ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་
གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ ཁོང་ནི་རབ་བྱུང་བདུན་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ 1441 ལོར་ས་སྐྱ་དྲུང་ཆེན་པའི་སྲས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ 1525 ལོར་སྐུ་གཤེགས་པ་ཡིན་ནམ་སྙམ། ད་དུང་དཔྱད་དགོས། དགུང་ལོ་གཉིས་པར་ཡུམ་དང་ལྷན་ཅིག་ཏུ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་ལས་སྐྱབས་འགྲོའི་སྡོམ་པ་དང་། གཙུག་ཏོར་རྣམ་རྒྱལ་གྱི་རྗེས་གནང་སོགས་ཞག་བདུན་གྱི་རིང་དུ་ཞུས། དགུང་ལོ་གསུམ་པར་བསོད་ནམས་རྒྱལ་མཚན་ལས་ཚེ་དབང་ཞུས། དགུང་ལོ་ལྔ་དྲུག་གི་དུས་སུ་རྙིང་མའི་དགེ་ལེགས་རྒྱལ་མཚན་ལས་ཚེ་དབང་དང་། གུ་རུ་བཀའ་བརྒྱད་ཀྱི་དབང་སོགས་ཞུས། དགུང་ལོ་དགུ་པར་ཡོན་ཏན་ཆོས་རྒྱལ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། དགུང་ལོ་བཅུ་གཉིས་པར་རྗེ་བཙུན་ཀུན་དགའ་དབང་ཕྱུག་ལས་དགེ་ཚུལ་གྱི་སྡོམ་པ་མནོས། ཆོས་རྗེ་ར་ཆེན་ལས་ཕར་ཕྱིན་དང་ཚད་མ་ལོ་དྲུག་སྦྱངས། དེ་ནས་ལོ་གཉིས་ཙམ་རིང་། ཆོས་རྗེ་ཡོན་ཏན་ཆོས་རྒྱལ་དང་ཚུལ་ཁྲིམས་རྒྱལ་མཚན་སོགས་ལས་དབུ་མ་དང་། སྡོམ་གསུམ་རབ་དབྱེ། རྡོ་རྗེའི་གུར་དང་། གསང་འདུས་སོགས་མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་གསན་སྦྱོང་མཐར་ཕྱིན་མཛད། དགུང་ལོ་ཉི་ཤུ་ཐམ་པར་རྗེ་བཙུན་ཀུན་དགའ་དབང་ཕྱུག་ལས་དགེ་སློང་གི་སྡོམ་པ་མནོས། དེ་ནས་ས་སྐྱའི་གདན་ས་འཛིན་མཁན་སྡེ་པ་འཇམ་དབྱངས་པ་དང་མ་འཆམ་ནས་གཙང་ཨེ་ཝཾ་ཆོས་ལྡན་དགོན་དུ་ཕེབས་ནས་ལོ་འགར་བཞུགས། སྡེ་པ་འཇམ་དབྱངས་པ་འདས་རྗེས། མིའི་དབང་པོ་ནམ་མཁའ་རྒྱལ་མཚན་གྱིས་བཀའ་ལུང་གནང་བ་ལྟར་ས་སྐྱར་ཕེབས་ནས་འཆད་ཉན་ཉམས་ལེན་བྱ་བ་མཛད། སྐབས་དེར་ས་ངོར་བར་དང་། གསེར་མདོག་ཅན་དང་། སྡེ་པ་གཞིས་ཀའི་བར་འཁྲུགས་རྩོད་ཚབས་ཆེན་བྱུང་བས་འཇིགས་པ་ཆེན་པོས་མནར། དེ་ནས་ཡུན་མི་རིང་བར་ས་གཡོས་ཏེ་དགེ་འདུན་གྱི་སྡེ་དང་གཙུག་ལག་ཁང་ཕལ་མོ་ཆེའང་ཞིག་རྟེན་ཁྱད་འཕགས་རྣམས་ཀྱང་ཉམས་པར་གྱུར། ཡུལ་ཐམས་ཅད་འབྲོག་དགོན་སྟོང་པ་ཞིག་ཏུ་གྱུར། དེ་ནས་ལོ་གསུམ་རིང་དུ་གདུང་བརྒྱུད་རིན་པོ་ཆེ་ལ་དབང་ལུང་མན་ངག་གི་རྒྱུན་ཐམས་ཅད་ཕུལ། དེ་ནས་ལོ་གཉིས་རིང་ཟུར་བཞུགས་མཛད་ནས་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། །ཁོང་གི་གསུང་རྩོམ་ནི་བསྟོད་ཚོགས་དང་། རྣམ་ཐར་སྣ་ཚོགས། དྲིས་ལན་སོགས་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་ང་བརྒྱད་ཡོད་པ་པོ་ཏི་དྲུག་ཏུ་བསྡུས་ནས་བཞུགས་སོ།