Jump to content

ཁ་སརྤཱ་ཎིའི་གཙུག་ལག་ཁང་

ཡོང་ཁུངས་Wikipedia

རྒྱ་གར་གྱི་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་དུས་མཉམ་དུ་བྱོན་པའི་དགེ་བསྙེན་ཞི་བའི་གོ་ཆ་ཞེས་བྱ་བ་རང་ཡུལ་གྱི་ནགས་ཚལ་ན་འཕགས་པ་སྤྱན་རས་གཟིགས་བསྒྲུབས་ནས་གྲུབ་པའི་རྟགས་ཕལ་ཆེ་བ་བྱུང་བའི་སྐབས་ཡུལ་དུ་པུཎ་ཝརྟ་ནའི་རྒྱལ་པོ་ཤུ་བྷ་ས་རས་བོས་ཏེ་རི་བོ་པོ་ཏཱ་ལ་ནས་འཕགས་པ་སྤྱན་རས་གཟིགས་སྤྱན་དྲངས་དགོས་པར་བཀའ་ཕབ་པ་ལྟར་རི་བོ་པོ་ཏཱ་ལར་ཕེབས་ཏེ་འཕགས་པ་སྤྱན་རས་གཟིགས་དང་དངོས་སུ་མཇལ་ཞིང༌། རང་ཡུལ་དུ་བྱོན་པར་གསོལ་བ་བཏབ་པ་ལྟར་ཞལ་གྱིས་བཞེས་ཏེ་ལམ་རྒྱགས་ཀར་ཤ་པ་ཎ་ཕྲན་ཙམ་གནང་ནས་ཀར་ཤ་པ་ཎ་འདི་རྣམས་ཟད་པའི་ཉིན་མོ་རང་ཡུལ་དུ་སླེབས་འོང་ཞེས་གསུངས་པ་ཕྱིར་ལོག་ནས་ཞག་བཅོ་ལྔ་སོང་བའི་ཉིན་མོ་རང་ཡུལ་དུ་སླེབས་རྒྱུའི་ཞག་བཅུ་བཞིའི་ཉིན་རང་ཡུལ་གྱི་རི་མཐོང་བས་ཧ་ཅང་དགའ་སྟེ། ཀར་ཤ་པ་ཎ་ལྷག་མ་དེས་རྒྱུན་ལྡན་ལས་ལྷག་པའི་ཟས་རིགས་ཉོས་ནས་ཟོས་པས། རྒྱལ་པོའི་ཕོ་བྲང་དུ་མ་སླེབས་གོང་རང་གི་སྒྲུབ་གནས་དང་ཐག་ཉེ་སར་སླེབས་པ་དང་ཀར་ཤ་པ་ཎ་རྫོགས་ས་དེར་འཕགས་པ་སྤྱན་རས་གཟིགས་ཕེབས་རྒྱུར་བསྒུགས་ནས་བསྡད་ཀྱང་ཕེབས་མཁན་མེད་སྟབས་ཐང་ཆད་ནས་གཉིད་ལོག་པའི་སྐབས། ནམ་ཕྱེད་ཙམ་ན་རོལ་མོའི་སྒྲ་བྱུང་བས་གཉིད་སད་ནས་བལྟས་པ་ན་ཤིང་སྡོང་ངོས་ལ་འཕགས་པ་ལྷ་ལྔ(༡འཕགས་པ་སྤྱན་རས་གཟིགས། ༢རྗེ་བཙུན་སྒྲོལ་མ། ༣གཞོན་ནུ་ནོར་བཟང༌། ༤ཁྲོ་གཉེར་ཅན། ༥རྟ་མགྲིན)དངོས་སུ་བྱོན་ནས་ཡོད་པས་དགེ་བསྙེན་དེས་གནས་དེ་རང་དུ་ལྷ་ཁང་བཞེངས་པ་དེ་ཡིན།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།