Jump to content

ཁ་རག་སྒོམ་ཆུང་

ཡོང་ཁུངས་Wikipedia

བཀའ་གདམསཀྱི་དགེབཤེས་དགོན་པ་བའི་སློབ་མ་ཡིན་ཞིང༌། མཚན་དངོས་དབང་ཕྱུག་བློ་གྲོས་ཞེས་འབོད། འཁྲུངས་ཡུལ་གཙང་སྟོད་དུང་ཁུར་བྱ་བར་སྒོམ་པ་དཀོན་མཆོག་རྟེན་ལ་སྲས་གསུམ(༡བལ་པོ་དབང་རྡོར། ༢ཤྭ་དབང་ར། ༣སྒོམ་པ་དབང་ཕྱུག་བློ་གྲོས)བྱུང་བའི་ཆུང་བ་ཡིན། ཆུང་དུས་ནས་ཆོས་དད་ཆེ་ཞིང་རབ་ཏུ་བྱུང་བའི་དགོངས་པ་ཡོད་མུར་བེའུ་ཀླུ་ཡི་ཡེ་ཤེས་བྱ་བའི་སྔགས་པ་ཞིག་ལ་རྫོགས་ཆེན་གསན་ཞིང༌། དགེ་བཤེས་པོ་ཏོ་བའི་ཡབ་ཀྱི་མཆོད་གནས་སློབ་དཔོན་སྦ་སྒོམ་ལ་ཨ་རོ་ཡེ་ཤེས་འབྱུང་གནས་ནས་བརྒྱུད་པའི་སྔ་འགྱུར་རྫོགས་ཆེན་སྐོར་གསན། ལམ་པོ་གནས་སུ་མཁན་པོ་མར་སྒོམ་གྱི་དྲུང་དུ་རབ་བྱུང་གི་སྡོམ་པ་ཞུས། སློབ་དཔོན་སྦ་སྒོམ་སྐུ་གཤེགས་པའི་རྗེས་སུ་རྭ་སྒྲེང་དུ་ཕེབས། འབྲོམ་སྟོན་པའི་སློབ་མ་རྣལ་འབྱོར་པ་བྱང་ཆུབ་རིན་ཆེན་དང་དགོན་པ་བ་དབང་ཕྱུག་རྒྱལ་མཚན་གཉིས་ལོ་བདུན་ལ་བསྟེན། བཀའ་གདམས་ཀྱི་མན་ངག་རྣམས་ཚང་བར་གསན། དེ་ནས་རང་ཉིད་གཅིག་པུར་བཞུགས་ན་རང་འགོ་ཐོན་པ་འདུག་དགོངས་ཏེ། ཉུང་མའི་སོན་ཕུལ་གང་བསྣམས་ནས་སྤྲགས་ཀྱི་ཀེ་རུར་ཕེབས། དབྱར་དུས་སུ་ལ་ཕུག་གི་ཐུག་པ་དང་དགུན་དུས་སུ་ཉུང་མ་སྐམ་པོའི་ཐུག་པ་རྩམ་པ་ཕྲན་ཙམ་རེ་བཏབ་ནས་གསོལ་ཏེ་ལོ་བཅུ་གཅིག་རིང་སྒྲུབ་པ་རྩེ་གཅིག་ཏུ་མཛད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་འབྱོངས་པས་བྱ་དང་རི་དྭགས་རྣམས་ཀྱང་འབྲལ་མེད་དུ་འཁོར། དགེ་བཤེས་པོ་ཏོ་བའི་དྲུང་དུ་ཕེབས་ནས་བློ་ལྡོག་བཞིའི་རྟོགས་པ་ཕུལ་བས་ཐུགས་མཉེས་ཏེ། རང་ལ་འབུལ་མཁན་བྱུང་བ་ཐམས་ཅད་ཁོང་ལ་སྐྱེལ་བར་མཛད་ཅིང༌། ང་ཚོ་བླ་སློབ་རྣམས་ཀྱིས་ཁོང་གིས་ཞག་གཅིག་ལ་བྱེད་པའི་ཆོས་དེ་མི་ནུས་གསུངས་ནས་བསྔགས་བརྗོད་མཛད། དེ་ནས་ཁ་རག་གི་ཕུག་པ་ནག་པོར་ཐུགས་དམ་མཛད་ཅིང་བཞུགས་པས་ཁ་རག་སྒོམ་ཆུང་ཞེས་མཚན་དུ་གྲགས་ཤིང༌། སློབ་མ་སྟོང་ཙམ་འདུས་པ་བྱུང༌། ཁ་རག་སྐོར་གསུམ་དུ་གྲགས་པའི་ཆོས་གསུངས་ཏེ《ཨང་ཡིག་བདུན་ཅུ་པ》ཞེས་པའི་ལམ་རིམ་གྱི་མན་ངག་ཚིགས་བཅད་དུ་བསྡེབས་པ་ཞིག་ཀྱང་མཛད་ཡོད། རྣམ་ཐར་ལོ་རྒྱུས་སྐོར། 《དེབ་སྔོན》ལྕགས་དཔར་མའི་སྨད་ཆ་ཤོག་གྲངས༡༡༦༤ནས༡༡༦༧བར་དང༌། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《བཀའ་གདམས་ཆོས་འབྱུང》ཤིང་དཔར་མའི་གྲངས༡༡༨ནས༡༢༠བར་གསལ་བ་གཉིས་ཀ་ཕན་ཚུན་བསྡུར་ནས་གཟིགས་དགོས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།