ཁ་ཟེར་
ཁ་ཟེར་ཞེས་པ་ནི་སྤྱིར་བཏང་ཁ་ནས་བརྗོད་པའི་ངག་དང་། ཚིག་སྨྲ་བ། ངག་གི་སྤྱོད་པ་ལ་གོ་ཞིང་། ཁྱད་པར་དུ་སྤྱོད་འཇུག་འགྲེལ་པ་ཁག་ཏུ་ངག་གི་སྤྱོད་པའི་ངང་ནས་སྨོད་པ་དང་། སྐུར་པ་འདེབས་པ། ཁ་ངན་སྨྲ་བ་སོགས་ཀྱི་དོན་དུ་བཀོལ་སྤྱོད་བྱེད་པ་རེད།
ནང་དོན།
[རྩོམ་སྒྲིག]ཚིག་རྩོམ་དང་ཁ་ཟེར་བའི་རིགས། ནང་དུ་ཁ་ཟེར་ཞེས་པ་ནི་ནག་ཏུ་སྨྲ་བ་ལམ་ཚུགས་ནས་བཟུང་གནོད་ཚིག་སྨྲ་བ་དང་། ལྐོག་ཏུ་སྐྱོན་བརྗོད་ནས་འཕྱུར་ཀ་སྣ་ཚོགས་གཏོང་བ་སོགས་འདུས་ཏེ། "སྨོད་ཅིང་སྐུར་པ་འདེབས་པའི་ཁ་ངན་དུ་ཟེར་བ་"[༡] ལ་གོ་དགོས་པར་བཤད་འདུག ཁ་གསག་ཏུ་དགོས་པ་བཟློག་པའི་རིགས། "གཞན་ལ་ཡོན་ཏན་ཡོད་པར་གྱུར་པ་ཡིན་ནའང་ལྐོག་ཏུ་བརྗོད་པར་བྱ་སྟེ། མངོན་སུམ་དུ་ནི་མ་ཡིན་ནོ། །"[༢]ཞེས་པ་ལྟར་འདི་ནི་གཞན་གྱི་ཡོན་ཏན་ལྐོག་ཏུ་བརྗོད་ནས་ཁེད་སྤོ་བའི་ཚུལ་ཞིག་ཀྱང་ཡིན་པར་འགྲེལ་བའོ།།
སྒྲ་བཤད།
[རྩོམ་སྒྲིག]ཁ་ཞེས་པ་ནི་ཁ་དང་། ཟེར་ཞེས་པ་ནི་སྨྲ་བའི་དོན་ཏེ། སྤྱིར་ཁ་ནས་སྨྲ་བ་ཞེས་པའི་དོན་ལ་འཇུག་མོད། འདིར་ཁྱད་པར་དུ་སྡིག་པའི་ཚིག་སྨྲ་བ་དང་མི་རུང་བའི་ཁ་ཟེར་བའི་དོན་ལ་འཇུག
ཉེས་དམིགས།
[རྩོམ་སྒྲིག]ཁ་ཟེར་བྱེད་པ་ནི་ཉེས་པ་ཆེན་པོ་ཞིག་ཏུ་བཤད་ཡོད། "སྦྱོར་བའི་སྒོ་ནས་སེམས་ཅན་གང་དག་གིས་བདག་ལ་ངག་གིས་དངོས་སུ་སྨོད་ཅིང་སྐུར་པ་འདེབས་པའི་ཁ་ངན་དུ་ཟེར་རམ་གཞན་གང་དག་གིས་ལུས་ཀྱིས་བདག་ལ་བརྡུང་བརྡེག་སོགས་ཀྱིས་གནོད་པ་བྱེད་པའམ། དེ་བཞིན་དུ་གཞན་གྱི་དྲུང་དུ་ལྐོག་ཏུ་སྐྱོན་བརྗོད་ནས་འཕྱུར་ཀ་སྣ་ཚོགས་གཏོང་ཡང་རུང་སྟེ་དེ་ལྟར་བྱེད་པའི་སྐྱེ་བོ་དེ་དག་གིས་སྨོད་པ་སོགས་ཀྱི་སྦྱོར་བ་གང་བྱས་དེ་ཐམས་ཅད་མཐར་ཐུག་བྱང་ཆུབ་ཆེན་པོ་འཐོབ་པའི་སྐལ་བ་དང་ལྡན་པའི་རྒྱུར་གྱུར་ཅིག་སྙམ་དུ་བློ་སྤྱོང་བ་ནི་སྦྱོར་བ་དོན་ཡོད་པར་སྨོན་པའོ། །"[༣]ཞེས་གསུངས་པ་ལྟར། ཁ་ཟེར་བྱེད་མཁན་དེ་དག་ལ་ཡང་བཟོད་བསྲན་གྱི་སྒོ་ནས་དེ་དག་གི་གང་ཟག་སྨིན་པར་འགྱུར་བར་སྨོན་ལམ་འདེབས་དགོས་པར་བསྟན།
གཉེན་པོ།
[རྩོམ་སྒྲིག]སེམས་གསོ་བའི་ཚུལ། ཁ་ཟེར་གྱི་གཉེན་པོར་དམ་བཅས་རྟན་པོ་བྱེད་དགོས། "དེ་ལྟར་ཇི་སྲིད་བདག་གིས་ཉོན་མོངས་པའི་དགྲ་འདི་མངོན་སུམ་དུ་ངེས་པར་མ་བཅོམ་པ་དེ་སྲིད་དུ་བདག་འདིར་བརྩོན་པ་མི་འདོར་བར་བྱ་སྟེ།"[༤] ཞེས་དམ་བཅའ་བརྟན་པོ་བྱེད་དགོས། ཞི་བ་དང་བཟོད་པ། "རྒྱལ་བ་སྲས་བཅས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སྤྱན་སྔར་མངོན་སུམ་དུ་ལུས་བ་སྤུ་གཡོ་མིག་མཆི་མ་འཁྲུགས་ལག་ཐལ་མོ་སྦྱར་ཏེ། ངག་སྨྲེ་སྔགས་བཅས་བཤགས་ཚིག །སེམས་འཆི་ཁ་དང་བར་དོ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་གནོང་འགྱོད་དྲག་པོའི་སེམས་ཀྱིས་ཡང་དང་ཡང་དུ་གུས་པས་ཕྱག་འཚལ་ཏེ་ཉེས་པ་དང་ལྟུང་བ་དེ་དག་ཐམས་ཅད་སོ་སོར་མི་གསང་མི་སྦེད་པར་མཐོལ་ཞིང་བཤགས་པར་བགྱི།"[༥] ཞེས་འགྱོད་པ་ཆེན་པོ་དང་བཅས་བཤགས་པ་བྱེད་དགོས།
བསྡུས་དོན།
[རྩོམ་སྒྲིག]ཁ་ཟེར་ཞེས་པ་ནི་ཁྲོ་ཞེ་སྡང་གི་དབང་གིས་ཁ་ནས་སྨོད་ཚིག་དང་སྐུར་པ་འདེབས་པ། ལྐོག་ཏུ་སྐྱོན་བརྗོད་ནས་འཕྱུར་ཀ་གཏོང་བ་སོགས་ལ་གོ། འདི་ནི་ཉེས་པ་ཆེན་པོ་ཞིག་ཡིན་ལ། ཁྱད་པར་དུ་སེམས་ལ་གནོད་པ་དྲག་པོ་བཟོ་བའི་ཕྱིར་དམྱལ་བའི་རྒྱུ་འགྱུར་བར་བཤད། དེའི་གཉེན་པོར་བཟོད་བསྲན་དང་ཞི་བ། དམ་བཅས་རྟན་པོ་བྱེད་པ། བཤགས་པ་སོགས་བྱེད་དགོས་པར་གསུངས་འདུག
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།