ཁམ་པ་ལུང་པ་
བྱ་ཡུལ་གྱི་སློབ་དཔོན་ཟེམ་རིན་པོ་ཆེའི་སློབ་མ་ཡིན། འཕན་ཡུལ་ཉན་པོའི་ཀ་ཀ་གསག་ཡབ་དབས་རྣལ་འབྱོར་མགོན་པོ་དང༌། ཡུམ་ཞང་ལྕམ་དཀར་ཡལ་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ཆུ་འབྲུག(༡༢༣༢)ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་པར་ཟེམ་རིན་པོ་ཆེ་བྱ་ཡུལ་དུ་བཞུགས་པའི་སར་བྱོན་ནས་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་མཚན་རིན་ཆེན་སེང་གེ་ཞེས་གསོལ། ལོ་བདུན་གྱི་རིང་ཟེམ་རིན་པོ་ཆེའི་ཉེ་གནས་སུ་བཞུགས་ཏེ་ཚོགས་ཆོས་རྣམས་ཆ་ཚང་བར་གསན། དགུང་ལོ་བཅུ་དགུ་པ་ལ་སྐྱོར་མོ་ལུང་དུ་ཕེབས་ནས་དགེ་སློང་གི་སྡོམ་པ་བཞེས། ཟེམ་རིན་པོ་ཆེ་མྱ་ངན་ལས་འདས་རྗེས་དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་བྱ་ཡུལ་གྱི་གདན་སར་ཕེབས་ནས་དབུ་རྩེ་ཁྱམས་དང་བཅས་པ་ལ་ཟངས་ཐོག་དང་མཆོད་རྟེན་ཆེན་མོ་བཞེངས། སྒྲུབ་གྲྭ་ཟུར་འཛུགས་གནང༌། གཞན་ཡང་སྐུ་རྟེན་དང༌། ཐང་ཀ་བཀའ་འགྱུར། མདོ་མང་ལ་སོགས་པའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་བཞེངས། ལྷོ་ཁ་དང༌། ཉང་པོ། རྐོང་པོ། གཙང་སོགས་གནས་མང་པོར་བྱོན་ཏེ་རང་རང་རེ་འདུན་དང་འཚམས་པའི་ཆོས་གསུངས་ཤིང༌། གཙོ་བོར་གདན་ས་བྱ་ཡུལ་རང་དུ་ལོ་ངོ་ཉི་ཤུ་རྩ་དྲུག་རིང་སློབ་མ་སྐྱོང་བར་མཛད། གཤེགས་ལོའི་སྐོར་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《བཀའ་གདམས་ཆོས་འབྱུང》འབྲས་སྤུངས་ཕོ་བྲང་གི་དཔར་མའི་ཤོག་གྲངས༡༩༤ལས། དགུང་ལོ་དྲུག་ཅུ་རྩ་དྲུག་པ་མེ་འབྲུག་ལོར་གཤེགས་པར་གསུངས་པ་ལྟར་ན་དགུང་རྟགས་ལྕགས་ཕག་ཡིན་དགོས་ཀྱང་གོང་དུ་འཁྲུངས་ལོ་ཆུ་འབྲུག་ཡིན་པར་གསུངས་པས་གཤེགས་ལོ་དང་དགུང་གྲངས་གཉིས་གང་རུང་ཞིག་ནོར་བ་ཡིན་ངེས་སྙམ་སྟེ《དེབ་སྔོན》ལྕགས་དཔར་མའི་སྟོད་ཆའི་ཤོག་གྲངས༣༦༦པར་གསལ་བའི་དགེ་བའི་བཤེས་གཉེན་ཁམ་པ་ལུང་པའི་རྣམ་ཐར་གྱི་མཇུག་ཏུ། རང་ལོ་ཉེར་ལྔ་པ་མེ་འབྲུག(༡༢༥༦)ལོར་ཟེམ་རིན་པོ་ཆེ་གཤེགས་ནས་ལོ་དེ་ཉིད་ལ་གདན་སར་བྱོན། མེ་འབྲུག་དེ་ནས་ཆུ་ཕོ་རྟའི་བར་ལོ་ཉི་ཤུ་རྩ་བདུན་གདན་ས་མཛད་དེ་ཆུ་རྟ(༡༢༨༢)དེ་ལ་གཤེགས་ཞེས་གསལ་བས་དགུང་ལོ་ལྔ་བཅུ་ང་གཅིག་པ་ལ༌གཤེགས་པ་གསལ་བར་སྣང༌།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།