ཁང་པ་མཛེས་བཟོའི་གོ་རིམ་ཉམས་མྱོང་མཉམ་རོལ།

ཡོང་ཁུངས་Wikipedia


༄༅། །གལ་སྲིད་ཁྱེད་ཀྱིས་བོད་ཡིག་ཡག་པོ་ཤེས་པ་དང་སྡོད་ཁང་ལེགས་པོ་མཛེས་བཟོ་བྱེད་བསམ་ན་སྔོན་དུ་འདི་ལ་ཞིབ་ཏུ་ལྟོས།


ཁང་པ་མཛེས་བཟོ་བྱ་བའི་གོ་རིམ།


མི་མང་ཕལ་ཆེར་ལ་མཚོན་ན། ཁང་པ་མཛེས་བཟོའི་བྱ་བ་ནི་བཟའ་མི་རྣམས་མི་ཚེ་བོར་སྡོད་ཁང་སྐྱིད་པོ་གཅིག་དུ་འཚོ་བ་སྐྱེལ་ཐུབ་པའི་དོན་ཆེན་ལ་ཐུག་ཡོད། ཕྱིའི་བཞེངས་པ་ལེགས་འགྲུབ་བྱུང་རྗེས་ནང་གི་བཀོད་པའམ། མཛེས་བཟོ་བབ་ཆགས་པོ་དང་། སྟབས་བདེ་པོ། ཁམས་དྭངས་པོ་ཤིག་ཡོང་བར་བྱ་རྒྱུ་ནི་ཁྱིམ་མི་ཁྱིམ་ལ་འཁོར་ན་བདེ་སྐྱིད་ཀྱི་ཚོར་སྣང་འབྱུང་མིན་ལ་ཐད་ཀར་འབྲེལ་བ་དམ་ཟབ་ཡོད། དེང་སང་མཛེས་བཟོའི་རྒྱུ་ཆས་མང་ཆེ་བ་ནི་བསྒྱུར་བཟོ་བྱེད་དཀའ་བའི་གཅིག་སྤྱོད་ཅན་ཡིན་པས། ཞིང་འབྲོག་གི་འཚོ་བ་ནས་གྲོང་ཁྱེར་ཅན་དུ་བསྒྱུར་བའི་བོད་པའི་ས་གནས་དག་ལ་མཚོན་ན། དེ་སྔོན་གྲོང་ཁྱེར་གཞིས་ཁུལ་ཅན་གྱི་འཚོ་བ་ལ་ཆ་རྒྱུས་ཆེ་པོ་མི་མངའ་བའི་དབང་གིས། མཛེས་བཟོ་འཆར་གཞི་མེད་པའམ། གོ་རིམ་ནོར་བའི་དབང་གིས་མཛེས་བཟོའི་སྤུས་ཚད་ཞན་པ་དང་། རྣམ་པ་མཛེས་པོ་མེད་པ། ཁམས་དྭངས་པོ་མེད་པའི་སྐྱོན་ཆ་ཡོང་བ་མ་ཟད། མི་ཤུགས་དང་། རྒྱུ་ཤུགས། དུས་ཚོད་གང་འགའ་འཕྲོ་བརླག་ཏུ་སོང་དང་འགྲོ་བཞིན་ཡོད་པ་རེད། མཛེས་བཟོ་རྒྱུ་ཆས་མང་ཙམ་དང་། སྙིགས་རོ་མང་ཙམ་ཀྱིས་ཁོར་ཡུག་ལ་གཏོར་བརླག་ཆེ་ཙམ་གཏོང་བའི་བྱ་ངན་དུ་ཡང་རང་བཞིན་གྱི་འགྱུར་འགྲོ་ཡོད་རེད། གནས་ཚུལ་དེ་ལ་དམིགས་ནས། ཉམས་མྱོང་ཅུང་ཟད་རེ་ཡོད་པ་དེ། རང་དང་རང་འདྲ་བའི་སྐྱེ་བོ་གཞན་ལ་ཕན་དུ་རེ་ནས་གཤམ་དུ་མཛེས་བཟོའི་གོ་རིམ་ཁ་གསལ་གོ་བདེ་རུ་བཀོད་པ་ལགས་ན། མཛེས་བཟོ་དོན་གཉེར་པ་རྣམས་ལ་དེ་དེ་བཞིན་དུ་འགྲུབ་པའི་རྒྱུ་རུ་གྱུར་ཅིག


