ཁང་དམར་དགའ་ལྡན་ཆོས་གླིང་།

ཡོང་ཁུངས་Wikipedia

དགའ་ལྡན་ཆོས་གླིང་།

མཚན་རྒྱས་པར། དགའ་ལྡན་བཤད་སྒྲུབ་གླིང་ངམ། བྱ་བ་རྩེ་ཞེས་ཞུ། ཁང་དམར་རྫོང་ནས་ཤར་ངོས་སུ་སྤྱི་ལེ་༢༤ཙམ་སོང་ན་དགོན་པ་གྲོང་གི་རྒྱབ་རིའི་ངོས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་སྤྱི་ལོ་༡༤༢༨ལོ་ཙམ་ལ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་ཕྱག་བཏབ་གནང་མཛད། རྒྱལ་རྩེ་དཔལ་ཆོས་དགོན་གྱི་བླ་ཁག་བཅུ་དྲུག་གི་ནང་ཚན་ནོར་བུ་དགའ་ལྡན་ཞུ་བ་དེ་ཡིན། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་རྒྱལ་རྩེ་དཔལ་ཆོས་དགོན་ཕྱག་བཏབ་གནང་རྗེས་གནས་དེར་དགོན་དེ་ཕྱག་བཏབ་གནང་མཛད། དགོན་པའི་མཚན་ལའང་དགའ་ལྡན་བཤད་སྒྲུབ་གླིང་ཞེས་གསོལ། སྔོན་དགོན་དེར་དགེ་འདུན་ཉེར་གཅིག་ཙམ་གྱིས་དགེ་ལྡན་ལུགས་ཀྱི་བཤད་སྒྲུབ་གཉིས་ལྡན་ཕྱག་ལེན་གནང་བ་ཡིན། སྔོན་འདུ་ཁང་ཀ་བ་༡༢ཀྱི་ནང་སྨན་འདམ་གྱི་རྒྱལ་བ་བྱམས་པ་ཆོས་འཁོར་གྱི་སྐུ་བརྙན་སོགས་དང་། མགོན་ཁང་ནང་སྐྱེས་བུ་གསུམ་གྱི་སྲུང་མ། གཞན་ཡང་ཞལ་ཐང་མང་པོ་བཅས་རྟེན་དང་བརྟེན་པར་བཅས་མཇལ་རྒྱུ་ཡོད།

ད་ལྟ་སྔར་གྱི་འདུ་ཁང་བསྐྱར་བཞེངས་གནང་བའི་ནང་རྗེ་བཙུན་བྱམས་པ་ཐོག་སོ་ལྷག་སོགས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེའི་ལྷོ་ངོས་སུ་གངས་མེ་ལོང་མ་ཞེས་སྤང་རིའི་དབུས་སུ་གངས་སྒོར་མོ་མེ་ལོང་འདྲ་བ་ཞིག་དང་། དེའི་ཕུར་སྟག་རིས་དགོན་ཞེས་བཀའ་བརྒྱུད་ཀྱི་དགོན་ཞིག་དང་། རི་རིགས་གསུམ་མགོན་པོ་ཞེས་པ་དང་། ཆུ་རིགས་གསུམ་མགོན་པོ། ཐང་རིགས་གསུམ་མགོན་པོ་ཞེས་དང་། གངས་མེ་ལོང་མའི་རྒྱབ་རི་གངས་རི་ལ་ཐོབ་བཟང་རྒྱལ་པོ་ཞེས་ཟེར། གངས་རི་དེའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༨༣༠༠ཙམ་ཡོད་ཅེས་པ། དེའི་གཡོན་ངོས་སུ་ཨོ་རྒྱན་འབྲུག་རི་ཞེས་པ་དེ་ལས་ལ་ཕར་བརྒྱབ་ན་འབྲུག་ཡུལ་དུ་སླེབས། སྔོན་རྒྱལ་རྩེར་ཆུ་སྐྱོན་བྱུང་བའང་ཉིང་རུའུ་ཆུ་མྱང་ཆུར་འདྲེས་པས་ཡིན་པ་དང་། དེའང་སྤྱིར་ན་ཉིང་རུའི་ཆུ་ཆེན་པོ་ཡོད་པའི་སྟེང་ཉིང་རུ་ཕུའི་སེ་བོ་མཚོ་བརྡོལ་བས་ཡིན་པ་རེད་ཅེས་ཟེར།

གཞན་ཡང་ཡུལ་དེར་བཙུན་མའི་དགོན་བསམ་གཏན་གླིང་དང་། འབྲུག་རྒྱལ་དགོན། སྡིངས་ཆེན་དགོན། འབྲུག་དབུ་དགོན་བཅས་ཆགས་ཤུལ་གྱི་སྟོངས་རོ་དང་། ཉིང་རུ་སྨད་དུ་འབྲས་མོ་དགོན་ཞེས་པ་དགེ་ལུགས་པའི་དགོན་ཉམས་གསོ་གནང་བ་ཞིག་བཅས་མཇལ་རྒྱུ་ཡོད།