད་ཀྱང་ངས་མ་སྤང་ངོ་། །རྡེའུ་ནག་པོ་དེ་ཉུང་ན་དགའ་སྟེ། མང་དགོས་ཡོད་བསམ་ཞིང་འགྱོད་དེ། གློ་བུར་བོར་བ་ནི་མི་ནུས་སོ། །དེར་ལྷན་ཅིག་སྐྱེས་པའི་ལྷ་དེས་ན་རེ། ངས་སྟོང་གསུམ་གྱི་ཁམས་ཀུན་ཏུ་བལྟས་ནས༑ ཁྱོད་ཀྱི་དཀར་པོ་དགེ་བའི་ལས་བྱས་ཚད་ཐམས་ཅད་བསྒྲངས་ནས། རྡེའུ་དཀར་པོ་ནི་འདི་ལས་མ་བྱུང་ཟེར་ཏེ། རྡེའུ་དཀར་པོ་ཆུང་ཆུང་དེ་ལ་གསུམ་བཞི་ཅིག་བས་མ་མཐོང་ངོ་ཟེར། དེ་ནས་ལྷན་ཅིག་སྐྱེས་པའི་འདྲེ་དེས་ན་རེ། དཔོན་མོ་མདོ་ལེ་མ་དེའི་ཁྱོད་ཀྱི་མི་དགེ་བའི་སྡིག་པ་བྱས་ཚད་དེ། ངས་ཕྱོགས་གཅིག་ཏུ་བསྒྲངས་པས༑ རྡེའུ་ནག་པོ་ནི་འདི་ཙམ་ཞིག་བྱུང་ངོ་ཞེས་ཟེར་ཏེ། མདུན་དེར་ཚུར་ལ་རྫ་རི་ཉིལ་བ་ཙམ་དུ་ནག་ཉིལ་གྱིས་བྱུང་ནས་ཡོད་པར་གདའ་འོ། །དེར་མོ་ཤིན་ཏུ་བྲེད་ནས།ངས་དེ་ཙམ་གྱི་སྡིག་པ་མ་བྱས་ཟེར་ནས། རྫུན་བཏང་བས། ཁོས་ན་རེ། ངས་ལས་ཀྱིས་མེ་ལོང་ལ་དྲིའོ་ཟེར་ཏེ། ལས་ཀྱི་མེ་ལོང་སྟོང་གསུམ་སྲིད་གསུམ་གསལ་བ་ཙམ་ཞིག་མོའི་མདུན་དུ་ཕྱར་བར་བྱས་པ་དང་། མོའི་སྡིག་པ་བྱེད་ཚུལ་དང་བཅས་པ་དེའི་ནང་དུ་གསལ་གྱིས་བྱུང་སྟེ། རྫུན་བཏང་བས་ཀྱང་མ་ཐུབ་སྟེ། ཞགས་པ་ནག་པོ་དེས་མོའི་རྐེ་ལ་བཏགས་ཏེ། མདུན་དེ་ན་དོང་གྲུ་གསུམ་པ་ནག་ཝང་ངེ་འདུག་པ་དེའི་ནང་ནས་མར་དྲུད་པའི་སྣང་བ་བྱུང་བ་དང་། སྐད་ཅིག་དེ་ཉིད་ལ་འཇིག་རྟེན་འདིའི་སྣང་བ་ཐམས་ཅད་ནག་ཐིབ་ཀྱིས་ནུབ་བོ། །མི་ལུས་ཐོབ་ནས་ཆོས་མེད་པ། གསེར་གླིང་དུ་ཕྱིན་ནས་སྟོང་ལོག་བྱས། འཇངས་མ་ལག་སྟོང་སྤྱང་མོ་མདོ་ལེ་མ། ཨ་མ་མདོ་ལེ་མའི་རྣམ་ཐར་དེ་འདྲ་ལ་བསམས་ལ། བླ་མ་ལ་གསོལ་བ་དུང་དུང་བ་ཅིག་གདབ་པར་ཞུ། འདིར་གསོལ་འདེབས་སྐྱོ་ཤས་མ་གཅིག་ཁྱེར་བ་ལགས། བླ་མ་དམ་པ་དག་གིས་ཡང་ཡང་བསྐུལ་བ་ལ་བརྟེན་ཏེ། གོང་མའི་རྗེ་འཇུག་རྣམ་རྒྱལ་བཟང་པོས་བྲིན་རིས་བྲིས་ནས་བཀོད་པའོ། ། དགེའོ།། །།