གོ་རིམ་དང་པོ། གྱང་བསྒྱུར་བཟོ། ཆུ་གློག་འཕྲིན་ལམ།


གཞིས་ཁུལ་གྱི་ཁང་པ་ཉོས་པ་ཡིན་ན། དང་པོར་རང་ཉིད་ཀྱི་འཆར་བཀོད་དང་མཐུན་པར་ཁང་ཚན་ཧྲིལ་བོའི་སྲ་བཟུང་གི་ཀ་བ་དང་གདོང་མ་ལ་གནོད་པ་མེད་པའི་ཆ་རྐྱེན་འོག བར་ཆོད་གྱང་དང་། སྒེའུ་ཁུང་ཆེ་རུ་གཏོང་བར་གྱང་སོགས་གཏོར་དགོས། ཨར་འདམ་དང་བྱེ་ཞིབ་འདང་ཚོད་ཉོ་དགོས། གྱང་གཏོར་ཤུལ་གཙང་སེལ་དང་། བར་ཆོད་རྒྱག་དགོས་ཡོད་ན་རྒྱག་པ། སྒོ་དང་སྒེའུ་ཁུང་བསྒྲིག་དགོས། དྲོད་རླངས་ཅན་གྱི་ཁང་པ་ཡིན་ན། དྲོད་རླངས་གི་སྦུ་གུ་ཁང་པའི་ས་ངོས་ལ་གསོབ་དྲུས་ནས་དེའི་ནང་དུ་སྦས་ན་ལེགས། དེ་མིན་ཁང་པ་སྒེར་གྱིས་བཞེངས་པ་ཡིན་ན། གློག་ལམ་དང་། ཆུ་ལམ། འཕྲིན་ལམ་སོགས་ཨར་འདམ་གྱི་སྒྲོམ་གཞི་བཟོས་ཚར་རྗེས། བར་ཆོད་རྩིག་པ་རྩིག་སྐབས་རྩིག་པའི་ནང་ནས་སྤྱོད་སྒོ་དང་མཐུན་པར་འདྲེན་དགོས།


གོ་རིམ་གཉིས་པ། གློག་ཆས་སྒྲིག་གྲབ།


རྩིག་བར་དུ་གློག་སྐུད་དང་། འཕྲིན་སྐུད་འདྲེན་པ་དང་། ཐབ་ཚང་། ཆབ་ཁང་། འདུག་ཤག གསོལ་ཁང་། ཉལ་ཁང་། མཆོད་ཁང་། ཉིན་ཁྱམས། སྲིབ་ཁྱམས། སོགས་གྱི་གནས་འོས་མཚམས་ལ་གློག་ཁོངས་གློག་སྒོ་དང་། གློག་སྒོ། བསྒར་གདན་བསྒྲིག་པ་དང་། དེ་བཞིན་བརྙན་འཕྲིན་དང་། གློག་ཀླད། འཁྱགས་སྒམ། འཁྱགས་སྒྲོམ། གློག་ཐབ་སོགས་གློག་ཆས་འཇོག་ཡུལ་དང་མཚམས་པར་བསྒར་གདན་བསྒྲིག་དགོས། གནམ་ངོས་སུ་གློག་སྒྲོན་གློག་སྐུད་འདྲེན་དགོས། གལ་སྲིད་ཁང་པ་སྒེར་བཞེངས་ཡིན་ན་WIFIའཕྲིན་སྐུད་འཐུད་གནས་འཕྲིན་བརྡ་ཁང་མིག་ཡོངས་ལ་ཁྱབ་ཆེ་སའི་གནས་གདམ་ནས་དེ་རུ་སྒྲིག་དགོས། དེ་བཞིན་སྐུད་ཡོད་གློག་བརྙན་འཕྲིན་ལམ་ཡང་འཇོག་དགོས།


