ཁ་ཆེ་སྤོས་ཤེལ་
ཁ་ཆེ་སྤོས་ཤེལ།
[རྩོམ་སྒྲིག]ཁ་ཆེའི་ཡུལ་ནས་ཐོན་པའི་སྤོས་ཤེལ་ཞིག་སྟེ། རིག་འཛིན་འཇིགས་མེད་གླིང་པས་མཛད་པའི《གཏམ་ཚོགས》ལྕགས་དཔར་མའི་ཤོག་གྲངས༡༠༩ལས། སྤོས་ཤེལ་ལ་ཡང་རང་བྱུང་བཅོས་བུ་གཉིས། །རང་བྱུང་ཐང་ཆུ་རྒྱ་མཆོར་ལྷུང་ནས་བྱུང༌། །ཁ་ཆེ་ཤིང་ཏོག་སྨིན་འདྲ་སེར་ལ་ལུམ། །ཞེས་གསུངས་པ་ཤིང་ཐང་མའི་ཆུ་སྟེ་ཐང་ཆུ་རྒྱ་མཚོའི་ནང་དུ་ལྷུང་ནས་ཡུན་རིང་སོང་རྗེས་རྡོའི་རིགས་སུ་གྱུར་པ་ནི་རང་བྱུང་གི་སྤོས་ཤེལ་ཡིན་པས་རབ་དང༌། ཁ་ཆེའི་ཡུལ་ནས་ཐོན་པའི་སྤོས་ཤེལ་ནི་སྨིན་ཟིན་པའི་ཤིང་ཏོག་གི་མདོག་དང་འདྲ་བར་སེར་ཁ་དྭངས་ལ་ལུམ་ཆགས་པ་ལྟ་བུ་ཞིག་ཡོད་པ་དང༌། དམར་ལ་སེར་ཤས་དང་པོ་དེ་ཙམ་མེད་པ་ནི་སྟོད་ཧོར་གྱི་ཡུལ་ནས་ཐོན་པ་དང༌། མདོག་སེར་སྐྱ་སྤྲིན་རིས་ཆགས་པ་ནི་སོག་པོའི་ཡུལ་ནས་ཐོན་པ་ཡིན་པར་གསུངས། སྤོས་ཤེལ་བཅོས་མ་ནི། ཐང་ཆུ་དང༌། ཁ་ཆེ་གུར་གུམ། ག་བུར་གསུམ་བསྲེས་ནས་བཟོས་པ་ཡིན་ཞིང་འགའ་ཞིག་གི་ནང་སྦྲང་མ་སོགས་ཚུད་པའམ་ཚུད་པའི་ཤུལ་ཡོད་པ་དང༌། སྦུར་མའི་རིགས་དང་ཐག་ཉེ་ཙམ་བྱས་ན་སྦུར་མ་ཚུར་འཐེན་པའི་ཤུགས་ཡོད་པ་ཞིག་ཡིན་པར་གསུངས། གཞན་ཡང་དིས་དམར་དགེ་བཤེས་བསྟན་འཛིན་ཕུན་ཆོགས་ཀྱིས་མཛད་པའི《ཤེལ་གོང་ཤེལ་ཕྲེང》ལྕགས་དཔར་མའི་ཤོག་གྲངས༩༨ནས༩༩བར་སྤོས་ཤེལ་བཅོས་མ་ཆགས་ཚུལ་དང་བཟོ་ཚུལ་གསུངས་པ་དེར་གཟིགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།