ཀློང་རྡོལ་ངག་དབང་བློ་བཟང་
ཀློང་རྡོལ་ངག་དབང་བློ་བཟང་ ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ 1719 ལོར་ཆབ་མདོའི་ཡུལ་གྱི་བྱེ་བྲག་དབེན་ཕུ་ཞེས་པའི་ས་ཆ་ལ་ཡབ་དབང་འབུམ་དང་ཡུམ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ 1795 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཉིས་པར་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་པའི་བར་ལ་ཡབ་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་སྦྱངས། སྐབས་དེར་ཆབ་མདོར་ལོ་ཉེས་བྱུང་བས་སྡོད་ཐབས་བྲལ་ཏེ་ཚ་བ་རོང་སོགས་སུ་ཡབ་ཡུམ་དང་ལྷན་དུ་ལོ་གསུམ་ཙམ་ལ་སྤྲང་ལྡོམ་དུ་ཕེབས་པས་དཔེ་ཆར་གཟིགས་པར་བར་ཆད་བྱུང་། དགུང་ལོ་ཉི་ཤུ་ཐམ་པར་ཁམས་ལི་ཐང་དགོན་དུ་ཕེབས་ནས་ནང་དོན་རིག་པ་དང་ཚད་མ་བཅས་ལོ་གསུམ་དུ་སྦྱངས། དགུང་ལོ་ཉེར་བཞི་པར་དབུས་ལྷ་གདན་དུ་ཕེབས་ཏེ་སེ་ར་དགོན་པའི་བྱེས་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་བ་མཛད། རྒྱལ་བསྐལ་བཟང་རྒྱ་མཚོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་མཁས་གྲུབ་ཀྱི་བླ་མ་བཅུ་གསུམ་ལ་བསྟེན་ནས་མདོ་སྔགས་རིག་གནས་ཡོངས་ལ་མཁས་པའི་གྲགས་པ་ཐོབ། ཁོང་ལ་ཀློང་རྡོལ་ཞུ་བའི་རྒྱུ་མཚན་ནི་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའི་སྒྲུབ་ཕུག་སྙེ་ཐང་ཀློང་རྡོལ་དུ་ཡུན་རིང་བཞུགས་པས་དེ་སྐད་གྲགས་སམ་སྙམ། ཁོང་ནི་དགེ་ལུགས་པའི་བླ་མ་ཡིན། ཁོང་གི་གསུང་རྩོམ་ནི་རིག་གནས་ཆེ་ཆུང་ཡོངས་ཀྱི་མིང་གི་རྣམ་གྲངས་སོགས་མངོན་བརྗོད་སྣ་ཚོགས་དང་། རྟེན་ཁྱད་འཕགས་འགའི་དཀར་ཆག རྣམ་ཐར། དགེ་ལུགས་ཀྱི་དགོན་སྡེ་བླ་སྤྲུལ་རྣམས་ཀྱི་མཚན་ཐོ། ཆབ་ཤོག སྙན་ཚིག་སོགས་བསྟན་བཅོས་དགུ་བཅུ་གོ་དྲུག་ཡོད་པ་དེ་པོ་ཏི་གསུམ་དུ་བསྡུས་ཏེ། ཀུན་བདེ་གླིང་ལྷུན་གྲུབ་སྡེ་ཆེན་དུ་ཤིང་པར་བརྐོས་ཡོད་པས་ད་ལྟ་བཞུགས་ཡོད་མེད་མ་འཚལ། བསྟན་བཅོས་ཆེ་ཆུང་སོ་གཉིས་ཙམ་ཡོད་པ་ཀུན་བདེ་གླིང་གི་པར་མ་ཆ་ཚང་དང་། པེ་ཅིན་གྱི་པར་མ་ཆ་གཅིག་བཅས་འདི་གའི་མི་རིགས་དཔེ་མཛོད་ཁང་དུ་བཞུགས་ཡོད། ཁོང་གི་སྐུ་ཚེ་ཧྲིལ་བོ་ལ་འཆད་མཉན་ཉམས་ལེན་གྱི་བྱ་གཞག་ཁོ་ནས་དུས་འདའ་བ་མཛད་པས་རྗེས་འཇུག་གི་སློབ་མ་མཁས་ཆེན་ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོ་ལྟ་བུ་མང་དུ་བྱུང་ངོ་།