གོ་རིམ་གསུམ་པ། ཆུ་གཙང་མ་ཡོང་ཁུངས་དང་ཆུ་བཙོག་པ་འགྲོ་ཡུལ།


ཆུ་ལམ་སྦུག་གུ་གྱང་ཕྱི་དང་། ཡང་ན་ནང་ནས་འདྲེན་ལུགས་རིགས་གཉིས་ཡོད་ཀྱང་། སྦུ་གུ་རྒྱུ་ཆས་ཡག་ཤོས་ཉོས་ནས་ནང་དུ་དྲངས་ན་ཡུན་རིང་བརྟན་ཐུབ་པར་གྲགས་ལ། ཁམས་དྭངས་བར་སྣང་།  ཆུ་ཁོངས་ཆུ་སྒོ། ཆུ་སྒོ་བསྒྲིག་དགོས། ཆུ་སྲོ་ཆས་དང་། གོས་འཁྲུད་འཕྲུལ། ཁ་ལག་ཁྲུས་སྟེགས། གཟུགས་པོ་ཁྲུས་ཕྱར། ཆབ་གཞོང་། བཟའ་བཅའ་ཁྲུས་གཞོང་། འཐུང་ཆུ་ལེན་ས་བཅས་ལ་ཆུ་སྦུག་འདྲེན་པ་དང་། དེ་དག་གི་ཞབས་ལ་བཙོག་ཆུ་ཤར་གཏོང་ཐུབ་པའི་སྦུ་གུ་ཁ་འཇོག་དགོས། ལྷག་པར་དུ། ཆུ་སྲོ་ཆས་ནས་ཚུར་ཁ་ལག་ཁྲུས་སྟེགས་དང་། གཟུགས་པོ་ཁྲུས་ཕྱར། བཟའ་བཅའ་ཁྲུས་གཞོང་སོགས་ལ་ཆུ་ཁོལ་འདྲེན་ལམ་སྦུ་གུ་འཇོག་དགོས། གལ་སྲིད་དྲོད་རླངས་མེད་པའི་ཁང་པ་ཡིན་ན། དགུན་ཁར་སྦུ་གུ་འཁེང་མི་འགྲོ་བའི་ཆེད་དུ། སྦུ་གུའི་ཡན་ཡག་ཡོངས་དྲོད་ལྕིབས་ཀྱིས་ལེགས་པར་དཀྲི་དགོས། སྦུ་གུ་འདྲེན་ཡུར་གྱི་ཁ་ལེགས་པར་ཁ་བསུམ་དགོས།


གོ་རིམ་བཞི་པ། ཆབ་ཁང་དང་ཐབ་ཚང་ནི་འཚོ་གནས་ཀྱི་ཆེས་རྨང་གཞི་དེ་ཡིན།


ཆབ་ཁང་དང་ཐབ་ཚང་གི་ས་ངོས་དང་གྱང་སྨད་ལ་ཆུ་འགོག་སེང་རས་སྦྱར་དགོས། ཆུ་འགོག་རིམ་པ་ཡོངས་སུ་སྐམ་རྗེས། ཆབ་ཁང་དང་ཐབ་ཚང་གི་ས་ངོས་དང་གྱང་ངོས་ལ་རྫ་པང་སྒྲིག་དགོས། གསོལ་ཁང་དང་འདུག་ཤག ཉིན་ཁྱམས། སྲིབ་ཁྱམས། བར་ཁྱམས་སོགས་ལ་རྫ་པང་སྒྲིག་ནའང་མཉམ་དུ་སྒྲིག་དགོས། རྫ་པང་སྒྲིག་སྐབས་དོ་སྣང་དགོས་པ་ནི། བསྒར་གདན་གྱི་ཁུང་བུ་དང་། ཆུ་ལེན་ས། བཙོག་ཆུ་འགྲོ་ཡུལ། ཆབ་གཞུང་བསྒྲིག་ཡུལ་ཁུང་བུ་སོགས་ཇི་བཞིན་དུ་འཇོག་དགོས། ཆབ་ཁང་དང་ཐབ་ཚང་གི་གནམ་ངོས་སུ་གནམ་རམ་སྒྲིག་དགོས། ཁྲུས་ཁང་དྲོད་གློག་དང་གློག་སྒྲོན་སྒྲིག་ས་ཏག་ཏག་འཇོག་དགོས་ལ། ཆབ་ཁང་དམའ་མོ་ཡིན་ན། གནས་རམ་གི་བར་དུ་ཆུ་སྲོ་ཆས་བསྒྲིག་ས་སྟོང་པ་ཏག་ཏག་འཇོག་དགོས།


