ཁ་གྱ་དཀོན་མཆོག་དར་རྒྱས་

ཡོང་ཁུངས་Wikipedia
Jump to navigation Jump to search

ཁ་གྱ་དཀོན་མཆོག་དར་རྒྱས།[རྩོམ་སྒྲིག]

བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་མཚན་སྙན་ཆེ་བ་ཞིག་ཡིན། རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི(༡༧༤༢)ལོར་ཁ་གྱའི་དཔོན་རྒྱུད་དུ་སྐུ་འཁྲུངས་ཤིང༌། གཡུ་དགེ་བཤེས་ཀྱི་སྐྱེ་སྲིད་ཡིན་ཞེས་གྲགས། ཐོག་མར་ཁ་གྱ་དགོན་དུ་ཆོས་ཞུགས་མཛད་ཀྱང་ཡུན་རིང་མ་བཞུགས་པར་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་དེར་གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཕྱིན་པ་གནང་སྟེ་དགེ་བཤེས་རྒན་གཞོན་ཚང་མས་ཁ་གྱ་དར་རྒྱས་ཞེས་བཀའ་འདྲི་ཞུ་ཡུལ་དང་དོགས་གཅོད་ཞུ་ཡུལ་དུ་ཚད་མར་འཛིན་ཅིང༌། དགུང་ལོ་ཞེ་གསུམ་པ་ཤིང་འབྲུག་ལོར་འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོས་རྡོ་རམས་པའི་མིང་བཏགས་ཀྱང་གྲྭ་ཐོག་གཅིག་པ་གཞན་ལས་སྔ་བར་གནང་སྟེ་དགེ་བཤེས་དམ་བཅའ་མིག་དཔེར་འོས་པ་འཇོག་གནང་མཛད། སྐྱབས་མཆོག་འཇིགས་མེད་དབང་པོ་དབུས་གཙང་དུ་བྱོན་པའི་ཞབས་ཕྱིར་འཁྲིད་པ་གནང་བ་བཞིན་ཕེབས་ནས་ཀློང་རྡོལ་བླ་མ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་གསན་ཏེ་ལོ་གསུམ་ལ་ཉེ་བར་བཞུགས། རབ་བྱུང་བཅུ་གསུམ་པའི་མེ་རྟ(༡༧༨༦)ལོར་མདོ་སྨད་དུ་ཕེབས་རྗེས་རྒྱུད་སྨད་གྲྭ་ཚང་དུ་ལོ་གསུམ་གྱི་རིང་ཆོས་གྲྭ་འགྲིམས་ནས་སྔགས་རམས་པའི་དགེ་བཤེས་དམ་བཅའ་ཡང་འཇོག་པ་གནང༌། དོན་གཉེར་ཅན་གྱི་སློབ་མ་མང་པོར་འདོད་མོསདང་འཚམས་པའི་དཔེ་ཁྲིད་དང༌། སྐབས་མཚམས་ནམ་ཡོད་དུ་སྐུ་མཚམས་བཅད་རྒྱའི་ངང་དུ་བཞུགས། དགུང་ལོ་ང་བདུན་པ་ས་རྟ(༡༧༩༨)ལོར་དུས་འཁོར་གྲྭ་ཚང་གི་མཁན་པོའི་ཁྲིར་ཕེབས་ནས་ལོ་ཤས་བར་འཛིན་སྐྱོང་གནང་ཞིང༌། དགུང་གྲངས་ཇི་ཙམ་བཞུགས་པའི་རྣམ་ཐར་ལོ་རྒྱུས་ད་ཕན་མ་མཐོང་ལགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།