ཁང་སེར་རྡོ་རིང་གཉིས་
ཁང་སེར་རྡོ་རིང་གཉིས། ཞོལ་གྱི་གཞུང་སྒོའི་མདུན་ངོས༌། ཤར་ནུབ་གཉིས་སུ་ཁང་སེར་རྫ་གཡམ་གཡུ་རྩིའི་ཐོག་ལྡན༌། གཉིས་ཀྱི་ནང་བཟོ་དབྱིབས་རྒྱ་ནག་གི་ལུགས་དང་མཚུངས༌པའི་རྡོ་རིང་རེ་ཡོད་པའི་ཤར་མ་དེར་རྒྱལ་པོས་བྲིས་ཞེས་ཡིག་ཆེན་འཁོད་པའི་རུས་སྦལ་གྱི་སྟེགས་བུ་ཅན་དེ་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞི་ཁྲི་ལོ་དྲུག་ཅུ(༡༧༢༠) ལོར༌བཙུགས་པ་དེའི་མཐོ་ཚད་སྤྱི་ཁྲེ་གསུམ་དང་ཚག་དོན་བཞི༌ཡོད་པ་དེའི་མདུན་ངོས་སུ་རྒྱ་ཡིག་ཡིག་ཕྲེང་བཅོ་ལྔ་དང༌། །བོད་ཡིག་ཡིག་ཕྲེང༤༦རྒྱབ་ཏུ་སོག་ཡིག་ཡིག་ཕྲེང ༡༥དང༌། མན་ཡིག་ཡིག་ཕྲེང༡༥ཡོད་པའི་ནང་དོན་ནི་སོག་པོ་ཇུན་གར་བ་གོང་མའི་དཔུང་གིས་མཐར་སྐྲོད་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་ཁྲིར་བཏོན་པ། བོད་བདེ་འཇགས་ལ་བཀོད་པའི་སྐོར་འཁོད་ཡོད་པ་དང༌། ནུབ་མ་དེ་ཆིང་གོང་མ་ཆན་ལུང་ཁྲི༌ལོ་བདུན་པ(༡༧༩༢)ལོར་བཙུགས་ཤིང༌། འགོ་ཡིག་ཏུ༌ཆན་ལུང་གིས་བཙུགས་པ་ཞེས་འཁོད་པའི་རྡོ་རིང་དེའི་མདུན་ངོས་སུ་རྒྱ་ཡིག་ཡིག་ཕྲེང༡༧དང༌། མན་ཡིག་ཡིག་ཕྲེང༡༧རྒྱབ་ངོས་བོད་ཡིག་ཡིག་ཕྲེང༣༩དང༌། སོག་ཡིག་ཡིག་ཕྲེང༡༧ ཡོད་པའི་ནང་དོན་དུ་གོང་མའི་དཔུང་གིས་གོར་ཥའི་བཙན་འཛུལ་མཐར་སྐྲོད་བཏང་སྟེ་བོད་ཡུལ་སྲུང་སྐྱོབ་བདེ་འཇགས་ལ་བཀོད་པའི་སྐོར་འཁོད་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།