ཁ་ཏི་ཀ་
ཁ་ཏི་ཀ།
[རྩོམ་སྒྲིག]མཚོ་སྔོན་ལྷོ་རྒྱུད་དུ་ཡོད་པའི་དགེ་ལུགས་དགོན་རྙིང་ཞིག སྔོན་དུས་རྗེ་ཙོང་ཁ་པའི་དངོས་སློབ་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་ཀྱི་ཏི་ཤྲི་གནང་མཁན་གཉིས་ཡོད་པའི་ནང་གསེས་བྱང་བླ་མ་ཆོས་ཀྱི་རྒྱལ་པོས་ཙོང་ཆུའི་ལྷོ་རྒྱུད་དུ་ཆོས་སྡེ་ལྔ་བཏབ་པའི་ནང་ཚན་ཞིག་ཡིན། ངག་རྒྱུན་ཐོག་བཤད་སྲོལ་ལ། ཁ་ཏི་ཀའི་ཚོང་དཔོན་ནོར་བུ་བཟང་པོས་དབུས་སུ་སོང་ནས་རྗེ་ཙོང་ཁ་པ་དང་མཇལ། ཚོང་དཔོན་དེ་ཉིད་མདོ་སྨད་དུ་ལོག་ཁར་རྗེ་ཙོང་ཁ་པ་དགུང་ལོ་ཉེར་གཉིས་བཞེས་པ་རབ་བྱུང་དྲུག་པའི་ས་རྟ(༡༣༧༨)ལོར་མ་ཡུམ་བགྲེས་པོར་རང་ཡུལ་དུ་ཕེབས་འདོད་མེད་པའི་དགོས་པ་རྒྱུ་མཚན་དང་ཕྱག་བྲིས་དང་ཆབས་ཅིག་རང་ཉིད་ཀྱི་འདྲ་ཐང་ཞིག་དང༌། རྒྱལ་བ་སེང་གེའི་ང་རོའི་སྐུ་དཔར་བསྐུར་བ་གནང་ཞིང༌། ཚོང་དཔོན་གྱིས་འདྲ་ཐང་དེ་དང་ཁྱད་མེད་པ་ཞིག་བཞེངས་ནས་དེ་རྗེ་བླ་མའི་མ་ཡུམ་ལ་ཕུལ་བ་དེང་སང་སྐུ་འབུམ་བྱམས་པ་གླིང་དུ་ཡོད་པ་དེ་ཡིན་པ་དང༌། འདྲ་ཐང་ངོ་མ་དེ་ཚོང་དཔོན་རང་ཉིད་ཀྱི་སྐྱེ་ཡུལ་ཁ་ཏི་ཀར་དགོན་པ་ཞིག་ཡོད་པ་དེར་གདན་དྲངས་པ་སོགས་ཀྱི་བཤད་རྒྱུན་ཡོད་པ་ལྟར་ཐང་ཀ་གཉིས་ཀ་དེང་སང་མཇལ་རྒྱུ་ཡོད་སྐད་འདུག ཞིབ་པར་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་མཛད་པའི《ཁ་ཏི་ཀ་དགོན་པའི་རྟེན་གཙོ་རྗེའི་ཞལ་ཐང་གི་ལོ་རྒྱུས》ཞེས་པ་མཚོ་སྔོན་སྦྲང་ཆར་དུས་དེབ༡༩༨༥ལོའི་དེབ་ཨང་གཉིས་པའི་ནང་འཁོད་པ་དེར་གསལ་ཞིང༌། དགོན་པ་འདིའི་ལོ་རྒྱུས་རགས་བསྡུས《མདོ་སྨད་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༢༢༥ནས༢༢༦བར་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།