གོ་རིམ་ལྔ་པ། ཤིང་བཟོ་གདན་ནས་སྒམ་ཆས་བཟོ་བ།


གོས་སྒམ་དང་། དཔེ་སྒྲོམ། མཆོད་ཁྲི། ཕོར་སྒམ། སྣོད་ཁྲི། ཟས་ཁྲི། ལྷམ་སྒམ། བར་ཆོད་སྒྲོམ་སོགས་ཤིང་བཟོའི་ལས་ཀ་གཉེར་དགོས། དེ་དང་ལྷན་དུ། གོས་སྒམ་འདྲེད་སྒོ་དང་། ལག་བཟུང་། རྒྱབ་ལག ལྕུ་འགེལ། ཕོར་སྒམ་སྒོ། ཟས་ཁྲི་སྒོ། ཟས་ཁྲི་དང་སྒེའུ་ཁུང་འཁྲིག་ཅག་རྡོ་ཀ་མ་རུ་སོགས་ཚད་བཅལ་བ་དང་མངག་ཉོ་བྱས་ནས་བསྒྲིག་དགོས།


གོ་རིམ་དྲུག་པ། གློག་ཆས་ཉོ་སྒྲུབ་དང་སྒྲིག་འགོད།


གྱང་རྩི་བྱུག་པ་འམ་གྱང་ཤོག་སྦྱར་དགོས། འདུག་ཤག་དང་། གསོལ་ཁང་། བར་གྱི་གནམ་ངོས། དེ་བཞིན་གློག་བརྙན་རྒྱབ་ངོས་མཛེས་བཟོ་བྱ་དགོས། རམ་གདན་བསྒྲིག་དགོས། ཁྲུས་ཁང་དྲོད་གློག་དང་གློག་སྒྲོན་བསྒྲིག་དགོས། དེ་བཞིན་ཆུ་སྲོ་ཆས་དང་། གོས་འཁྲུད་འཕྲུལ། ཁ་ལག་ཁྲུས་སྟེགས། གཟུགས་པོ་ཁྲུས་ཕྱར། ཁྲུས་ཆས་འགེལ་ས། ཆབ་གཞོང་། བཟའ་བཅའ་ཁྲུས་གཞོང་སོགས་བསྒྲིག་དགོས།


གོ་རིམ་བདུན་པ། ཁྱིམ་ཆས་ཉོ་སྒྲུབ་དང་སྒྲིག་འགོད།


ཉལ་ཁྲི། འབོལ་ཁྲི། གློག་བརྙན་འཇོག་སྒམ། དཔེ་ཅོག ཟས་ཅོག ཇ་ཅོག ཁྲིའུ། རྐུབ་སྟེགས་སོགས་ཤིང་བཟོ་ཡིས་མ་སྒྲིག་པ་རྣམས་ཉོ་སྒྲུབ་དང་སྒྲིག་འགོད་བྱེད་དགོས།


ཆེད་ལས་ཤེས་བྱ།


མཛེས་བཟོ་གོ་རིམ་ཡོངས་བདག་པོ་རང་གིས་འགན་ཁུར་བྱས་ནས། ལས་བཟོ་བ་ཉུག་ན། སྒོར་མོ་འགྲོ་སོང་ཅུང་ཆུང་། ཡིན་ན་ཡང་། ཤེས་དགོས་པ་གཅིག་ནི་ལས་བཟོ་བ་ཡོད་ཚད། མཛེས་བཟོ་ལས་ཀ་ཆ་ཚང་བྱེད་ཤེས་པ་ཞིག་གཏན་ནས་མིན། ཤིང་བཟོ་མཁས་ཀྱང་རྫ་པང་སྒྲིག་པར་མཁས་པའི་ངེས་པ་མེད་ལ། གློག་འདྲེན་པར་མཁས་ཀྱང་དཀར་རྩི་བྱུག་པར་མཁས་པའི་ངེས་པ་མེད། དེ་བས་མི་མང་པོར་འབྲེལ་བ་བྱས་ནས་རང་རང་གི་ཁྱད་ལས་དང་མཐུན་པའི་ལས་བཟོ་བ་ཉུག་རྒྱུ་ནི་མཛེས་བཟོ་ཚད་ལྡན་ཡོང་བའི་རྨང་གཞིའི་ཆ་རྐྱེན་ཡིན།


