ཁ་ཤ་བསོད་ནམས་བཟང་པོ་
ཁ་ཤ་བསོད་ནམས་བཟང་པོ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྟོད་ཙམ་དུ་ཁ་ཤ་མཐིལ་གྱི་ཉེ་འདབས་པདྨོ་སྟེང་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་སུ་གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་ (1780—1848) ལས་རབ་བྱུང་བསྒྲུབས། ཞྭ་དམར་ངག་དབང་བསྟན་འཛིན་རྒྱ་མཚོ་ལས་སུམ་ཅུ་པ་དང་། རྟགས་འཇུག སྙན་ངག་སོགས་གསན། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་ལེགས་པར་མཛད་དེ་རང་དགོན་བྱ་ཁྱུང་དུ་ཕེབས། གཞན་ཡང་ར་ཚ་བློ་བཟང་དཔལ་ལྡན་རྒྱ་མཚོ་དང་། ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ། སྒར་བ་བློ་བཟང་དབང་ཕྱུག ཁྲེ་དམར་ཡེ་ཤེས་བསྟན་འཛིན་སོགས་ལ་བསྟེན་ནས་ཆོས་བཀའ་མང་དུ་གསན། རབ་བྱུང་བཅོ་ལྔ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ 1873 ལོར་ཆུ་བཟང་བློ་བཟང་ཐུབ་བསྟན་བཤད་སྒྲུབ་ཉི་མས་བྱ་ཁྱུང་དགོན་པའི་མཁན་ཁྲིར་བསྐོ་བཞག་མཛད། དེ་ནས་ལོ་གསུམ་གྱི་རིང་དུ་ཆོས་སྲིད་གཉིས་ཀྱིས་གདན་ས་བསྐྱངས། ཁོང་ཕྱག་བཟོ་ལ་ཤིན་ཏུ་མཁས་པས་ཆོས་རྒྱལ་གྱི་འདྲ་འབག་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྡེར་སྐུ་བཅས་གསར་བཞེངས་གནང་། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་བདུན་ཅུ་དོན་ལྔ་པ་ཡིན་ནོ།།