བདེ་ཐང་ཤེས་བྱ།


དེ་ལྟར་ཁང་པ་མཛེས་བཟོ་ཡོངས་སུ་གྲུབ་རྗེས་མྱུར་དུ་ནང་དུ་སྡོད་རྒྱུ་ཡིན་ན། གཟབ་དགོས་པ་གཅིག་ནི། མཛེས་བཟོ་བྱས་རྗེས་ལོ་གཅིག་གཉིས་ཀྱི་ཡུན་ལ་ཁང་པའི་མཛེས་བཟོ་རྒྱུ་ཆས་མང་ཆེ་བའི་ནང་གི་དུག་རྫས་ཀྱི་གྲུབ་ཆ་ཁ་དབུགས་ཁྲོད་དུ་ཕྱི་རུ་འཕུད་ཡོང་བ་ཡིན་པས། དེས་མིའི་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཡོད་པ་མ་ཟད། ལྷག་པར་དུ་རྒན་པ་དང་བྱིས་པ་ལ་གནོད་པ་ཆེ་བ་ཡིན། དེང་སང་བྱིས་པའི་ཁྲག་དཀར་ནད་ཀྱི་འབྱུང་རྐྱེན་ཡང་འདི་མིན་ནམ་སྙམ་པའི་དོགས་པ་བྱེད་བཞིན་ཡོད། དུག་རྫས་དེ་འཇིབ་དགོས་པའི་ཕྱིར་རྩི་ཤིང་ལོ་ལྗང་ཟེར་བ་ཆུ་རྫ་ནང་དུ་གསོ་བ་དང་། སོལ་རྫས་སྐམ་སོབ་སྒམ་ནང་གང་སར་འཇོག་པ། དུག་རྫས་འཇལ་ཆས་ཉོས་ནས་ཨང་ཚད་འཇལ་བ་སོགས་བྱེད་བཞིན་ཡོད་དེ། ཐབས་ཤེས་ཡག་ཤོས་ནི། ནམ་རྒྱུན་སྒེའུ་ཁུང་ཕྱེས་ནས། ནང་གི་དུག་ལྡན་ཁ་དབུགས་ཕྱི་རུ་འཕུད་པ་དང་། ཕྱིའི་མཁའ་དབུགས་གཙང་མ་ནང་དུ་རྒྱུ་བར་བྱ་རྒྱུ་དེ་ཡིན་པར་སྣང་། གནམ་གཤིས་གྲང་བའི་དུས་ཡིན་ན། སྒེ་ཁུང་ཕྱེ་ཡུན་ཐུང་བ་དང་ཕྱེ་གྲང་མང་ན་འཐུས།


གོ་རིམ་མི་འཁྲུགས་པའི་དགོས་པ།


བྱ་བ་གང་ཡིན་ཡང་ལེགས་འགྲུབ་དགོས་ན། གནས་དུས་ཡུལ་དང་གང་ཟག་ཐོད་ཐུག་དགོས། དེ་ནས་ཚབ་ཚུབ་ཀྱིས་བྱ་བ་སྒྲུབ་རྒྱུ་རྩ་བ་ནས་མེད། གོ་རིམ་ལ་བསམ་རྣོ་ལེགས་པར་གཏོང་བ་དང་ཡག་ཤིག་བྱུང་ན་ཡིག་འཆར་གཞི་ཡིག་ཐོག་ཏུ་སྟབས་བདེར་བཀོད་དེ་འགྲུབ་རྟགས་རྒྱག་ཞོར་དུ་སྒྲུབ་ན། དེང་རབས་ཀྱི་ཤེས་བྱ་དང་རིག་དཔལ་ལྡན་པའི་མི་ཡིས་སྒྲུབ་སྟངས་ཚན་མ་དང་མཐུན་པ་ཡིན། དེ་བས་གཙོ་ཆེ་ཤོས་ནི་གོང་གི་གོ་རིམ་བདུན་ཡོད་པ་དེ་ལས་འཁྲུག་མི་ཉན་པ་མ་ཟད། དེ་ནང་ནས་རིམ་གཅིག་ཡག་པོ་མ་འགྲུབ་པ་ཡིན་ན། མཛེས་བཟོ་ཁྱོན་ཡོངས་ནས་སྐྱོན་ཆ་ཆེན་པོ་འབྱུར་བུ་རྒྱུ་ཡིན། ཁ་དཔེ་རུ། ལས་ཀའི་གོ་རིམ་མ་ཤེས་ན། བྲེལ་འཚབ་བྱས་དང་མ་བྱས་མེད་ལྟ་བུ་དེའོ།།